གདོང་ཐོག་དགོན་པ།

གདོང་ཐོག་དགོན་པའི་ལོ་རྒྱུས།

 དང་པོ། དགོན་པའི་སྔོན་བྱུང་གི་ལོ་རྒྱུས་སྐབས།
དེ་ཡང་གདོང་ཐོག་དགོན་པའམ་གདོང་ཐོག་ཆོས་སྡེ་རིག་གྲོལ་ཕུན་ཚོགས་གླིང་བྱ་བ་འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། དཀར་མཛེས་རྫོང་མི་སྲིད་གཞུང་གི་ལྷོ་ཕྱོགས་སུ་རྒྱང་ཕྲག་གསུམ་ཙམ་གྱི་ཕ་རོལ་ཏུ་ཆགས་པའི་གྲུབ་མཐའ་ས་སྐྱ་བའི་དགོན་པ་ཞིག་ཡིན། དགོན་པ་འདི་ཉིད་ཐོག་མར་གདོང་ཐོག་དཔོན་པོའི་གདུང་རྒྱུད་ཅེས་པའི་བླ་རིགས་སུ་འཁྲུངས་པ་དཔོན་པོ་བསོད་ནམས་སེང་གེ་ཞེས་པས་སྤྱི་ལོ་༡༥༨༢ལ་བཏབ། གཙུག་ལག་ཁང་ཆེན་པོ་ཐོག་བརྩེགས་གསུམ་ཅན་ཞིག་ཡོད། གདུང་རྒྱུད་དེ་ལས་ཕེབས་པའི་བླ་མ་རིམ་བྱོན་གྱིས་དགོན་བདག་མཛད་ནས་ལུང་རྟོགས་ཀྱི་བསྟན་པ་ཡུན་རིང་བསྐྱངས། གྲྭ་གྲངས་ཉིས་བརྒྱ་མ་ཟིན་ཙམ་ཡོད། དེ་དུས་ཚར་ལུགས་ཡིན་ཀྱང་ཕྱིས་གདོང་ཐོག་སྤྲུལ་སྐུའི་སྐབས་བསྐང་གསོ་མ་གཏོགས་ཆོ་ག་ཕྱག་ལེན་ཚང་མ་ངོར་ལུགས་སུ་འགྱུར། གྲྭ་ས་ཡང་ཨེ་ཝྃ་ཆོས་ལྡན་དུ་ཕེབས།

དེ་ཡང་བར་སྐབས་ཤིག་ན་ཇོ་ནང་པའི་རིང་ལུགས་འཛིན་པ་འཛམ་ཐང་རྒྱལ་བ་སེང་གེ་དེ་ཉིད་དགོངས་པ་རྫོགས་ཏེ་ཡང་སྲིད་གདོང་ཐོག་དགོན་པར་བཞུགས་པ་ནས་བཟུང་གདོང་ཐོག་སྐུ་ཕྲེང་འགོ་ཚུགས། གདོང་ཐོག་ཅེས་པ་ནི་མཎྡལ་ཐང་དེ་རི་རྩ་ནས་མར་ཕྱ་ལེ་བ་ཡིན་པ་ལ། དགོན་གནས་དེ་ནས་ཅུང་དམའ་བར་བབས་ཏེ་སླར་ཐང་ཐེར་ཕྱ་ལེ་བ་ཡོད་པས་སྟེགས་བུ་ལྟར་གྲུབ་པའི་གདོང་སྣེར་དགོན་པ་ཆགས་པས། གནས་མིང་དགོན་པ་ལ་ཐོགས་སྟེ་གདོང་ཐོག་པ་ཞེས་གྲགས། ཡང་འགའ་ཞིག་གིས་འོག་གཞི་རྡོ་ཡིན་པས་རྡོ་ཐོག་ཟེར་ཚུལ་གླེང་ཡང་ཡོངས་གྲགས་སྔ་མ་ལྟར་རོ།།

གཉིས་པ། དགོན་པའི་སྐུ་གསུང་ཐུགས་རྟེན་དང་མཆོད་རྫས་སྐོར།
