ལྷ་ཁང་ལ་བསྐོར་བ་བྱ་ཚུལ།

༡  བསྐོར་བ་བྱེད་པའི་ཁུངས།
ལུང་གཞི་ལས།
     མཁས་པ་གང་ཞིག་རབ་ཏུ་སེམས་དད་པས།།
     སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་བ།།
     འཛམ་བུ་ཆུ་བོའི་གསེར་གྱི་ཞེང་ཚད་ནི།།
     སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན།།
ཞེས་སོགས་མཆོད་རྟེན་བསྐོར་བའི་མདོ་དང་།  སྙིང་རྗེ་པདྨ་དཀར་བོའི་མདོ་རྣམས་ལས་མང་དུ་གསུངས་སོ།།


          ༢  བསྐོར་བ་གཡས་ཕྱོགས་སུ་འགྲོ་བའི་རྒྱུ་མཚན།
མདོ་ལས་སངས་རྒྱས་ཀྱི་མཚན་དཔེ་གསུངས་སྐབས།  ལམ་གྱི་བསྐོར་ཕྱོགས་དང་མཐུན་པ།  ཞེས་པ་ལྟར།  གཡས་ཕྱོགས་བསྟན་པ་དང་།  འཇིག་རྟེན་གྲགས་ཚོད་ལའང་གཡས་ཕྱོགས་ནི།  ལམ་ཡང་དག་དང་།  གཡོན་ཕྱོགས་ལ།   གཡོན་ལྷུང་ཞེས་ལོག་ལམ་དུ་ངོས་འཛིན་ནོ།།
 བོན་གཞུང་ལས་ཀྱང་གཡས་བསྐོར་དུ་བཤད་པ་མང་སྟེ།  མདོ་དྲི་མེད་ལས།  གཡུང་དྲུང་ཞབས་ནི་གཡས་བསྐོར་རོ།།  ཞེས་དང་། དལ་འགྲོས་དང་ལྡན་པར་གཡས་བསྐོར་དུ་གཤེགས།  ཞེས་སོ།།
གཞན་ཡང་།  མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་དང་།  བོན་གཞུང་ཚད་ལྡན་མང་བོར།  གཡས་བསྐོར་ཕྱག་རྒྱ་ཆེན་པོ་དང་།  གཡོན་བསྐོར་རྫོགས་པ་ཆེན་པོ།  ཞེས་གཞི་མཐུན་དུ་བཞེད་ལ།  དེ་ནི་བརྗོད་སྙིང་ཟབ་པས་འདིར་མི་སྤྲོའོ།།
            ༣  བསྐོར་བ་ཇི་ལྟར་བྱ་ཚུལ།
ལམ་རིམ་སོགས་ལས།  ཕྱག་དང་སྔགས་བཟླ་ཚེ།  ལུས་དང་ལྕེ་གྲངས་མེད་ཀྱིས་བཟླས་ན།  འགྱུར་ཁྱད་ཆེ་བར་གསུངས་པ་ལྟར།  ཡིག་བརྒྱ་དང་ལྟུང་བཤགས་གང་མོས་རེ་བཏོན་ཏེ་བསྐོར་བ་ཕྱིན་ན་དགོས་པ་ཆེ་ལ།
ཁྱད་པར་དུ། རྟེན་ལས་འོད་བྱུང་ནས་རང་ལ་ཕོག་པས།  སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་སོང་སྙམ་པའི་མོས་པ་བསྐྱེད་དགོས་སོ།།
བསྐོར་བའི་འགྱུར་སྔགས་ཤེས་ན།   དེ་འདོན་བཞིན་ཕེབས་ན་འགྱུར་ཁྱད་ཆེ་ལ།  གལ་ཏེ་རྟེན་གྱི་གྲིབ་མ་ལ་འགོངས་དགོས་བྱུང་ན།  ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ།  ཞེས་གསུངས་ཏེ་འགོངས་ན་ཉེས་པ་མེད་དོ།།
            ༤  བསྐོར་བའི་ཕན་ཡོན།
འདུལ་བ་ལུང་ལས།  
     གང་ཞིག་དད་ཅིང་མོས་པའི་སེམས་ཀྱིས་སུ།།  
     སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན།།
     འཛམ་བུ་ཆུ་བོའི་གསེར་གྱི་གྲངས་ཚད་ནི།།
     སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན།།  
ཞེས་དང་།  མཆོད་རྟེན་བསྐོར་བའི་མདོ་ལས།  དལ་འབྱོར་འཐོབ་ཅིང་།  དྲན་དང་།  བློ་གྲོས་དང་།  ཁ་དོག་ལྡན་ཞིང་མཛངས་པར་འགྱུར་བ་དང་།  ཚེ་དང་ལོངས་སྤྱོད།  སྙན་གྲགས་དང་དབང་ཐང་།  སྟོབས་དང་བརྩོན་འགྲུས།  རྫུ་འཕྲུལ་འཐོབ་པ།  མའི་ལྟོར་བདེ་ཞིང་བུ་ཕྲུག་བདེ་བར་བཙའ་བ་སོགས་ཕན་ཡོན་མང་དུ་གསུངས་སོ།།

བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*