ཕྱིར་ལྟས་གཟུགས་རུས།

དགེ་གྲྭ་རྒྱལ། ལྕང་མ་སྒར།

བལྟ་ན་སྡུག་པའི་མཛེས་བྱེད་བུ་མོ་མེ་ཏོག་པདྨའི་རང་མདངས་བ། །
སྲིད་གསུམ་ཁ་གློ་རབ་ཏུ་འགུག་བའི་ཟླ་བྲལ་རྐུན་མའི་ངང་ཚུལ་བ། །
ངག་གི་རྒྱལ་མོ་དབྱངས་ཀྱི་ཕྱུག་བདག་ངག་དབྱངས་དབུལ་བོའི་མ་མ་ལགས། །
སྙན་པའི་དབྱངས་དང་མཛེས་པའི་ཚིག་ཆ་མ་ལུས་ཁོ་བོ་ད་གཅིག་གནོང་། །

བསམ་མེད་ལོ་ཆུང་གི་བྱིས་བའི་ཁྲོད་ནས། །
བྱམས་བརྩེ་གངས་དཀར་གྱི་རང་མདངས་དྭངས་མ། །
མ་བཅོས་ལྷག་བསམ་གྱི་བརྩེ་བའི་འདུན་པ། །
རི་རབ་ལྷུན་པོ་བཞིན་རྟག་ཏུ་བརྟན་པའི། །
མཚན་ལྡན་དགེ་རྒན་དག་བཀའ་དྲིན་བསམ་ན། །
ཕྱིར་མིག་བལྟ་ཐེངས་འདི་དྲན་པའི་གཞི་རེད། །

བློན་པོའི་བསམ་བློ་ལ་ཞུ་དག་བྱེད་པའི། །
སྤྱོད་པའི་བྱ་བ་ཀུན་བླང་དོར་བྱེད་མཁན། །
འགྲིན་མིན་བསམ་བློ་ལ་བརྡ་ཤ་གཅོད་པས། །
ད་ལྟའི་ལམ་ཕྱོགས་ཀྱིས་འབྲས་བུ་སྨིན་ན། །
བཀའ་དྲིན་གསུམ་ལྡན་གྱི་དགེ་རྒན་ཀུན་དག །
ཕྱིར་མིག་བལྟ་བ་འདི་དྲན་པའི་གཞི་རེད། །

ང་རྒྱལ་འཕྲག་དོག་ལ་དགོས་དོན་ཆུང་སོགས། །
བསླབ་བྱ་གདམས་ངག་དག་ཟབ་མོ་གནང་མཁན། །
བྱིས་བའི་བསམ་ལོག་ལ་བཟོ་བལྟ་གནང་ནས། །
རྣམ་དཔྱད་རིགས་པ་དག་མ་ཉམས་གོང་འཕེལ། །
མཚན་ལྡན་རྗེ་བོ་དག་བཀའ་དྲིན་བསམ་ན། །
ཕྱིར་མིག་བལྟ་བ་འདི་དྲན་པའི་གཞི་རེད། །

སྣབ་ལུགས་བཤད་དགའ་ཡི་ང་ཚོའི་ཁྲོད་ན། །
མི་ཚེའི་སྙིང་བོ་འདི་བརྙེད་རྒྱུ་མེད་རུང་། །
རབ་དཀར་མ་བཅོས་པའི་ལྷག་བསམ་དེ་ཡིས། །
ཨོ་ལོའི་བསལ་བློ་ལ་འཕེལ་རྒྱས་བསམ་ནས། །
བཀའ་ཁག་བཀའ་ཚགས་ལ་ཅི་ཡང་མ་བསམ། །
ཤེས་བྱའི་ཁ་ཕྱོགས་ལ་ལམ་སྟོན་མཛད་སོང་། །

ཀ་ཁའི་དབྱངས་རྟ་འདི་ཐོག་མར་ཁྲིད་མཁན། །
ཕ་སྐད་གཙང་མ་ལ་མིང་གཞི་འཇོག་མཁན། །
མི་ཚེའི་རྒྱུད་རམ་ཁྲོད་ཐོག་མའི་དགེ་རྒན། །
བརྩེ་བའི་བྱམས་སྤྱོང་གི་མ་མ་ཀུན་དག །
མཚན་མོའི་རྒྱུ་སྐར་གྱི་སྐར་ཆེན་ཁོ་ན། །

ལས་འགན་བྱ་བ་འདི་སྒྲུབ་ཙམ་མིན་ནས། །
ཀུན་ཕན་བྱ་བ་ལ་དོན་དུ་གཉེར་བའི། །
དྭངས་གཙང་མཚོ་མོ་ཡི་མེ་ལོང་ངོས་བཞིན། །
མ་བཅོས་ལྷག་བསམ་གྱི་ཡང་སྙིང་མཐའ་དག །
བདག་གི་སྐར་ཆེན་དག་མུན་པའི་འོད་ཟེར། །
རྟ་བདུན་དབང་པོ་ཞིག་གཅིག་གི་ཡན་རེད། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*