དེ་ཡང་གཙུག་ལག་ཁང་ཆེན་མོའི་ནང་དུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཀྱི་སྐུ་བཪྙན་ཐོག་ཚད་གཅིག་ལྷག་ཡོད་པ་དང་། གུར་གྱི་མགོན་པོ། མགོན་ཁང་དུ་ཡི་དམ་དཔལ་ཀྱེེ་རྡོ་རྗེ་དང་། འབྱུང་པོ་འདུལ་བྱེད། གུར་ལྷ་བརྒྱད་སོགས་དང་། རྒྱལ་པོ་པེ་ཧར། ཡུལ་བཙན་དགྲ་ལྷ། གནས་བདག་བཅས་ཀྱི་སྐུ་བཪྙན་བཞུགས་ཤིང་། སྔོན་གདོང་ཐོག་སྐུ་ཕྲེང་གསུམ་པ་ངག་དབང་ཀུན་དགའ་བཀྲ་ཤིས་ཀྱི་དུས་སུ་དཀར་མཛེས་ཕྱོགས་སུ་ས་གཡོའི་འཇིགས་པས་ཁང་ཁྱིམ་ཚང་མ་བསྒྱེལ་སྐབས། མགོན་ཁང་རྟེན་དང་བཅས་པ་དང་། གཙུག་ལག་ཁང་གི་མགོན་པོའི་སྐུ་རྣམས་ལ་གནོད་པ་མ་བྱུང་བ་དང་། ལྐོག་གྱུར་བརྟག་རིལ་བླང་དོར་འཁྲུལ་བྲལ་འོང་བ་སོགས་ཡེ་ཤེས་པ་དངོས་སུ་བཞུགས་པའི་བྱིན་རླབས་གཟི་མདངས་འབར་བ་ཡོད་པ་དང་། དཔོན་སློབ་འཇམ་དབྱངས་བློ་གཏེར་དབང་པོས་སྒྲུབ་ཆོག་མཛད་པའི་སྣང་བཪྙན་མདའ་ཚད་མ་སོགས་ཀྱིས་མཚོན་ལི་མ་དང་གསེར་ཟངས་ཀྱི་སྐུ་བཪྙན་ལྔ་བརྒྱ་ལྷག་བཞུགས།

བྲིས་ཐང་སྐོར་ལ། སྐྱེས་རབས་དཔག་བསམ་འཁྲི་ཤིང་དང་། སྐྱེས་རབས་སོ་གཉིས་པ། རྒྱན་དྲུག་མཆོག་གཉིས། གནས་བརྟན་བཅུ་དྲུག སྲུང་མའི་ཞལ་ཐང་སོགས་མང་དུ་བཞུགས། གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཆ་ཚང་གཉིས་དང་། ས་སྐྱའི་བཀའ་འབུམ། ཀུན་མཁྱེན་བཀའ་འབུམ། འདོན་ཆོག་སྐོར་བྲིས་མ་སོགས་གསུང་རབ་གླེགས་བམ་མང་པོ་བཞུགས། ཐུགས་རྟེན་དུ་སྡེ་དགེ་ཚང་གི་ནང་རྟེན་གྲས་གཙུག་ཏོར་རྣམ་པར་རྒྱལ་མའི་མཆོད་རྟེན་ལི་མ་མཐོ་ཚད་མའི་ནང་དུ་རྣམ་རྒྱལ་ལྷ་དགུའི་སྐུ་བཪྙན་ཆུང་ལ་མ་འདྲེས་པར་བཞུགས་པ་དེ་ནི། སྔོན་སྡེ་དགེ་ཆོས་རྒྱལ་ཞིག་གི་སྲས་མོ་དཀར་མཛེས་ཁང་གསར་དཔོན་ཚང་གི་སྲས་ཞིག་ལ་བཙུན་མོ་བྱིན་པར། དེ་ལ་རྟེན་སྐལ་དུ་ཐོབ་པ་ལ། ཕྱིས་སུ་སྲས་མ་བྱང་བར་ལུང་བརྟན་ཞུས་པར་རྣམ་རྒྱལ་མའི་སྒྲུབ་མཆོད་འཛུགས་དགོས་གསུངས་པར། གདོང་ཐོག་དགོན་དུ་རྣམ་རྒྱལ་མཆོད་རྟེན་དེ་ཉིད་མདུན་བསྐྱེད་ཀྱི་སྒྲུབ་རྟེན་དུ་ཕུལ་ནས་སྒྲུབ་མཆོད་ཀྱི་རྟེན་རྩ་སྦྱོར་འཇགས་མཛད་རྗེས། བཙུན་མོ་ལ་སྲས་བྱུང་བར་རྣམ་རྒྱལ་གྱི་ཚིག་གིས་བརྒྱན་པའི་མཚན་བཏགས་པ་བཅས་ཀྱི་ལོ་རྒྱུས་ཡོད། གཞན་ཡང་བཀའ་གདམས་མཆོད་རྟེན་མང་པོ་དང་། དགོན་མཐར་མཆོད་རྟེན་ཅུང་ཆེ་བ་བཞི་དང་། རིགས་གསུམ་མགོན་པོའི་མཆོད་རྟེན་ཚད་ལྡན་ཪྙིང་བ་བྱིན་ཅན་བཅས་ཡོད། མཆོད་ཆས་སྐོར་ལ། ངོར་ཨེ་ཝྃ་ཕན་ཁང་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གིས་སྐྱེས་སུ་བསྩལ་བའི་རོལ་མོ་སྦུབ་ཆས་བྱམས་པ་མཁྱེན་རབ་ཞེས་པའི་མཚོན་སིལ་རོལ་ཪྙིང་བ་རྒྱུ་བཟང་གྲངས་བརྒྱ་ལྷག་དང་། དུང་རྒྱ། རྔ་ཆེ་ཆུང་། འཕན་གདུགས། བླ་བྲེ། འཆམ་ཆས་སོགས་ཤིན་ཏུ་མང་པོ་ཡོད།

གདོང་ཐོག་བླ་བྲང་དུ་སྐུ་རྟེན་གཙོ་བོར་རྗེ་འཆང་གི་ལི་སྐུ་ཁྲུ་ཚད་མ། དཔལ་ཀྱེེ་རྡོ་རྗེའི་སྐུ་བཪྙན་ལི་མ་ཁྲུ་ཚད་མ་འཁོར་ལྷ་མོ་བརྒྱད་དང་བཅས་པ། ཇོ་བོ། སོ་སོར་འབྲང་མ། རིན་ཆེན་འབྱུང་ལྡན། གུ་རུ་སྣང་སྲིད་ཟིལ་གནོན་རྣམས་ཀྱི་སྐུ་མདའ་ཚད་མ། ས་སྐྱ་གོང་མ་རྣམ་ལྔའི་སྐུ་ཁྲུ་ཚད་མ་སོགས་ཀྱིས་མཚོན་པའི་ལི་མ་དང་གསེར་ཟངས་ཀྱི་སྐུ་བཪྙན་ཆེ་ཆུང་སུམ་བརྒྱ་ལྷག་ཙམ་བཞུགས། བྲིས་ཐང་སྐོར་ལ། གནས་བརྟན་བཅུ། གྲུབ་ཆེན་བིརྦ་པའི་རྣམ་ཐར། ས་སྐྱ་གོང་མ་རྣམ་ལྔ་སོགས་བླ་སྐུ་མང་པོ། གནས་བརྟན་བཅུ་དྲུག་གི་ཞལ་ཐང་ཆ་ཚང་གསུམ། གཞན་ཡང་རྩ་གསུམ་ཆོས་སྲུང་ནོར་ལྷའི་ཞལ་ཐང་སོགས་མང་དུ་བཞུགས། གསུང་རྟེན་སྐོར་ལ། བཀའ་འགྱུར་བསྟན་འགྱུར། གསུང་ངག་ལམ་འབྲས་ཚོགས་སློབ་ཀྱི་ཁྲིད་སྐོར། སྒྲུབ་ཐབས་ཀུན་བཏུས་ཆ་ཚང་གཉིས་དང་ཐོང་བུ་གཅིག རྒྱུད་སྡེ་ཀུན་བཏུས། ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་ཆ་ཚང་། མགོན་པོ་གུར་གྱི་བེའུ་བུམ། ཙ་ཏུ་རྒྱུ་ཁའེ་བེ་བུམ། མཁའ་སྤྱོད་མའེ་བེའུ་བུམ། བེ་ཀ་ཙེའི་བེའུ་བུམ། ཛམ་དམར་གྱི་བེ་རྗམ། ས་སྐྱ་བཀའ་འབུམ། ངོར་ཆེན་བཀའ་འབུམ། ཀུན་མཁྱེན་བཀའ་འབུམ། ཞུ་ཆེན་བཀའ་འབུམ། མཁྱེན་བརྩེའི་བཀའ་འབུམ། མི་ཕམ་གསུང་སྐོར་མང་པོ། སྡེ་གཞུང་ཀུན་དགའ་རྒྱལ་མཚན་གྱི་གསུང་སྐོར་ཆ་ཚང་། གདོང་སྤྲུལ་གཉིས་པ་བསོད་ནམས་ཆོས་འཕེལ་གྱི་གསུང་སྐོར་པོད་གཅིག གདོང་སྤྲུལ་བཞི་བ་འཇམ་དཔལ་རིག་པའི་རལ་གྲིའི་བཀའ་གཏེར་དག་སྣང་གསུམ་གྱི་ཆོས་སྐོར་དང་གསུང་རྩོམ་ཐོར་བུ་བཅས་པོད་གསུམ། གྲང་ཆེན་བཅོ་བརྒྱད་ཀྱི་རྩ་འགྲེལ། མཁན་པོ་གཞན་དགའི་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ། རྩིས་གཞུང་བེེ་དཀར། ཆུ་མིག་ཀླུ་མཚོ་དང་གཟའ་ལྔ་སོགས་ཀྱི་རེ་མིག་རྒྱས་པ། གསོ་རིག་རྒྱུད་བཞི་དང་། ཀོང་སྤྲུལ་ཟིན་ཏིག སྒྲ་མདོ་རྩ་འགྲེལ་སོགས་ཀྱིས་མཚོན་མདོ་སྔགས་རིག་གནས་དང་བཅས་པའི་དཔེ་ཆ་པར་མ་དང་བྲིས་མ་པོད་བརྒྱད་ལྷག་བཞུགས། ཐུགས་རྟེན་དུ་གདོང་སྤྲུལ་བསོད་ནམས་ཆོས་འཕེལ་གྱི་གདུང་རྟེན་སོགས་ཀྱིས་གཙོས་མཆོད་རྟེན་ཆེ་ཆུང་མང་དུ་བཞུགས།

བླ་བྲང་གི་པར་ཁང་དུ་གོང་མ་རྣམ་ལྔ། སློབ་དཔོན། ཐང་རྒྱལ། འོད་ཟེར་ཅན་མ་སོགས་ཀྱི་པར་དང་། དཀོན་ལྷུན་ལམ་འབྲས་སྣང་རྒྱུད། འཇིགས་བྱེད། ཀུན་རིག རྡོར་གཅོད། གདུགས་དཀར། རླུང་རྟ་སོགས་ཀྱི་པར་ཤིང་བཞུགས། མཆོད་རྫས་སྐོར་ལ། རྡོར་དྲིལ་རྒྱུ་ཪྙིང་རྩ་ཆེན་དྲུག་དང་། དབང་དྲིལ་ཉེར་ལྔ། ཏིང་ཤག་རྒྱུ་ཪྙིང་རྩ་ཆེན་ལྔ། ་རྗེ་ཕུར་བའི་སྨད་ལས་ཀྱི་གདབ་ཕུར་ཆ་ཚང་། དགང་གཟར་བླུག ཞྭ་ནག རུས་རྒྱན། སིལ་རོལ་ཪྙིང་བ་གྲངས་ཉི་ཤུ་ཙམ། རྔ་ཆེ་ཆུང་། དུང་རྒྱ། འཕན་གདུགས། བླ་བྲེ་སོགས་མང་ངོ་།།

གསུམ་པ། དགོན་པའི་བཤད་སྒྲུབ་དུས་མཆོད་ཀྱི་སྐོར།
