མེ་ཆར། ནང་ཆེན།
ལས་ཀྱི་རླུང་བུ་བཙན་པོས་སྡོང་ལོ་ཕྱོགས་བཞིར་གཏོར་སོང་། །
འདབ་དྲུག་ཁ་བའི་མེ་ཏོག་ས་འཛིན་ཁྱོན་ལ་གཡོགས་དུས། །
ཁྲུང་ཁྲུང་དཀར་མོ་ཡིན་ན་སྟོན་མཇུག་ལྷོ་ལམ་གཅད་ཆོག །
ཁུ་བྱུག་སྔོན་མོ་ཡིན་ན་ལྗོན་ཤིང་རྩེ་ནས་བསྒུག་ཆོག །
འཁོར་ཡུག་འཁྱགས་པས་བསྡམས་པའི་ལྷགས་རླུང་ངར་མའི་ཁྲོད་ན། །
གྲང་རེག་རྣོན་པོའི་འོག་ཏུ་ང་ཡི་འཇིག་རྟེན་སྐྱོ་བ། །
ཚོགས་དྲུག་སྣང་བའི་རི་མགོར་སྨྲེང་བའི་སྨུག་པ་ལང་ལོང་། །
བཙག་གསེར་བུ་ཡུག་ཁྲོད་ནས་དབྱར་ཁའི་གཏམ་རྒྱུད་དྲན་ཡོང་། །
རི་མགོ་སྨུག་གིས་བཏུམས་དུས་ཁངས་ཆར་འདྲེས་མ་ཟམ་ཟིམ། །
ཁ་བ་ཁ་དོག་ཅན་པོ་ཁ་བའི་ལྗོངས་ལ་འབབ་བྱུང་། །
འདབ་དྲུག་ཁ་བའི་གར་སྟབས་རི་ལུང་ཀུན་ཏུ་རྒྱུ་ཚེ། །
དགའ་སྐྱོའི་སེམས་ཚོར་མང་པོ་སེམས་དང་སེམས་ཀྱིས་མྱང་བྱ། །
ཆུ་མོར་འགྲམ་དར་ཆགས་པའི་དགུན་ཟླ་ཐ་ཆུང་ཞིག་ལ། །
དུས་ཚིགས་ཤིག་གི་མགྲོན་བཞིན་ཁུ་བྱུག་གཞན་ཡུལ་འགྲིམས་དུས། །
ང་དང་བྱིའུ་ཆུང་འཇོལ་མོ་སྨྲེང་བ་རྫོགས་ཐབས་མི་འདུག །
དུས་ཀྱི་འཕོ་འགྱུར་བར་ནས་གྱེས་བྲལ་སེམས་ཚེགས་ཆེ་ཨང་། །
མི་སེམས་མི་ཡིས་བསླུས་པའི་མི་རྟག་སྒྱུ་མའི་གྲོང་ན། །
སྐར་མས་ཁོང་འདར་རྒྱག་པའི་ཁུ་སིམ་མཚན་མོ་ཞིག་ལ། །
ཆུ་མོ་འགྲམ་དར་ཆགས་པའི་དགུན་འཁྱག་ཨ་རང་ད་རང་། །
འདི་ནས་རི་ཆུ་བརྒལ་ཏེ་སེམས་པ་རྒྱང་ལ་སྙེགས་སོང་། །
རི་ལུང་ཁ་བས་གཡོགས་པའི་ནམ་ཟླ་དགུན་ཁ་ཞིག་ལ། །
ནང་སེམས་དྲན་པ་དམར་པོ་དགུན་ཟླ་འདི་ལས་གྲང་བ། །
གྲང་རླུང་ཤུར་ཤུར་ལྡང་བའི་འཁོར་བའི་གཞིས་ཀ་འདི་ནས། །
ལྷ་བྱ་ཁྲུང་ཁྲུང་དཀར་མོས་གཤོག་སྣེ་རྒྱང་ལ་གཏད་སོང་། །
འདབ་དྲུག་ཁ་བ་ཟམ་ཟིམ་སྒེའུ་ཁུང་འགྲམ་དུ་བབས་དུས། །
ནོར་འཛིན་སྒེག་མོའི་ལུས་ལ་དར་ཆེན་གོས་ཀྱིས་བཀླུབས་འདུག །
སྨྲེང་བའི་ཚོར་བ་ཞིག་གིས་སྐྱོ་བའི་དབྱངས་འདི་ངས་འཐེན། །
ཕལ་བའི་ནང་སེམས་རི་མོ་ཚིག་ཚོགས་བཞེངས་མཁན་ང་ཡིན། །
སྟོད་ཕྱོགས་རི་རྩེར་བལྟས་ན་སྨུག་སྤྲིན་དྭངས་དུས་མི་འདུག །
སྨད་ཕྱོགས་ཆུ་བོར་བལྟས་ན་མཚོ་མོར་དར་ཁ་འགྲིག་འདུག །
འདབ་དཀར་ཁ་བའི་མེ་ཏོག་ང་ཡི་ལག་མཐིལ་བབས་དུས། །
སེམས་ཀྱིས་སྐྱོང་ན་འདོད་ཀྱང་སྐད་ཅིག་ཉིད་ལ་ཡལ་འགྲོ། །

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.