དྲན་གདུང་གི་མིག

དྲན་གདུང་གི་མིག


༄༅། །དགུན་གསུམ་པའི་གྲང་ངར་ལ་སྙིང་རྗེ་ག་ལ་ཡོད། ཤིང་ལོ་སེར་པོ་རྣམས་ནི་གཡོ་བཞིན་སྡོང་རྒས་ལས་་་ས་ལ་ལྷུང་། འདི་ནི་གྲང་ངར་གྱི་དབང་དུ་གྱུར་བའི་དགུན་དུས་ལས་གཞན་ཅི། ངོ་མཚར་ཅན་གྱི་འཇིག་རྟེན་ནི་ཐམས་ཅད་ཡ་མཚན་གྱིས་ཁེངས། འདིར་ལྟར་ཁ་བ་ནི་ལྷབ་ལྷུབ་དུ་བབ་པའི་དགུན་ཁའི་ཞོགས་དྲོ་ཞིག་ལ་ཁོ་བོ་རང་ཡུལ་ལས་བྲལ་རྒྱུའི་གསང་གཏམ་ནན་པོ་དེ། ཁོ་བོའི་གྲོགས་ཤིག་དང་མཉམ་དུ་གསང་བའི་ཞིང་ཁམས་སུ་ཕྱིན་ཏེ་བཤད། ཁོང་གིས་ཀྱང་མིག་ཟུང་གཉིས་ལས་མཆི་མ་འཁོར་བཞིན་མཛའ་བརྩེ་ཡི་ཡིད་གཏམ་འགའ་བཤད་དོ། འདི་ལྟར། ལས་དབང་ནི་ལས་དབང་ཡིན། སུ་ཞིག་གིས་ཀྱང་སྒྱུར་མི་ཐུབ་ལ། ཁ་ཕྱོགས་ནི་དེ་བས་ཀྱང་གར་སྐོར་ཐུབ། མཐོང་རྒྱུ་མེད་པའི་སེམས་སྟིང་གི་ན་ཚ་འདི་ནི་མེ་ལྕེ་རབ་ཏུ་འབར་རོ། གང་ལྟར། ཅི་བྱ། ཁོ་བོ་ལས་དབང་གི་བརྙས་གཅོད་འོག་མཚན་མོའི་ཆུ་ཚོད་བཅུ་གཉིས་ཙམ་ལ་རླངས་འཁོར་དུ་འཛུལ། གློག་འོད་འོག་ཐལ་རྡུལ་གཡོ་ཙམ་བྱེད་པ་ལས་མི་འགོར་བ་ཙམ་ལ་གཏི་མུག་དབང་གིས་གཉིད་ཀྱི་ཞིང་ཁམས་སུ་བཀྲ་ཤིས་ཀྱི་ཀ་བཏགས་འཁྱེར་ནས་རང་གི་གྲོགས་ལས་རྒྱང་རིང་ནང་རྒྱང་རིང་དུ་བསྐྱོད་དོ། རེ་བའི་ཕུགས་བསམ་ནི་ཤིང་གྲུ་ཆུང་ཆུང་ལ་བཞོན་ནས་ཟླ་བའི་གྲོང་ཁྱེར་ལ་འགྲོ་རྒྱུ་ལས་གཞན་ཅི། གངས་དཀར་ཤེལ་གྱི་གངས་རི་གྲང་ངར། ནགས་ཁྲོད་ཀྱི་གཅན་གཟན་གྱི་འཇིགས་སྣང་། བར་ཐག་འདི་དག་གི་ཁྲོད་དུ། ལུས་ཁམས་ཡོངས་སུ་ཆར་ཆུས་བརླན། སྤྲིན་ནག་གི་ཁྲོད་དུ། གློག་དམར་འཁྱུགའབྲུག་སྒྲས་ས་གཞི་ཡོངས་སུ་དབང་དུ་བསྒྱུར། འདི་ནི་ཅི་འདྲའི་འཇིགས་སྣང་། འདར་སིག་སིག་གི་ཁྲོད་དུ། ཁོ་བོའི་མིག་གཟུང་གཉིས། མཆི་མས་ཁེངས་ནས་གསལ་ལ་མི་གསལ་གྱི་ཁོ་བོའི་ཨ་མའི་བཞིན་རས་མདུན་དུ་ལན་མང་འཆར། གང་ལྟར། སེམས་ཐག་ནི་བཅད་ཟིན། དེར་བརྟེན་གངས་དཀར་ཤེལ་གྱིས་སྒྲོན་པའི་ངོ་མཚར་ཅན་གྱི་རི་བོ་ཧི་མ་ལ་ཡ་ལས་བརྒལ། དམར་པོའི་སྐར་ལྔའི་དབང་གྱུར་ལས་ཐར་ཡང་། ལྷག་པ་ནི་ཅི། ཁོ་བོར་ཡོད་ཚད་ནི་རང་ཡུལ་ལ་བསྐྱུར། འདིར་ལྷིང་འཇགས་མེད་པའི་སྤྱི་ཚོགས་འདིར། ཉིན་འཁྱོལ་ཡང་མཚན་འཁྱོལ་དཀའ། ཟས་མིད་པར་འགྲོ་ཡང་བཅུད་ག་ལ་ཡོད། ལས་དབང་ལགས། ཁྱོད་ལ་སྙིང་རྗེ་ཡོད་དམ། འདི་ནི་ཅི་བྱས་པའི་འབྲས་བུ། ལས་དབང་གིས་ཁ་ལོ་བསྒྱུར་པའི་བུ་ཆུང་ངས་མཆོག་གསུམ་ལ་གསོལ་བ་འདེབས། ཡང་ཁ་ཤས་ཀྱིས་སྤྱི་ཚོགས་འདིར། རམ་འདེགས་ཞུ་བཞིན། ཁ་ནས་སྤྱི་དོན་གྱི་ཚིག་བཟང་འབྲུག་སྒྲ་ལྟ་བུར་བཤད་ཀྱང་རུང་། དོན་དངོས་སུ་སྒེར་དོན་ལ་གློག་འཁྱུད་འཁྱུད་བྱེད་པ་ནི་སྨྲ་ཅི་དགོས། ཁོ་བོའི་འདས་ཟིན་པའི་ཟླ་བ་རེ་རེ་ནས་སྐྱོ་གར་གྱི་མིག་ཆུ། དྲན་གདུང་གི་མཆི་མས་ནི་གཞན་ཡུལ་ལ་ཆགས་ག་ལ་འདོད། ངས་དྲིན་ཆེན་གྱི་ཨ་མ་དང་བརྩེ་བའི་གྲོགས་པོ་སོགས་ལ་མཇལ་འདོད་པའི་འདུན་པ་ནི་སུ་ཞིག་གིས་ཚད་ག་ལ་གཞལ་ཐུབ། དེའི་ཞོགས་པར་ཁ་བ་ལྷབ་ལྷུབ་ཀྱི་ཁྲོད་དུ་གྲོགས་ཀྱིས་གནང་བའི་དྲན་རྟེན་གྱི་དེབ་ཆུང་ལ་ལྟ་བཞིན་མིག་ཆུ་དང་། ཉམས་ཆུང་བྱིས་པའི་དུས་སུ་རྩེད་མོར་རོལ་བའི་སྣང་བ་ཤར་ནས་དགོད་ཀྱང་ཅུང་ཤོར་བཞིན་མི་བཟོད་པའི་སྨྱག་རྩེ་ནས་དུང་དཀར་ཤོག་ཐོག་ལ་སྙིང་གཟེར་བཤད་དོ།

                                                                                                            དཀོན་མཆོག་གིས།

  ༼ རྒྱལ་ཡོངས་ས་ཆེན་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང་། ༽

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*