དགོན་འདིའི་གྲྭ་བ་རྣམས་གྲྭ་སར་མ་ཕེབས་གོང་མཆོད་གཡོག་ལོ་གཅིག་ལ་ཞབས་ཕྱི་ཞུ་དགོས། དེ་ནས་གྲྭ་ས་ངོར་ཨེ་ཝམ་ཆོས་ལྡན་དུ་ཕེབས་ནས་གསུང་ངག་ལམ་འབྲས་ཆ་ལག་དང་བཅས་པ་དང་། ཆོས་སྤྱོད་འདོན་ཆའི་འིམ་པ་རྣམས་ཀྱི་ལུང་རྣམས་ཟླ་བ་གསུམ་ཙམ་རིང་ཞུས་རྗེས་རབ་བྱུང་བསྙེན་རྫོགས་བསྒྲུབས་ཏེ་སྡོམ་པ་གསུམ་ལྡན་མཛད་དགོས། དེ་ནས་མདོ་སྔགས་ཀྱི་གཞུང་ལུགས་ལ་ཤེས་བརྩོན་དང་བསྟུན་པའི་སློབ་གཉེར་དང་། ཁྱད་པར་ཐིག་རྡུལ་ཚོན་འདོན་རྟ་དབྱངས། ཆོ་ག་ཕྱག་ལེན་རྣམས་ལ་སོ་སོའི་མོས་བརྩོན་ལྟར་སློབ་གཉེར་གྲུབ་ནས་ཕྱིར་གཞི་དགོན་དུ་ཕེབས་པ་ཡིན། དེ་ནས་འབྱུང་འདུལ་བསྙེན་པ་དང་། ཀྱེེ་རྡོར་བསྙེན། ཀུན་རིག་བསྙེན་པ། དེའི་ཁར་བརྩོན་ལྡན་རྣམས་ཀྱིས་མཁའ་སྤྱོད་དང་། མགོན་པོའི་བསྙེན་མཚམས་ཀྱང་མཛད། གཞི་བསྙེན་གྲུབ་ནས་མཆོད་དཔོན། མགོན་བླ། དབུ་མཛད། ཁྲི་བ་སྟེ་རྡོ་རྗེ་སློབ་དཔོན་བར་རིམ་པར་ཕེབས་དགོས། སྒྲུབ་མཆོད་སྐོར་ལ། ཉ་སྟོང་གསོ་སྦྱོང་དང་། དབྱར་གནས་དགག་དབྱེ་སོགས་གཞི་གསུམ་གྱི་ཕྱག་ལེན་ཚང་ལ་མ་ནོར་བ་དང་། ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་གཙུག་ཏོར་རྣམ་རྒྱལ་མའི་སྒྲུབ་མཆོད་དང་། རྡུལ་མཚོན་ལ་བརྟེན་པའི་ཀུན་རིག་དང་མི་འཁྲུགས་པའི་སྒྲུབ་མཆོད། རས་བྲིས་ལ་བརྟེན་པའི་ཚེ་དཔག་མེད་ཀྱི་སྒྲུབ་མཆོད་ ས་ག་ཟླ་བའི་ནང་དུ་རྡུལ་ཚོན་ལ་བརྟེན་པའི་དཔལ་ཀྱེེ་རྡོ་རྗེའི་སྒྲུབ་མཆོད་དང་འབྲེལ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་དགོངས་རྫོགས་དུས་ཆེན། ཚེས་ཉེར་ལྔའི་ཉིན་རབ་གནས་དཔལ་འབྱོར་རྒྱ་མཚོའི་དངོས་གཞི་འཁེལ་བའི་སྒོ་ནས་རྟེན་གསུམ་ཡོངས་ལ་རབ་གནས་མངའ་གསོལ་གཟབ་རྒྱས། རྡུལ་ཚོན་ལ་བརྟེན་པའི་འཇིགས་བྱེད་བདག་འཇུག