འབྲོག་ཐང་གི་ཞོགས་པ།

  འཇོ་མདའ་པདྨ།

ལམ་ལམ་ཞོགས་པའི་ཉི་ཟེར་རི་རྩེར་ཕོག།
རི་འདབས་མེ་ཏོག་ཚོམ་བུ་མགོ་ལྕོག་ལྡེམ།།
ལྷུང་ལྷུང་ཆུ་བོའི་བཞུར་སