ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་རྣམ་བཤད་སྲས་བཅས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ།

ཨོཾ་སྭསྟི། སྲིད་པའི་སྒྱུ་འཕྲུལ་དོང་ནས་སྤྲུག་སྟེ་འདབ་དྲུག་ཁ་བའི་ཕ་ཁྱིམ་ནས། །རིག་པའི་ལྷ་མོའི་འཛུམ་མདངས་ངོམ་བཞིན་ཕས་རྒོལ་བརླག་པའི་མཆེ་ལྡེར་བགྲད། །ཆོས་བརྒྱད་གཏེ་བོའི་གར་སྟབས་མྱུར་ཡང་མི་འཇིགས་རྡོ་རྗེའི་གཡུ་རལ་འཆང་། །མཛེས་པའི་ལུས་བཟང་ཁུར་གྱིས་བརྗིད་པའི་སྟོན༷་པ༷་སྨྲ་བའི་སེང་ཆེན་རྒྱལ། །ལུང་རྟོགས་བསྟན་པའི་ཞིང་ས་ཆེན་པོ་རུ། ། ཐོས་བསམ་སྒོམ་པའི་ས་བོན་བཏབ་གྱུར་ན། ། རྣམ་མཁྱེན་རྒྱལ་བའི་འབྲས་བཟང་བསྐྲུན་པ་པོ། ། ཟུང་འཇུག་དམ༷་པའི༷་ཆོ༷ས་ལ་དད་ཕྱག་བརྩེགས། །བསླབ་ཁྲིམས་གཙང་མའི་རྩ་བ་བརྟན་ཅིང་ངུར་སྨྲིག་གར་གྱི་རྣམ་པར་རོལ། ། བརྩོན་པའི་གྲུ་ཆར་བར་མེད་འཇོ་བས་རྣམ་དཔྱོད་རིག་པའི་འདབ་སྟོང་བཞད། ། སྒྲུབ་པའི་བ་དན་གྱེན་དུ་བསྒྲེང་བས་འགོག་ལམ་ཡོན་ཏན་མངོན་དུ་གྱུར། ། ཐ་གྲུ་ཀུན་ལ་རྒྱལ་བསྟན་སྐྱོང་མཛད་འཕ༷གས་པའི༷་ཚོ༷གས་ཀྱིས་ཤིས་པར་སྩོལ། །མི་འཇིགས་རྣམ་དཔྱོད་ཡངས་པའི་ཐང་ཆེན་ནས། ། ལུང་རྟོགས་ཟེ་འབྲུའི་བཅུད་ལ་བརྩེ་དགའ་རོལ། ། བླང་དོའི་རྔ་གསང་དཔལ་དུ་འབྱེད་པ་པོ། ། གཤེས་གཉེན་དཔལ་ལྡན་བླ་མས་བྱིན་གྱིས་རློབས། །རྣམ་དཔྱོད་གོམ་སྟབས་ཡངས་པའི་གར་སྟེགས་ནས། ། ཕུན་ཚོགས་གསར་པའི་མཛེས་སྡུག་དེང་འདིར་ངོམ། ། བློ་གསར་གཞོན་ནུའི་ཚོགས་ཀྱིས་འདི་བསུས་དང་། ། ཤེས་རབ་གསར་བའི་དགའ་སྟོན་རོལ་བར་ངེས། །ཞེས་དྲི་མེད་དུང་ལྟར་དཀར་བའི་ཤིས་ཚིག་མེ་ཏོག་དཀར་པོ་ཆར་དུ་བསྙིལ་བས་སྲིད་ཞི་ཀུན་ཏུ་དགེ་ལེགས་ཀྱི་འོད་སྣང་ཆེ་ཆེར་འབར་བའི་སྒོ་འཕར་ཡངས་པོ་ཕྱེས་ཏེ། གང་བཤད་པར་བྱ་བའི་ཆོས་ནི།སྲིད་ཞི་གཉིས་ཀྱི་ཕ་རོལ་ཏུ་སོན་ཞིང་ཡོན་ཏན་ནོར་བུའི་མཛོད་ལ་མངའ་དབང་བསྒྱུར་བའི་སྟོན་པ་ཤཀྱཱ་ཐུབ་པ་མཆོག་གིས་མདོ་ལས།གང་ལ་ཟས་དང་ནོར་གྱི་གཏམ་དག་གིས། །ཡོངས་སུ་དགའ་བ་བསྐྱེད་པ་མ་ཡིན་ནོ། །མི་ཡི་བརྙེད་པར་རབ་མཆོག་ཐོབ་ནས་ནི།ིགཅིག་ལ་གཅིག་གིས་ཆོས་ཀྱི་གཏམ་དག་བྱ། །ཞེས་གསུངས་པ་ལྟར།སྡོམ་གསུམ་འོ་མའི་མཚོ་ཆེན་ལ་ཅི་དགའ་རོལ་ཞིང་ལུང་རིག་པདྨའི་འདབ་སྟོང་མངོན་པར་བཀྲ་བའི་མཁས་གྲུབ་འདུས་པ་རྒྱ་མཚོའི་དྲུང་དེར། སྲིད་ཞི་གཉིས་ཀྱི་དགེ་ལེགས་མ་ལུས་པ་འབྱུང་བའི་སྐྱབས་གནས་ཀུན་འདུས་རྫོགས་པའི་སངས་རྒྱས། སྒྲིབ་གཉིས་མུན་སེལ་དམ་ཆོས་དཀོན་མཆོག །རིག་གྲོལ་བརྒྱད་ལྡན་འཕགས་ཚོགས་དགེ་འདུན་ཏེ། སྐྱབས་གནས་དཀོན་མཆོག་གསུམ་པོ་འདི་ཉིད་ལྷ་མི་སྐྱེ་འགྲོ་ཀུན་གྱི་མགོན་དང་སྐྱབས་དང་དཔུང་གཉེན་རུ་བཞུགས་པའི་སྐྱབས་འོག་ཏུ། དེང་འདིར་གདན་འཛོམས་པའི་ཚོགས་པ་ཆེན་པོར་གྱུར་པ་ནི་དུས་གསུམ་གྱི་རྒྱལ་བ་རྒྱ་མཚོའི་ཡོན་ཏན་དང་ཕྲིན་ལས་གཅིག་ཏུ་བསྡུས་པའི་རང་གཟུགས། སྟོན་པའི་རྒྱལ་ཚབ། བསྟན་པའི་བདག་པོ། འགྲོ་བའི་རྩ་ལག །བསྟན་འཛིན་འདུས་པའི་གཙུག་རྒྱན༧རཏྣ་བཛྲ་རིན་པོ་ཆེས་དབུ་མཛད། མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་ལ་མངའ་དབང་འབྱོར་བའི་དགེ་འདུན་འདུས་པའི་ཚོགས་ཀྱིས་གྲལ་གྱི་གོང་མནན། རྒྱལ་བསྟན་སྐྱོང་བའི་རྩ་ལག་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་གྲལ་གྱི་ཕྱི་ནང་གསང་གསུམ་གྱི་བར་ཆད་རྣམས་དམིགས་མེད་སྤྲོས་བྲལ་ཆེན་པོའི་དབྱིངས་སུ་དེངས། ཆོས་ལྡན་མང་ཚོགས་ཡོངས་ཀྱིས་གྲལ་གྱི་མཐའ་རྒྱན་པ་སྟེ། འདི་ལྟར་སྤྱི་ཚོགས་པ་ཐམས་ཅད་རྣམ་དཀར་དགེ་བའི་ལས་ཀྱིས་གཞི་བཟུང་། དག་པ་སྨོན་ལམ་གྱིས་མཚམས་སྦྱར། ཆོས་དང་དམ་ཚིག་གི་འབྲེལ་བ་ཟབ། དེ་ལྟ་བུའི་སྐབས་འདིར་འཇིག་རྟེན་མི་ཆོས་ཀྱི་ལོ་རྒྱུས། དམ་པ་ལྷ་ཆོས་ཀྱི་ལོ་རྒྱུས། དྲིན་ཆེ་བ་ལ་དཀའ་དྲིན་ཆེ་བའི་ལོ་རྒྱུས་སོགས་དང་། གཞན་ཡང་སྟེང་ན་ལྷ་ཡི་གདུང་རབས། འོག་ན་འབངས་ཀྱི་མི་རབས། སྟོང་སྡེ་སྲིད་པའི་ཆགས་ཚུལ། ཡུམ་ཆེན་མོའི་མདོ་དང་དབུ་མ་རིག་པའི་ཚོགས་ལ་བསྟེན་ནས་ཟབ་མོ་སྟོང་ཉིད་ཀྱི་རྣམ་གཞག །བྱམས་པའི་ཆོས་སྡེ་ཆེན་མོ་ལྔ་དང་དབུ་མའི་སྟོད་ཚོགས་རྣམས་ལ་བསྟེན་ནས་ཡུལ་ཅན་གསལ་བ་གཏན་ལ་འབེབ་ཚུལ། སྡེ་བདུན་མངོན་པའི་མདོ་ལ་བསྟེན་ནས་ཕུང་ཁམས་སྐྱེ་མཆེད་ཀྱི་རབ་དབྱེ། འདུལ་ལུང་སྡེ་བཞི་ལ་བསྟེན་ནས་ཕྲ་མོ་ལས་འབྲས་ཀྱི་རྣམ་དབྱེ། མདོ་སྡེ་སྐལ་བཟང་ལས་སངས་རྒྱས་སྟོང་རྩ་གཉིས་བྱོན་ཚུལ། རྒྱལ་ཆེར་རོལ་པ་ལས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་ཚུལ་སོགས་མང་དུ་མཆིས་ཀྱང་། ད་ལན་སྐབས་སུ་བབས་པའི་གཏམ། དུས་སུ་འབབ་པའི་ཆར། ཞེས་པ་ལྟར། འཆད་མཁས་པས་བཤད་སླ་ལ། ཉན་མཁས་པས་གོ་བདེ་བ། བརྗོད་བྱའི་གཙོ་བོ་ཕུན་སུམ་ཚོགས་པ་ལྔ་ཡི་སྒོ་ནས་སྙན་སྒྲོན་ཅུང་ཙམ་ཞུ་ན།དང་པོ་ཕུན་སུམ་ཚོགས་པ་གཞན་རྣམས་འབྱུང་བའི་གནས་ཕུན་སུམ་ཚོགས་པ་ནི། དོན་དམ་པའི་དབང་དུ་བྱས་ན་འཇིག་རྟེན་གྱི་ཁམས་ལ་ཚད་དང་བཀོད་པ་མེད་ཀྱང་། ཐ་སྙད་ཀྱི་དབང་དུ་བྱས་ན་ལུས་ཅན་རྣམས་ཀྱི་ཁམས་དབང་མོས་པ་སྣ་ཚོགས་པའི་དབང་གིས་མངོན་པ་གོང་འོག་དང་། དཔལ་དུས་ཀྱི་འཁོར་ལོ། བདེ་མཆོག་མཁའ་འགྲོའི་རྒྱུད་སོགས་མདོ་རྒྱུད་དུ་མ་ནས་ཚད་དང་བཀོད་པ་མི་མཐུན་པ་སྣ་ཚོགས་པ་ཞིག་གསུང་ཀྱང་། འདིར་དམ་ཆོས་མངོན་པ་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་པ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་གསུངས་པ་ལྟར། །གླིང་བཞི་ཉི་ཟླ་རི་རབ་འདོད་ལྷ་ཚངས་པའི་འཇིག་རྟེན་གྱི་ཁམས་བཅས་ལ་སྟོང་དང་པོ་སྤྱི་ཕུད་འཇིག་རྟེན་གྱི་ཁམས་དང་། དེ་འདྲའི་སྟོང་གི་གྲངས་ཚང་བ་ལ་བར་མའི་འཇིག་རྟེན་གྱི་ཁམས། ཡང་དེའི་སྟོང་གི་གྲངས་ཚང་བ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་ཆགས་འཇིག་གཅིག་ཆར་དུ་འབྱུང་བའི་ཁྱོན་འདིར་དཀྱིལ་འཁོར་གསུམ་སུམ་བརྩེགས་སུ་ཡོད་པའི་སྟེང་དུ་རིའི་རྒྱལ་པོ་རི་རབ་དེ་ལ་གླིང་བཞི། གླིང་ཕྲན་བརྒྱད་དང་བཅས་པ་ཡོད་ཀྱང་། གླིང་གཞན་ལས་ཁྱད་དུ་འཕགས་པའི་འཛམ་གླིང་ལས་ཀྱི་ས་པ་འདིར། རི་བོ་གངས་ཅན། བྲག་གསེར་གྱི་བྱ་སྐྱིབས། མཚོ་མ་དྲོས། ཡན་ལག་བརྒྱད་ལྡན་གྱི་ཆུ་བོ། ཤིང་སཱ་ལའི་རྒྱལ་པོ་ལ་སོགས་པ་སྣོད་བཅུད་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་མངའ་བའི་གྲོང་ཁྱེར་ཆེན་པོ་བྱེ་བ་དགུ་བཅུ་རྩ་དགུའི་བྱེ་བྲག་སྟེ། དེ་ཡང་ཇི་སྐད་དུ། གླིང་བཞིའི་མཆོག་གྱུར་ལྷོ་ཡི་འཛམ་བུ་གླིང་། །འཛམ་གླིང་ལྟེ་བར་རྒྱ་གར་རྡོ་རྗེ་གདན། ཞེས་གསུངས་པ་ལྟར། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སངས་རྒྱས་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་མཆོག་རྡོ་རྗེ་གདན་དང་ཅུང་ཉེར་བའི་སྣང་གསུམ་ཐམས་ཅད་ལ་དམ་པ་ཆོས་ཀྱི་འཁོར་ལོས་མངའ་དབང་བསྒྱུར་བའི་མཁས་གྲུབ་ཆེན་པོ་བར་མ་ཆད་པར་འབྱུང་བའི་རྟགས་དང་མཚན་མ་ལེགས་པའི་འོག་མིན་གྱི་ཞིང་ཁམས་དང་དབྱེར་མ་མཆིས་པའི་དགེ་བཅུའི་དཔལ་གྱིས་ཕྱུག་པའི་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་མོ་ཐུབ་བསྟན་རྒྱལ་གླིང་འདི་ཉིད་ནི་གནས་ཕུན་སུམ་ཚོགས་པ་ཡིན་ལགས་སོ།། 

གཉིས་པ་གནས་ཕུན་སུམ་ཚོགས་པ་དེ་ཉིད་དུ་བཞུགས་པའི་སྟོན་པ་ཕུན་སུམ་ཚོགས་པ་ནི། སྲིད་པ་གསུམ་ན་ཆོས་ཀྱི་སྒྲ་དབྱངས་ཆེ་ཆེར་བསྒྲོག་པའི་སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་ཁམས་སུ་བྱོན་པ་ནི་ངོ་མཚར་དང་གཟི་བརྗིད་ཆེ་བ་དང་པོ་ཡིན་ཏེ། ཇི་སྐད་དུ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོ་ཡིན། ཞེས་གསུངས་པ་ལྟར་རོ།  དེ་ཡང་འོ་སྐོལ་གྱི་སྟོན་པ་ཤཀྱཱའི་རྒྱལ་པོ་འདི་ཉིད། ངེས་དོན་གྱི་དབང་དུ་བྱས་ན་སྐལ་བ་དཔག་ཏུ་མེད་པའི་གོང་རོལ་ནས་མངོན་པར་རྫོགས་པ་སངས་རྒྱས་ཟིན་ཀྱང་ཏིང་ངེ་འཛིན་དང་མངོན་ཤེས་ཀྱི་སྟོབས་ཀྱིས་གདུལ་བྱའི་ཁམས་དབང་མོས་པ་དང་སོ་སོའི་སྐལ་བ་དང་འཚམས་པར་སྣ་ཚོགས་པ་བསྟན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱོད། སངས་རྒྱས་མང་པོ་སྟོན་པར་མཛད། ཞེས་གསུངས་པ་ལྟར་རོ། དེས་ན་སངས་རྒྱས་རྣམས་ཀྱི་མཛད་སྤྱོད་མཐའ་དང་གྲངས་ལས་འདས་ཀྱང་གདུལ་བྱ་ཐུན་མོང་གི་སྣང་ངོར་ཐོག་མ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་སྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་ཡུལ་མ་ག་དྷཱར་རྡོ་རྗེ་གདན་གྱི་སྤོར་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་གཞག །ཐོ་རངས་མངོན་པར་རྫོགས་པར་འཚང་རྒྱལ་བ་སོགས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པར་ཡིན་ཏེ། རྒྱལ་ཚབ་བྱམས་པ་མགོན་པོས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་བའི་གནས་ལ་མཁས་པ་དང་།བཙུན་མོ་འཁོར་བཅས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པ་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། ཞེས་གསུངས་པར་ལྟར་རོ། དེའི་རྗེས་སུ་བསྟན་པའི་གཏད་རབས་བདུན་དང་། འཛམ་གླིང་མཛེས་པ་བྱེད་པའི་རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་ཅུ་མཁས་པ་སྒོ་དྲུག །རྨད་བྱུང་གི་སློབ་དཔོན་གཉིས་སོགས་བྱོན་ནས་དགེ་མཚན་དང་གཟི་བརྗིད་མཐའ་ཡས་པས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། གཞན་ཡང་མར་མི་དག་གསུམ་དང་། རྗེ་ཡབ་སྲས་གསུམ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེ་ཆེན་དུ་མ་དང་། ཁྱད་པར་དུ་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ། ཡོངས་རྫོགས་བསྟན་པའི་མངའ་བདག་ངག་དབང་ལྷ་ཡི་རིགས། དྲིན་མེད་འཁོན་གྱི་གདུང་། འཇམ་དབྱངས་ས་སྐྱ་པ་ཞེས་ཡོངས་སུ་གྲགས་པའི་མཚན་མཆོག་སུམ་ལྡན་འདི་ཉིད་ནི། གསང་བ་སྤྱི་རྒྱུད་ལས། མ་འོངས་འཁོན་གདུང་ཡིན་ངེས་གང་ཟག་རྣམས། །ང་ཡི་ཉན་ཐོས་རྒྱན་དྲུག་མཆོག་གཉིས་དང་། །དྲིན་ཆེན་བརྒྱད་བཅུའི་སྤྲུལ་པ་མ་གཏོགས་པར། །སྐལ་བ་མེད་པ་གཞན་ལ་འབྱུང་རེ་ཀན། ཞེས་གསུངས་པར་ལྟར། མཁྱེན་པའི་ཤེས་རབ་བརྩེ་བའི་ཐུགས་རྗེ་སྒོམ་པའི་ཉམས་རྟོགས་བསམ་གྱིས་མི་ཁྱབ་པར་མངའ་ཞིང་ཡོན་ཏན་དང་ཕྲིན་ལས་འཛམ་གླིང་ཐ་གྲུ་ཀུན་ལ་འོད་ལམ་ལམ་དུ་འཚེར་བའི་རྗེ་བཙུན་གོང་མ་རྣམ་ལྔ་གཙོས་པའི་དཔལ་ས་སྐྱའི་གདུང་རབས་གསེར་གྱི་ཕྲེང་བ་རྣམས་དང་། གངས་ལྗོངས་མཛེས་པར་བྱེད་པའི་རྒྱན་དགུ་ཞེས་ཡོངས་སུ་གྲགས་པའི་སྐྱེས་མཆོག་གཡག་རོང་གཞོན་གསུམ། ངོར་རྫོང་ཚར་གསུམ། གོ་ཤམ་སྟག་གསུམ་སོགས་དམ་པའི་ཚུལ་དགུ་ཡིས་བརྒྱན་གྱིས་རྒྱན་པའི་ས་དགེ་ཀཿརྙིང་གི་མཁས་གྲུབ་ཐམས་ཅད་འཆད་ན་གཞུང་ལུགས་འབུམ་གྱི་མགྲིན་སྒོ་ཡངས། རྩོད་ན་དུག་གསུམ་གྱི་མགོ་བོ་གཏོར། རྩོམ་ན་གཞུང་ལུགས་ཀྱི་གནད་གསང་རྗེན་པར་སྟོན་པའི་སྐྱེས་ཆེན་དུ་མ་བྱོན་ཀྱང་། ད་ལན་སྐབས་སུ་བབས་པ་ནི། འཕགས་སྡུད་ལས། བདག་ཉིད་ཆེན་པོ་སེམས་ཅན་སྨིན་བྱ་དང་། ཞིང་སྦྱོང་ཕ་རོལ་ཕྱིན་རྫོགས་དོན་བྱེད་ཁོ་ན་ཟད། ཅེས་གསུངས་པར་ལྟར། སེམས་ཅན་དཔག་ཏུ་མེད་པའི་དོན་དུ་རྫོགས་སྨིན་སྦྱོང་གསུམ་དང་བསྡུ་དངོས་བཞི་ཡི་སྤྱོད་པ་མཐའ་ཡས་པར་མཛད་པའི་གྲུབ་པའི་དབང་ཕྱུག །རྗེ་བཙུན་བརྟན་པའི་འཁོར་ལོའི་ཟློས་གར།  འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་པར་རོལ་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་སྤྲུལ་པའི་སྐུ༧རཏྣ་བཛྲ་རིན་པོ་ཆེ་མཆོག་ནི། ཇི་སྐད་དུ། རྒྱལ་སྲས་བརྩོན་འགྲུས་མཆོག་ལ་བརྟེན་པ་དེ། །སེམས་ཅན་དོན་ཕྱིར་བརྩོན་ལ་ཞུགས་པ་ན། །ཕ་རོལ་སེམས་དགེ་གཅིག་གི་ཕྱིར་དུ་ནི། སྐལ་བ་བྱེ་བ་སྟོང་དུ་སྐྱོ་མི་འགྱུར། །ཞེས་གསུངས་པ་ལྟར། གངས་དཀར་ཤེལ་གྱི་ཕྲེང་བས་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་བསིལ་ལྡན་ཁ་བའི་ལྗོངས་འདིར་གདུལ་བྱ་མཆོག་དམན་ཕལ་པའི་རིགས་ལ། གཟུགས་སྐུའི་ཨཏྤལ་བཞད། ཐུགས་རྗེའི་དྲི་བཟང་འཕྲོ། འཕྲིན་ལས་ཀྱི་འཛུམ་ཁ་གྲོལ་བཞིན་མི་འཇིགས་སེང་ཆེན་བརྒྱད་ཀྱིས་སྟེགས་པའི་ཁྲི་འཕང་ན་གདུལ་བྱ་བུང་བའི་ཚོགས་ལ་དམ་པ་ཆོས་ཀྱི་སྦྲང་རྩི་སྟེར་བཞིན་བཞུགས་པ་ནི་སྟོན་པ་ཕུན་སུམ་ཚོགས་པ་ཡིན་ལགས་སོ།། གསུམ་པ་སྟོན་པ་ཕུན་སུམ་ཚོགས་པ་དེ་ཉིད་བྱོན་པའི་དུས་ཕུན་སུམ་ཚོགས་པ་ནི། སྤྱི་བསྐལ་པ་ལ་སྒྲོན་མེའི་བསྐལ་པ་དང་། མུན་པའི་བསྐལ་བ་གཉིས་ལས་དང་པོའི་སྐབས་ཁོ་ན་སངས་རྒྱས་འཇིག་རྟེན་དུ་བྱོན་གྱི། ཕྱི་མའི་སྐབས་མི་བྱོན་ཏེ་སངས་རྒྱས་འཇིག་རྟེན་དུ་མི་བྱོན་པའི་བསྐལ་བ་ལ་མུན་པའི་བསྐལ་བ་ཞེས་བརྗོད་པས་སོ། དང་པོ་ལ་ཡང་ཆགས་པའི་སྐལ་པ་དང། གནས་པའི་བསྐལ་བ། འཇིག་པའི་བསྐལ་བ་གསུམ་ལས། བར་པ་ཁོ་ན་སངས་རྒྱས་རྣམས་བྱོན་གྱི་ཐོག་མཐའ་གཉིས་ལ་མི་བྱོན། བར་པ་ལའང་ཚེ་ལོ་བརྒྱད་ཁྲི་ནས་བརྒྱ་པའི་བར་ཁོ་ན་བྱོན་གྱི་སྐབས་གཞན་ལ་མི་བྱོན་ཏེ། ཚེ་ལོ་ཡར་འཕེལ་གྱི་སྐབས་འགྲོ་བ་མིའི་རིགས་རྣམས་ཚེ་རིང་བ་དང་བདེ་སྐྱིད་ཀྱི་ཚོར་བ་ཤས་ཆེ་ཞིང་སྐྱོ་བའི་བསམ་པ་མི་འབྱུང་བས་ཆོས་བསྟན་པའི་ཡུལ་མིན་པས་མི་འབྱོན། མར་འགྲིབ་པའི་དུས་སུ་ཡང་མི་འབྱོན་པས་སངས་རྒྱས་བྱོན་པ་དང་བསྟན་པ་གནས་པའི་དུས་ནི་ཤིན་ཏུ་བཀོན་ཏེ། རྒྱུད་ལས། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི་ཨུ་དུམ་ཝ་རའི་མེ་ཏོག་ལྟར་ཤིན་ཏུ་དཀོན་པ་ཡིན་ཞིང་། སངས་རྒྱས་ལས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ནི་ཤིན་ཏུ་བཀོན། ཞེས་དང་། སྦྱོང་རྒྱུད་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ། གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། ཞེས་གསུངས་པ་ལྟར། བསྐལ་པ་ཕལ་ཆེར་མུན་པའི་བསྐལ་པ་ཡིན་པས་སངས་རྒྱས་རྣམས་འཇིག་རྟེན་དུ་བྱོན་པ་ཤིན་ཏུ་དཀོན་ནོ། ད་ལྟའི་བསྐལ་པ་འདི་ཆགས་པའི་ཚེ། རྒྱ་མཚོའི་ནང་ནས་གསེར་གྱི་པདྨ་སྟོང་ཤར་བའི་དགེ་མཚན་མཐོང་བའི་ཚེ་གནས་གཙང་འཕགས་པའི་ལྷ་རྣམས་ཀྱིས་བརྟག་པས་སངས་རྒྱས་སྟོང་བྱོན་པའི་ལྟས་སུ་ཤེས་ཏེ། ཨེ་མ་བསྐལ་པ་བཟང་པོའོ། ཞེས་ཆེད་དུ་བརྗོད་པས། བསྐལ་པ་བཟང་པོ་ཞེས་མཚན་གྱི་ཅོད་པན་འཆང་པའི་དུས་འདི་སངས་རྒྱས་སྟོང་བྱོན་པའི་དུས་ཡིན་ཀྱང་དུག་ལྔས་ཁ་ལོར་བསྒྱུར་བའི་སྙིགས་མའི་དུས་འདིར་འདས་པའི་སངས་རྒྱས་རྣམས་ཀྱིས་གདུལ་བར་མ་ནུས་པའི་དམུ་རྒོད་ཀྱི་སེམས་ཅན་རྣམས་རྗེས་སུ་བཟུང་བའི་ཆེད་དུ་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་པའི་སྟོན་མཆོག་ཐུབ་པའི་དབང་པོ་འགྲོ་བའི་དོན་ལ་བྱོན་པར་ཡིན་ཞིང་། དེའི་རྗེས་སུ་ཐུབ་དབང་མཆོག་གི་བསྟན་པ་ལ་ཟོལ་མེད་ལྷག་བསམ་གྱི་ལུས་རྒྱས། བྱམས་དང་བརྩེ་བའི་རལ་པ་མོད། བསླབ་གསུམ་ནོར་གྱིས་བརྗིད་ཆགས། འཁོར་ལོ་གསུམ་གྱི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་ཚུལ་བཞིན་དུ་སྐྱོང་བའི་བསྟན་འཛིན་སྐྱེས་བུ་དུ་མ་ཞིག་གིས་རྒྱ་གར་ཤར་ནུབ་ཀུན་དང་ཁྱད་པར་གངས་ཅན་བོད་ལ་ཉི་མ་ཤར་བ་ལྟར་བྱེད་པའི་དུས་འདིར་རྒྱུད་སྡེ་བཞི་དང་། སྡེ་སྣོད་གསུམ་གྱི་བསྟན་པ་དར་ཞིང་། ་ལྷག་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ནི་སྟོན་པ་འདིའི་དུས་ཁོ་ན་བྱོན་པས་དུས་འདིར་དུས་གཞན་ལས་ཁྱད་དུ་འཕགས་པའི་དུས་སོ།  བྱེ་བྲག་ཏུ་སྐབས་སུ་བབས་པའི་དུས་ནི། སྐལ་བཟང་རྣམ་འདྲེན་བཞི་པ་སྟོན་མཆོག་ཐུབ་པའི་དབང་པོ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་རྒྱལ་པོ་ཟས་གཙང་མའི་སྲས་སུ་གཟུགས་སྐུ་མཚན་དཔེའི་དཀྱིལ་འཁོར་བཞད་ནས་དགུང་ལོ་སོ་དྲུག་བཞེས་པའི་དུས་སུ་སྲིད་པའི་དགྲ་སྡེ་མཐའ་དག་བཅོམ་སྟེ་ཟད་མི་སྐྱེའི་ཡེ་ཤེས་མངོན་དུ་མཛད། དེ་ནས་དགུང་གྲངས་བརྒྱད་ཅུ་བཞེས་པ་ན་སྐུ་ཚེའི་འདུ་བྱེད་བཏང་སྟེ་ཞིང་ཁམས་གཞན་གྱི་གདུལ་བྱའི་དོན་དུ་ཕེབས་ནས་སྟོང་ལོ་དུ་མ་ལོན་ཟིན་པའི་དུས་ཡིན་ལ། འོ་ན་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ཙམ་གནས་པ་ཡིན་ཞེ་ན། ཟླ་བའི་སྙིང་པོའི་མདོ་ལས། ང་མྱ་ངན་ལས་འདས་ནས། དམ་པའི་ཆོས་གཟུགས་བརྙན་ལོ་ཉིས་སྟོང་དུ་གནས་པར་འགྱུར་རོ། ཞེས་དང་། སྙིང་རྗེ་པད་དཀར་ལས་ལོ་ཕྱེད་དང་ཉིས་སྟོང་། རྡོ་རྗེ་གཅོད་པའི་འགྲེལ་བ་ལས་ལོ་ཕྱེད་དང་སུམ་སྟོང་། ལུང་ཕྲན་ཚེགས་དང་། མདོ་སྡེ་བསྐལ་བཟང་། མཛོད་རང་འགྲེལ་རྣམས་ལས་ལོ་ཆིག་སྟོང་དང་། འབུམ་ཊཱིག་དང་། མདོ་སྡེ་འགའ་ཞིག་ལས་ལོ་ལྔ་སྟོང་དུ་གནས་པ་སོགས་མང་དུ་གསུངས་ཀྱང་། མཁས་པ་རྣམས་ལ་ཡོངས་སུ་གྲགས་པ་ལྟར་སྟོན་པ་འདས་རྗེས་ལོ་ཉིས་སྟོང་ལྔ་བརྒྱ་བསྟན་པ་གནས་ཤིང་། དེའང་ལོ་སྟོང་ཕྲག་ཕྱེ་ལྔ་ནི་ལུང་རྟོགས་ཀྱི་བསྟན་པ་རྣལ་མ་གནས་ལ། ་སྟོང་ལོ་ཕྱེད་ནི་རྟགས་ཙམ་འཛིན་པའི་བསྟན་པ་གནས་པའི་དུས་ཡིན་པས་ད་དུང་མི་ལོ་བརྒྱད་བརྒྱ་དང་ལྔ་བཅུ་རྩ་གཅིག་ལ་བསྟན་པ་གནས་པའི་དུས་བཟང་ལ་ཁེལ་ཡོད་ཅིང་། ཁྱད་པར་དུ་དུས་གསུམ་གྱི་སངས་རྒྱས་རྣམས་གཤེགས་བཞུགས་མཛད་པའི་གནས་མཆོག་རྒྱ་གར་རྡོ་རྗེ་གདན་ནས་བྱང་ཕྱོགས་སུ་དཔག་ཚད་བརྒྱར་བགྲོད་པའི་མཚམས་སུ། གངས་ལྗོངས་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་མོ་བཏབ་ནས་ལོ་འཁོར་བརྒྱ་ཕྲག་དགུ་དང་བཅུ་ཕྲག་གསུམ་ལྷག་སོན་པའི་དུས་དང་། ཆོས་གྲྭ་ཆེན་མོ་དེ་ཉིད་ནས་བརྩིས་པས་ས་ལེའུ་ཆིག་སྟོང་བརྒྱད་བརྒྱ་སུམ་བཅུའི་མཚམས་སུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། རིག་གསུམ་པདྨའི་ཟློས་གར། འཇམ་དབྱངས་མིའི་རང་གཟུགས། རིས་མེད་བསྟན་པའི་མངའ་བདག་འཇམ་དབྱངས་མཁྱེན་ཀོང་རྣམ་གསུམ་གྱིས་ཆགས་བཏབ་པའི་དཔལ་ལྡན་མཎྜལ་ཕུན་ཚོགས་དགའ་ཚལ་བཀྲ་ཤིས་ཆོས་གླིང་འདི་ཉིད་བསྐྱར་དུ་གསར་བཞེངས་ལེགས་པར་གྲུབ་ནས་ལོ་འཁོར་བརྒྱ་ཕྲག་གཅིག་དང་བཅུ་ཕྲག་གསུམ་ལྷག་སོན་ཅིང་གཟའ་སྐར་དང་འཕྲོད་སྦྱོར་ཤིན་ཏུ་ལེགས་པའི་ཉིན་མོར་དཔལ་ལྡན་བླ་མ་དམ་པ་མི་འཇིགས་སེངྒེའི་ཁྲི་ལ་ཞབས་ཟུང་མངོན་པ་འཁོད་དེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པའི་དུས་ནི་དུས་ཕུན་སུམ་ཚོགས་པ་ཡིན་ལགས་སོ།། བཞི་པ་སྟོན་པ་ཕུན་སུམ་ཚོགས་པ་དེ་ཉིད་ཀྱིས་གསུངས་པའི་ཆོས་ཕུན་སུམ་ཚོགས་པ་ནི། སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་དམ་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་དགེ་མཚན་དང་བཀྲ་ཤིས་པ་འབུམ་གྱིས་ཕྱུག་པའི་ངོ་མཚར་ཆེ་བ་གཉིས་པ་ཡིན་ཏེ། ཇི་སྐད་དུ། དེ་ཡི་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། ཞེས་གསུངས་པ་ལྟར་དམ་པའི་ཆོས་ནི་སྐྱེ་འགྲོ་མཐའ་དག་གི་རྒྱུད་ཀྱིི་སྡུག་ཀུན་རྒྱུ་འབྲས་དང་བཅས་པའི་གཉེན་པོར། འགྲོ་བ་ཀུན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