སིདྡྷི་རའི་དཀྱིལ་འཁོར་ལ་བརྟེན་པའི་མཁའ་སྤྱོད་སྒྲུབ་མཆོད། ཟླ་ལྔ་བའི་ནང་ཕུར་བའི་གཏོར་ཟློག་ཉིན་ལྔ། ཉེར་དགུ་ལ་ཟློར་ལས། ཟླ་བ་བཅུ་གཉིས་པའི་ནང་མགོན་པོ་ཁྲོ་བཅུའི་གཏོར་ཟློག་ཉིན་བདུན། ཉི་ཤུ་བརྒྱད་དགུ་གཉིས་ལ་ལྷ་འཆམ་དང་། གཞན་ཡང་རྗེ་བཙུན་གོང་མ་རྣམ་ལྔ་དང་ངོར་གྱི་མཁན་པོ་གོང་མ་རྣམས་ཀྱི་དགོངས་རྫོགས་བླ་མཆོད་སོགས་ཡོད།

བཞི་པ། དམངས་གཙོའི་བཅོས་བསྒྱུར་སྔ་གཞུག་གི་དགོན་པའི་གནས་ཚུལ།
༡༩༥༦ལོར་དམངས་གཙོའི་བཅོས་བསྒྱུར་སྐབས་དགོན་པའི་བླ་མ་དང་གྲྭ་པ་རྣམས་རྫོང་ནང་དུ་བསྡུས་ནས་སྤྱི་ཚོགས་ཐོན་སྐྱེད་ནང་ཞུགས་དགོས་པའི་སློབ་གསོ་སྒྲུབ། དེ་ནས་གྲྭ་པ་རྣམས་རང་རང་སོ་སོའི་ཁྱིམ་དུ་བྱིན་ནས་སྤྱི་ཚོགས་ཐོན་སྐྱེད་དུ་ཞུགས། དགོན་པའི་གཙུག་ལག་ཁང་གི་འོག་ཤོལ་མ་གཏོགས་ཐོག་ཁང་གཉིས་པ་དང་གསུམ་པ་གཉིས་འཇིག་ཟིན། དེ་ནས་བླ་བྲང་ཁག་དང་གྲྭ་ཤག་ཚང་མ་འཇིག་ཟིན། གཙུག་ལག་ཁང་གི་འོག་ཤོལ་ནི་ཞིང་གི་ལས་ཁུངས་བྱས་ཏེ་ལས་བྱེད་མི་སྣ་བསྡདཔས་མ་འཇིག་པ་ཡིན།

ལྔ་བ། དགོན་པ་ཡང་བསྐྱར་བཞེངས་པའི་ཚུལ།
༡༩༨༥ལོར་དགོན་པ་ཡང་བསྐྱར་གསོ་བྱས་ཏེ་གཙུག་ལག་ཁང་ཆེན་པོའི་ཐོག་བརྩེགས་གཉིས་པ་དང་གསུམ་པ་གསར་བཞེངས་གྲུབ། གྲྭ་ཤག་བཞི་བཅུ་ལྷག་བཞེངས། ད་ལྟ་རྒྱལ་ཁབ་ཀྱིས་ཆོག་མཆན་བཀོད་པའི་གྲྭ་བ་བརྒྱ་ཕྲག་གཅིག་ཡིན་ནའང་། དངོས་སུ་བཞུགས་པ་སེར་མོ་བ་ང་ལྔ་ཡོད། ༡༩༩༠ལོར་རྒྱལ་ཁབ་ཀྱིས་དགོན་པ་སླར་གསོའི་ཐེབས་སུ་སྒོར་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་གནང་། དགོན་པ་འདིའི་ཆོས་སྒོ་ཕྱེ་རྗེས་ཀྱི་སྦྱིན་བདག་གཙོ་བོ་ནི་དགེ་སློང་བློ་དགའ་ཡིན། ཁོང་གི་སྐྱེས་ཡུལ་ནི་དཀར་མཛེས་རྫོང་ཀ་ལ་ཞིང་ཀྲི་ཁོང་ཏོས་ནས་ཡིན། ཆུང་དུས་དགོན་པ་འདིའི་གྲྭ་བ་ཡིན། བཅིངས་བཀྲོལ་རྗེས་ལྷ་སར་བྱིན། དེ་ནས་རྒྱ་གར་ལ་ཕེབས་ཏེ་ད་ལྟ་ཚོང་དཔོན་ཆེན་པོར་གྱུར། དགོན་པ་འདིའི་ཆོས་སྒོ་ཕྱེ་རྗེས་ཁོང་གིས་གཙུག་ལག་ཁང་བཞེངས་ཐེབས་སུ་སྒོར་ཆིག་ཁྲི་དྲུག་སྟོང་དྲུག་བརྒྱ་རེ་དྲུག་གནང་། ནང་རྟེན་སྐོར་ལ་རག་སྐུ་ཐུབ་པ་གཙོ་འཁོར་གསུམ་མི་ཚད་ཕྱེད་ཙམ་ཡོད་པ། གུ་རུ། གུར་མགོན། སངས་རྒྱས་སྟོང་སྐུ། སྤྱན་རས་གཟིགས། སྒྲོལ་མ། འཇམ་དབྱངས། ཕྱག་རྡོརར། ཚེ་ལྷ་རྣམ་གསུམ། སྟོན་པ་བཅས་རྒྱུ་རག་ཆེ་ཆུང་ཁྲི་གང་ཡོད་པ། དྲིལ་བུ་བཞི་བཅུ། བཀའ་འགྱུར་ཚར་གཅིག འདུ་ཁང་ནང་གི་ས་གདན་དང་བཞུགས་ཁྲིའི་རྒྱབ་ཡོལ་དུང་དཀར་བཅས་གནང་། དགོན་པ་འདིར་ད་ལྟ་སྔོན་གྱི་རྟེན་ཪྙིང་སྐོར་ལྷག་པ་ནི། དཔག་བསམ་འཁྲི་ཤིང་། རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་བཅུ། ལམ་འབྲས། ཀྱེེ་རྡོར་སོགས་ཐང་ག་བརྒྱ་ཕྲག་ཞིག་ལྷག་ཡོད། ད་ལྟ་དགོན་པའི་རྟེན་གསར་བཞེངས་ཀྱི་སྐོར་ལ། སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཁང་བརྩེགས་གཅིག་ཙམ་ཡོད་པ། ས་སྐྱ་གོང་མ་རྣམ་ལྔ། གུ་རུ། འགྲོ་མགོན་དབང་འདུལ་སྙིང་བོ། ངོར་ཀུན་དགའ་བཟང་པོ། སྤྱན་རས་གཟིགས་ཕྱག་བཞི་པ། སྒྲོལ་ལྗང་། གུར་མགོན་བཅས་མི་ཚད་གཉིས་ཙམ་ཡོད་པ། གཞན་ཡང་རྗེ་ཙོང་ཁ་པ། ཐང་རྒྱལ། ཀྱེེ་རྡོར། འཇིགས་བྱེད། བག་རྩེ། དམག་ཟོར་མ། དགྲ་ལྷ་སོགས་མང་ངོ་། ཐེངས་འདིར་དགོན་པ་འདིའི་ལོ་རྒྱུས་འབྲི་སྐབས་ཀྱི་བློ་འདྲི་བྱེད་ས་ནི། དགོན་པ་རང་གི་གྲྭ་བཙུན་དགེ་སློང་དཀོན་མཆོག་ཚེ་དབང་ལགས་ཡིན། ཁོང་དགུང་ལོ་དོན་གཅིག་ལ་སླེབས་ཡོད། ཞེས་གདོང་ཐོག་དགོན་པའི་ལོ་རྒྱུས་མདོར་བསྡུས་འདི་ནི། སྐྱེས་ཡུལ་མདོ་སྨད་རེབ་གོང་བ་འཇིགས་མེད་བསམ་གྲུབ་ཀྱིས་གཅིག་དགུ་གོ་ལྔ་ལོའི་ཟླ་གཉིས་པར་སྦྱར་བར་དགེའོ།།

བོད་དང་ཧི་མ་ལ་ཡ་ལོ་རྒྱུས་དྲ་བ་ལས་བཏུས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*