བགྲོད་པའི་ཐེམ་སྐས་སུ་གྱུར་པ་ཡིན་ལ། དེ་ཉིད་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པའི་གཉེན་པོ་རུ་རྣམ་གྲངས་དུ་མ་ཞིག་གསུངས་པ་སྟེ། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོ་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། ཞེས་དང་།རྒྱུད་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་སྙོམས་འདུལ་བའི་གཉེན་པོ་རུ། །གསང་སྔགས་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། ཞེས་གསུངས་པ་ལྟར། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སོགས་ཆོས་ཀྱི་འཁོར་ལོ་ཇི་སྙེད་གསུངས་པ་རྣམས་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིར་འདུས་ཤིང་དེ་དག་ཀྱང་། སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། དེ་འཛིན་བྱེད་དང་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ནའོ། ཞེས་གསུངས་པ་ལྟར་ལུང་རྟོགས་ཀྱི་བསྟན་པ་གཉིས་སུ་ཡོད་ཅིང་། ཚེ་ལོ་ཡར་འཕེལ་གྱི་སྐབས་འགྲོ་བ་མིའི་རིགས་རྣམས་ཚེ་རིང་བ་དང་བདེ་སྐྱིད་ཀྱི་ཚོར་བ་ཤས་ཆེ་ཞིང་སྐྱོ་བའི་བསམ་པ་མི་འབྱུང་བས་ཆོས་བསྟན་པའི་ཡུལ་མིན་པས་མི་འབྱོན། མར་འགྲིབ་པའི་དུས་སུ་ཡང་མི་འབྱོན་པས་སངས་རྒྱས་བྱོན་པ་དང་བསྟན་པ་གནས་པའི་དུས་ནི་ཤིན་ཏུ་བཀོན་ཏེ། རྒྱུད་ལས། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི་ཨུ་དུམ་ཝ་རའི་མེ་ཏོག་ལྟར་ཤིན་ཏུ་དཀོན་པ་ཡིན་ཞིང་། སངས་རྒྱས་ལས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ནི་ཤིན་ཏུ་བཀོན། ཞེས་དང་། སྦྱོང་རྒྱུད་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ། གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། ཞེས་གསུངས་པ་ལྟར། བསྐལ་པ་ཕལ་ཆེར་མུན་པའི་བསྐལ་པ་ཡིན་པས་སངས་རྒྱས་རྣམས་འཇིག་རྟེན་དུ་བྱོན་པ་ཤིན་ཏུ་དཀོན་ནོ། ད་ལྟའི་བསྐལ་པ་འདི་ཆགས་པའི་ཚེ། རྒྱ་མཚོའི་ནང་ནས་གསེར་གྱི་པདྨ་སྟོང་ཤར་བའི་དགེ་མཚན་མཐོང་བའི་ཚེ་གནས་གཙང་འཕགས་པའི་ལྷ་རྣམས་ཀྱིས་བརྟག་པས་སངས་རྒྱས་སྟོང་བྱོན་པའི་ལྟས་སུ་ཤེས་ཏེ། ཨེ་མ་བསྐལ་པ་བཟང་པོའོ། ཞེས་ཆེད་དུ་བརྗོད་པས། བསྐལ་པ་བཟང་པོ་ཞེས་མཚན་གྱི་ཅོད་པན་འཆང་པའི་དུས་འདི་སངས་རྒྱས་སྟོང་བྱོན་པའི་དུས་ཡིན་ཀྱང་དུག་ལྔས་ཁ་ལོར་བསྒྱུར་བའི་སྙིགས་མའི་དུས་འདིར་འདས་པའི་སངས་རྒྱས་རྣམས་ཀྱིས་གདུལ་བར་མ་ནུས་པའི་དམུ་རྒོད་ཀྱི་སེམས་ཅན་རྣམས་རྗེས་སུ་བཟུང་བའི་ཆེད་དུ་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་པའི་སྟོན་མཆོག་ཐུབ་པའི་དབང་པོ་འགྲོ་བའི་དོན་ལ་བྱོན་པར་ཡིན་ཞིང་། དེའི་རྗེས་སུ་ཐུབ་དབང་མཆོག་གི་བསྟན་པ་ལ་ཟོལ་མེད་ལྷག་བསམ་གྱི་ལུས་རྒྱས། བྱམས་དང་བརྩེ་བའི་རལ་པ་མོད། བསླབ་གསུམ་ནོར་གྱིས་བརྗིད་ཆགས། འཁོར་ལོ་གསུམ་གྱི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་ཚུལ་བཞིན་དུ་སྐྱོང་བའི་བསྟན་འཛིན་སྐྱེས་བུ་དུ་མ་ཞིག་གིས་རྒྱ་གར་ཤར་ནུབ་ཀུན་དང་ཁྱད་པར་གངས་ཅན་བོད་ལ་ཉི་མ་ཤར་བ་ལྟར་བྱེད་པའི་དུས་འདིར་རྒྱུད་སྡེ་བཞི་དང་། སྡེ་སྣོད་གསུམ་གྱི་བསྟན་པ་དར་ཞིང་། ་ལྷག་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ནི་སྟོན་པ་འདིའི་དུས་ཁོ་ན་བྱོན་པས་དུས་འདིར་དུས་གཞན་ལས་ཁྱད་དུ་འཕགས་པའི་དུས་སོ།  བྱེ་བྲག་ཏུ་སྐབས་སུ་བབས་པའི་དུས་ནི། སྐལ་བཟང་རྣམ་འདྲེན་བཞི་པ་སྟོན་མཆོག་ཐུབ་པའི་དབང་པོ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་རྒྱལ་པོ་ཟས་གཙང་མའི་སྲས་སུ་གཟུགས་སྐུ་མཚན་དཔེའི་དཀྱིལ་འཁོར་བཞད་ནས་དགུང་ལོ་སོ་དྲུག་བཞེས་པའི་དུས་སུ་སྲིད་པའི་དགྲ་སྡེ་མཐའ་དག་བཅོམ་སྟེ་ཟད་མི་སྐྱེའི་ཡེ་ཤེས་མངོན་དུ་མཛད། དེ་ནས་དགུང་གྲངས་བརྒྱད་ཅུ་བཞེས་པ་ན་སྐུ་ཚེའི་འདུ་བྱེད་བཏང་སྟེ་ཞིང་ཁམས་གཞན་གྱི་གདུལ་བྱའི་དོན་དུ་ཕེབས་ནས་སྟོང་ལོ་དུ་མ་ལོན་ཟིན་པའི་དུས་ཡིན་ལ། འོ་ན་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ཙམ་གནས་པ་ཡིན་ཞེ་ན། ཟླ་བའི་སྙིང་པོའི་མདོ་ལས། ང་མྱ་ངན་ལས་འདས་ནས། དམ་པའི་ཆོས་གཟུགས་བརྙན་ལོ་ཉིས་སྟོང་དུ་གནས་པར་འགྱུར་རོ། ཞེས་དང་། སྙིང་རྗེ་པད་དཀར་ལས་ལོ་ཕྱེད་དང་ཉིས་སྟོང་། རྡོ་རྗེ་གཅོད་པའི་འགྲེལ་བ་ལས་ལོ་ཕྱེད་དང་སུམ་སྟོང་། ལུང་ཕྲན་ཚེགས་དང་། མདོ་སྡེ་བསྐལ་བཟང་། མཛོད་རང་འགྲེལ་རྣམས་ལས་ལོ་ཆིག་སྟོང་དང་། འབུམ་ཊཱིག་དང་། མདོ་སྡེ་འགའ་ཞིག་ལས་ལོ་ལྔ་སྟོང་དུ་གནས་པ་སོགས་མང་དུ་གསུངས་ཀྱང་། མཁས་པ་རྣམས་ལ་ཡོངས་སུ་གྲགས་པ་ལྟར་སྟོན་པ་འདས་རྗེས་ལོ་ཉིས་སྟོང་ལྔ་བརྒྱ་བསྟན་པ་གནས་ཤིང་། དེའང་ལོ་སྟོང་ཕྲག་ཕྱེ་ལྔ་ནི་ལུང་རྟོགས་ཀྱི་བསྟན་པ་རྣལ་མ་གནས་ལ། ་སྟོང་ལོ་ཕྱེད་ནི་རྟགས་ཙམ་འཛིན་པའི་བསྟན་པ་གནས་པའི་དུས་ཡིན་པས་ད་དུང་མི་ལོ་བརྒྱད་བརྒྱ་དང་ལྔ་བཅུ་རྩ་གཅིག་ལ་བསྟན་པ་གནས་པའི་དུས་བཟང་ལ་ཁེལ་ཡོད་ཅིང་། ཁྱད་པར་དུ་དུས་གསུམ་གྱི་སངས་རྒྱས་རྣམས་གཤེགས་བཞུགས་མཛད་པའི་གནས་མཆོག་རྒྱ་གར་རྡོ་རྗེ་གདན་ནས་བྱང་ཕྱོགས་སུ་དཔག་ཚད་བརྒྱར་བགྲོད་པའི་མཚམས་སུ། གངས་ལྗོངས་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་མོ་བཏབ་ནས་ལོ་འཁོར་བརྒྱ་ཕྲག་དགུ་དང་བཅུ་ཕྲག་གསུམ་ལྷག་སོན་པའི་དུས་དང་། ཆོས་གྲྭ་ཆེན་མོ་དེ་ཉིད་ནས་བརྩིས་པས་ས་ལེའུ་ཆིག་སྟོང་བརྒྱད་བརྒྱ་སུམ་བཅུའི་མཚམས་སུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། རིག་གསུམ་པདྨའི་ཟློས་གར། འཇམ་དབྱངས་མིའི་རང་གཟུགས། རིས་མེད་བསྟན་པའི་མངའ་བདག་འཇམ་དབྱངས་མཁྱེན་ཀོང་རྣམ་གསུམ་གྱིས་ཆགས་བཏབ་པའི་དཔལ་ལྡན་མཎྜལ་ཕུན་ཚོགས་དགའ་ཚལ་བཀྲ་ཤིས་ཆོས་གླིང་འདི་ཉིད་བསྐྱར་དུ་གསར་བཞེངས་ལེགས་པར་གྲུབ་ནས་ལོ་འཁོར་བརྒྱ་ཕྲག་གཅིག་དང་བཅུ་ཕྲག་གསུམ་ལྷག་སོན་ཅིང་གཟའ་སྐར་དང་འཕྲོད་སྦྱོར་ཤིན་ཏུ་ལེགས་པའི་ཉིན་མོར་དཔལ་ལྡན་བླ་མ་དམ་པ་མི་འཇིགས་སེངྒེའི་ཁྲི་ལ་ཞབས་ཟུང་མངོན་པ་འཁོད་དེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པའི་དུས་ནི་དུས་ཕུན་སུམ་ཚོགས་པ་ཡིན་ལགས་སོ།། བཞི་པ་སྟོན་པ་ཕུན་སུམ་ཚོགས་པ་དེ་ཉིད་ཀྱིས་གསུངས་པའི་ཆོས་ཕུན་སུམ་ཚོགས་པ་ནི། སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་དམ་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་དགེ་མཚན་དང་བཀྲ་ཤིས་པ་འབུམ་གྱིས་ཕྱུག་པའི་ངོ་མཚར་ཆེ་བ་གཉིས་པ་ཡིན་ཏེ། ཇི་སྐད་དུ། དེ་ཡི་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། ཞེས་གསུངས་པ་ལྟར་དམ་པའི་ཆོས་ནི་སྐྱེ་འགྲོ་མཐའ་དག་གི་རྒྱུད་ཀྱིི་སྡུག་ཀུན་རྒྱུ་འབྲས་དང་བཅས་པའི་གཉེན་པོར། འགྲོ་བ་ཀུན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བགྲོད་པའི་ཐེམ་སྐས་སུ་གྱུར་པ་ཡིན་ལ། དེ་ཉིད་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པའི་གཉེན་པོ་རུ་རྣམ་གྲངས་དུ་མ་ཞིག་གསུངས་པ་སྟེ། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོ་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། ཞེས་དང་།རྒྱུད་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་སྙོམས་འདུལ་བའི་གཉེན་པོ་རུ། །གསང་སྔགས་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། ཞེས་གསུངས་པ་ལྟར། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སོགས་ཆོས་ཀྱི་འཁོར་ལོ་ཇི་སྙེད་གསུངས་པ་རྣམས་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིར་འདུས་ཤིང་དེ་དག་ཀྱང་། སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། དེ་འཛིན་བྱེད་དང་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ནའོ། ཞེས་གསུངས་པ་ལྟར་ལུང་རྟོགས་ཀྱི་བསྟན་པ་གཉིས་སུ་ཡོད་ཅིང་། མཁས་པ་སྒོ་དྲུག་ལ་སོགས་པ་རྣམས་ཀྱིས་མཛད་པའི་འགྲེལ་བ་འགྲེལ་བཤད་ཡང་འགྲེལ་དང་བཅས་པ་རྣམས་དང་། གངས་རི་ཕྲེང་བས་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་ལྗོངས་འདིར་འབྱོན་པའི་ཆོས་རྒྱུད་ཆེན་པོ་བཞི་ཡི་ལྟ་གྲུབ་སོ་སོར་སྐྱོང་བའི་མཁས་གྲུབ་རྣམས་ཀྱི་ལེགས་རྩོམ་དང་། བྱེ་བྲག་ཏུ་རྒྱ་ཆེན་སྤྱོད་པའི་གཞུང་། ཟབ་མོ་ལྟ་བའི་གཞུང་། སྒོམ་པ་ཉམ་ལེན་གྱི་གཞུང་མཐའ་དག་དང་། གཞན་ཡང་ཚིག་ལ་འཁྲུལ་བ་ཚར་གཅོད་པ་སྒྲ་རིག་པ། དོན་ལ་འཁྲུལ་བ་ཚར་གཅོད་པ་ཚད་མ་རིག་པ། གཞན་རྗེས་སུ་འཛིན་པ་བཟོ་རིག་པ་དང་གསོ་བ་རིག་པ་གཉིས། མི་ཤེས་པ་ཀུན་ཤེས་པར་བྱེད་པ་ལ་ནང་རིག་པའི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་བཅུ་ཕྲག་རིག་པའི་གནས་བཅུ་དང་། ཁྱད་པར་དུ་སྐུ་རི་རྒྱལ་བཞིན་དུ་བརྟན་ཅིང་། ཐུགས་ཟག་མེད་ཏིང་ངེ་འཛིན་ལས་ནམ་ཡང་གཡོ་བར་མེད་པར་སྲིད་ཞི་གཉིས་ཀྱི་དགེ་ལེགས་མ་ལུས་པ་འབྱུང་བའི་མཆོག་སྤྲུལ་རྡོ་རྗེ་འཆང་ནས་ཀྱང་སྐྱེ་བོ་མཆོག་དམན་ཀུན་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པའི་གསུང་ནི་ཆོས་ཕུན་སུམ་ཚོགས་པ་ཡིན་ལགས་སོ།།  ལྔ་པ་མཐུན་རྐྱེན་འཁོར་ཕུན་སུམ་ཚོགས་པ་ནི། དེའང་སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་སྨྲ་བའི་རྒྱལ་པོ། སྨྲ་བའི་དབང་ཕྱུག །སྨྲ་བའི་ཁྱུ་མཆོག །སྨྲ་བའི་སེང་གེ་གང་ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་ལན་གསུམ་བསྐོར་བའི་བདག་རྐྱེན་ལ་བརྟེན་ནས། ས་ལམ་བགྲོད་པའི་ཟླ་གྲོགས་འཕགས་པའི་དགེ་འདུན་འབྱུང་བ་ནི་གཟི་བརྗིད་དང་ངོ་མཚར་ཆེ་བ་གསུམ་པ་ཡིན་ཏེ། ཇི་སྐད་དུ། དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། །ཞེས་པ་ལྟར། སྤྱི་ཆོས་སྐུ་དང་ངོ་བོ་ཉིད་སྐུ་ནི་སྤྲོས་པའི་མཚན་མ་མཐའ་དག་དང་བྲལ་ཞིང་ནམ་མཁའ་ལྟར་འཕོ་འགྱུར་དང་བྲལ་བས། སྟོན་འཁོར་གྱི་ཐ་སྙད་དང་སྤྲོས་པའི་དབྱེ་བར་མི་འབྱུང་སྟེ། རྩ་རྒྱུད་བརྟག་གཉིས་ལས། སྒོམ་པ་པོ་མེད་སྒོམ་པ་ཡང་མེད། ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། ཞེས་དང་། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགགས་པར་མེད། །སེམས་འགག་པས་དེ་སྐུ་ཡི་མངོན་སུམ་མཛད། ཞེས་ཆོས་ཀྱི་སྐུའམ་དོན་དམ་པར་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བར་གསུང་ལ། འོན་ཀྱང་ཐ་སྙད་དུ་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ། གཞན་ཡང་རྟེན་འབྲེལ་ཕུན་སུམ་ཚོགས་པར་འཛོམས་པ་ལ་བརྟེན་ནས་བར་སྣང་སྟོང་པ་ལས་གློག་འབྱུང་། གློག་ལས་འོད་འབྱུང་བ་བཞིན་ཆོས་སྐུའི་རང་རྩལ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཅིང་དེ་ཡི་ངོ་བོ་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་ཡིན་པས་དེ་ལ་འཁོར་ངེས་པར་བྱང་སེམས་འཕགས་པ་ཁོ་ནས་བསྐོར་བ་དང་། ལོངས་སྐུ་ལས་སྤྲུལ་པའི་སྐུ་རྣམས་སྣང་ཞིང་དེ་ཡི་མཚན་ཉིད། གདུལ་བྱ་གང་ལ་གང་འདུལ་གྱི་སྐུ་སྟོན་པའི་ལོངས་སྐུའི་སྤྲུལ་པ་ཡིན་ཞིང་དེ་ལ་ཐེག་པ་གསུམ་གྱི་རིགས་ཅན་གྱི་གདུལ་བྱ་བགྲང་ལས་འདས་པས་བསྐོར་བ་དང་། ཁྱད་པར་དུ་མཆོག་གི་སྤྲུལ་པའི་སྐུ་མཉམ་མེད་ཟས་གཙང་སྲས་ལྟ་བུ་ལ་མཚོན་ན། དགེ་སློང་ལྔ་སྟོང་དང་ཐབས་གཅིག་ཏུ་བཞུགས་པ་སྟེ། འདི་ལྟར་ཚེ་དང་ལྡན་པ་འོད་སྲུང་ལ་སོགས་པའི་དགེ་སློང་རྣམས་དང་། སྐྱེ་དགུའི་བདག་མོ་ལ་སོགས་པ་དགེ་སློང་མ་རྣམས་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པའི་དགེ་བསྙེན་གྱི་ཚོགས་དང་། ས་ག་མ་ལ་སོགས་པའི་དགེ་བསྙེན་མ་སྟེ་སྟོན་པའི་འཁོར་རྣམ་བཞི་དང་། གཞན་ཡང་བྱང་སེམས་ཆེན་པོའི་ཚོགས་རྣམས་དང་། བསྟན་ལ་མངོན་པར་དགའ་བའི་ལྷ་རྣམས་དང་། འབྱུང་པོ་མཐུ་སྟོབས་ཅན་དང་། ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལ་སོགས་པ་གདུལ་དཀའི་མི་མ་ཡིན་འཇིག་རྟེན་དྲེགས་པའི་ཚོགས་རྣམས་འཁོད་དེ་སྤྱི་བོས་ཞབས་རྡུལ་རེག །དད་པས་གོང་དུ་བཀུར། གསུང་གི་མཛོད་ལ་ལོངས་སུ་དཔྱད་པས་མངོན་པར་བསྟོད་པ་དང་།གཞན་ཡང་འཕགས་བོད་གཉིས་ན་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་སྟེ་དམ་པའི་ཚུལ་དགུ་ཡིས་ལེགས་པར་ཕྱུག་པའི་མཁས་གྲུབ་སྐར་ཚོགས་ལྟར་གྲངས་ལས་འདས་པ་བྱོན་ཅིང་དེ་དག་ལ་གདུལ་བྱ་བརྗོད་ཅིང་མི་ལངས་པ་ཡོད་ཀྱང་། ད་ལན་སྐབས་སུ་བབས་པའི་འཁོར་དགེ་འདུན་ནི། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། ཞེས་གསུངས་པ་ལྟར།  གཞི་ཚུལ་ཁྲིམས་རྣམ་དག་ལ་གནས་ནས་གཞུང་སྡེ་སྣོད་གསུམ་ལ་འཆད་ཉན། ལམ་བསླབ་པ་གསུམ་ལ་ཉམས་ལེན་མཛད་པའི་སྐྱེས་ཆེན་འབའ་ཞིག་སྟེ།  དེ་ཡང་གཞན་གནོད་གཞི་བཅས་སྤང་པའི་ཕྱི་སོར་ཐར་གྱི་ཚུལ་ཁྲིམས། ནང་བྱང་ཆུབ་སེམས་ཀྱི་སྡོམ་པ། རིག་འཛིན་སྔགས་ཀྱི་བསླབ་པ་སྟེ་བསླབ་པ་གསུམ་གྱིས་ལུས་རྒྱན།  མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་སྦྱོང་མཐའ་ཕྱིན་པས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡིས་ངག་རྒྱན།  དེ་དག་གི་བརྗོད་དོན་བཅུད་ཀྱི་ཡང་སྙིང་རྣམས་ཉིན་མཚན་བར་མེད་དུ་སྒོམ་པས་སྒྲུབ་པའི་བར་དན་བསྒྲེང་ཞིང་ཉམས་དང་རྟོགས་པས་ཐུགས་རྒྱུད་རྒྱན། རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་དཔལ་ས་ངོར་ཚར་གསུམ་གྱི་བསྟན་པ་ལ་ཕྱོགས་རིས་དང་ཆགས་ཞེན་ཙམ་མིན་པར་བཅོས་མིན་གྱི་དད་འདུན་དང་། ཟོལ་མེད་ཀྱི་ལྷག་བསམ་མངའ་ཞིང་། ཀཿརྙིང་དགེ་གསུམ་གྱི་བསྟན་པ་ལ་རང་ནུས་གང་ཡོད་ཀྱིས་ཞལ་འདེགས་གང་མང་འབུལ་བ་ལས་དེ་དག་གི་བསྟན་པ་དགྲ་རུ་བཟུང་སྟེ་བསྟན་པ་བཤིག་པའི་ལས་ལ་མི་བརྩོན་པས་ལུགས་གཉིས་དང་མཐུན་ཅིང་། གཞན་ཡང་རང་སྨིན་པར་བྱེད་པ་ལ་ཐོས་བསམ་སྒོམ་གསུམ། གཞན་སྨིན་པར་བྱེད་པ་ལ་འཆད་རྩོད་རྩོམ་གསུམ་དང་། གར་ཐིག་དབྱངས་གསུམ་སོགས་མདོར་ན་ཕྱག་ལེན་ཕྲ་མོ་ཚུན་ཆད་ལ་ཡང་ཐུགས་ཁུར་བཞེས་པའི་དགེ་འདུན་འདུས་པའི་ཚོགས་དང་། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔལ་རྟག་ཏུ་ནི། །ཁྱིམ་པ་འཁོར་ལོས་སྒྱུར་རྣམས་སུ། །གྱུར་ནས་སྐྱེ་བ་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་དོན་བྱེད་དོ། ཞེས་པར་ལྟར། བསམ་བཞིན་དུ་ཟློས་བཅས་མིའི་རྣམ་རོལ་བྱང་ཆུབ་སེམས་དཔའ་སྤྲུལ་པའི་ཚོགས་དང་། རང་སྡེ་བྱམས་ཀྱིས་སྐྱོང་། དགྲ་སྡེ་ཟིན་གྱིས་གནོན་པའི་མཆེད་ཞལ་རྣམས་དང་། དགོན་འདིའི་ཆབ་འབངས་སུ་གཏོགས་པའི་ཡུལ་མི་ལྷ་སྡེའི་རྒན་གཞོན་ཕོ་མོ་ཐམས་ཅད་ཀྱིས་དད་པའི་སྤུ་ལང་གཡོ། ལག་པས་ཐལ་མོ་འཛུམ། ཡིག་གེ་དྲུག་མའི་རང་སྒྲ་སྒྲོག་བཞིན་དཔལ་མགོན་བླ་མ་གང་གི་སྐུ་དྲུང་དུ་འཁོད་དེ་གཏན་གྱི་སྐྱབས་གནས་སུ་འཛིན་པ་རྣམས་ནི་འཁོར་ཕུན་སུམ་ཚོགས་པ་ཡིན་ལགས་སོ།།

དེ་ལྟ་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་རྣམ་བཤད་འདི་ཡང་བཤད་གཞི་རྒྱ་ཆེ་བས་འཆད་པ་པོས་འཆད་སླ་ཞིང་། ཚིག་གི་ལོ་མ་གྲངས་མང་བས་ཉན་པ་པོ་རྣམས་ཐོས་པའི་རྒྱ་བསྐྱེད། དོན་གྱི་འབྲས་བུ་གདེང་ཟབ་པས་འདུས་ཚོགས་རྣམས་ཀྱི་སྙིང་ལ་བབས་དེ་ལྟ་བུའི་འབེལ་གཏམ་འདི་འབུལ་བའི་དགོས་པ་ཡང་། དཔལ་ལྡན་བིྺར་པས། བླ་མ་དང་ནི་རྡོ་རྗེ་སེམས། །ཐ་དད་པར་ནི་མི་བྱ་སྟེ། །བླ་མ་སངས་རྒྱས་ཆོས་དང་ནི། །དེ་བཞིན་དགེ་འདུན་བླ་མ་སྟེ། །དངོས་གྲུབ་གོ་འཕང་མཆོག་འདོད་པས། །ཀུན་ནས་བླ་མ་མཉེས་པར་བྱ། ཞེས་དང་། བླ་མ་སངས་རྒྱ་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། ཞེས་བླ་མ་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གསུངས་ཤིང་། དེ་ཉིད་ལ་མཆོད་པས་ཚོགས་རྒྱ་ཆེར་རྫོགས་པ་ཡང་། གསང་འདུས་རིམ་ལྔ་ལས། མཆོད་པ་ཐམས་ཅད་ཡང་སྤངས་ཏེ། །བླ་མ་མཆོད་པ་ཡང་དག་བརྩམས། དེ་མཉེས་པས་ནི་ཀུན་མཁྱེན་གྱི། །གོ་འཕང་མཆོག་ནི་ཐོབ་པར་འགྱུར། ཞེས་དང་འཇམ་མགོན་ས་སྐྱ་པཎྜིཏས། ཁྱེད་ནི་གང་ལ་མཉེས་གྱུར་ན། །གལ་ཏེ་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་དེ་དོར་ནས། །ཁྱེད་ཀྱི་འཕྲིན་ལས་སྒྲུབ་པར་ཤོག ། ཞེས་གསུངས་པར་ལྟར་དཔལ་ལྡན་བླ་མ་དམ་པ་མཉེས་པའི་ཐབས་དང་བདག་སོགས་གདུལ་བྱ་རྣམས་སྒྲིབ་གཉིས་བྱང་། ཚོགས་གཉིས་རྫོགས་ཏེ་སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕོང་བདེ་བླག་ཏུ་ཐོབ་ཅིང་། ཡངས་པའི་ཐ་གྲུ་ཀུན་ལ་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ཡོན་རྟག་ཏུ་འཆར་བ་དང་། མཉམ་མེད་བུ་རམ་ཤིས་པའི་བསྟན་པ་སྤྱི་བྱེ་ཀུན་ཇི་སྲིད་ཉི་ཟླའི་བགྲོད་པ་མ་ནུབ་པ་དེ་སྲིད་དུ་རྒྱས་པའི་ཆེད་དུ་འབུལ་བའོ།། མཇུག་བསྡུ་བ་ནི། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད་སོགས་དང་། བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན་སོགས་བསྔོ་སྨོན་དང་ཤིས་ཚིག་གང་མང་གིས་མཐའ་བསྡུའོ།     །སླར་སྨྲས་པ། འབེལ་གཏམ་མཚར་སྡུག་རྫོགས་པའི་ལང་ཚོ་ལ། །སྙན་ཚིག་གསེར་གྱི་ཕྲེང་བ་རྒྱན་དུ་སྤུད། །འཇོ་སྒེག་ཉམས་ཀྱིས་གར་སྟབས་བསྒྱུར་བ་འདི། །རིག་གཞུང་གྲོགས་སུ་ཁུག་པའི་དན་རྟགས་ཡིན། །ངན་རྟོག་བཙན་པོའི་ཤེད་ཀྱིས་མ་བཟོས་ཤིང་། །ལེ་ལོའི་གོས་རུལ་གཏིང་དུ་མ་ཉལ་བ། །རྒྱ་ཆེན་གསུང་རབ་ཡངས་པའི་ཆུ་གཏེར་ལ། །ཚིག་ཚོགས་ངག་ལ་དབང་བས་ལོངས་སུ་སྤྱད། །ཚིག་ཉུང་དོན་ལ་སྨིན་པའི་ལྷུག་རྩོམ་འདི། །དགག་སྒྲུབ་སྤྲོས་པའི་རྣམ་དབྱེ་མ་བསྐྱེད་ཅིང་། ། ཕུན་ཚོགས་གཞན་གྱི་གོམ་འགྲོས་ལ་བསྟུན་ནས། །ཟུར་གསུམ་སེམས་དམར་ཚིམས་པའི་ཟས་སུ་འབུལ། །འདི་འབད་རྣམ་དཀར་ལེགས་ཚོགས་མཆོད་པའི་སྤྲིན། །རྒྱལ་བ་སྲས་བཅས་དྲུང་དུ་ཉེར་འབུལ་བས། །རྣམ་མཁྱེན་འདྲེན་པའི་གྲོགས་སུ་ཉེར་ཁུག་ནས། །དོན་གཉིས་མཆོག་གི་དགའ་སྟོན་རོལ་གྱུར་ཅིག །བཀྲ་ཤིས་མ༷ཎྜ༷ལ་དཀར་པོའི་རྩ་བ་བརྟན། །བཀྲ༷་ཤི༷ས་དར་གྱི་མཚོ་མོ་གཡས་སུ་འཁྱིལ། །བཀྲ་ཤིས་ཆོ༷ས་ཀྱི་འབེལ་གཏམ་དྲག་ཏུ་བསྐྱོམས། །བཀྲ་ཤིས་འབུམ་གྱིས་གླི༷ང་འདི་ཁྱབ་གྱུར་ཅིག །ཅེས་པ་འདི་ཡང་རྫོང་སར་སློབ་དཔོན་མཎྜལ་བློ་བཟང་རྒྱ་མཚོ་དེས་མེ་ཕོ་སྤྲེལ་ལོའི་དབྱུ་གུ་ཟླ་བའི་དམར་ཕྱོགས་བཟང་བ་གཉིས་པ་སྟེ་རྒྱལ་བ་ལྷ་ལས་བབས་པའི་ཉིན་མོར་མགོ་འཛུགས་ཏེ་རྫོང་སར་ཆོས་ཀྱི་གྲོང་ཁྱེའི་རིག་གསུམ་སྤྲུལ་པའི་ལྷ་ཁང་གི་ཉེར་འགྲམ་བྱང་གླིང་ནང་མའི་ཁང་བརྩེགས་གསུམ་པའི་ཐོགས་ནས་མགོ་ཟླ་བའི་དཀར་ཕྱོགས་རྒྱལ་བ་གཉིས་པའི་ཉིན་མོར་རྫོགས་པར་བགྱིས་པའོ།།  དགེའོ། དགེའོ། དགེའོ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*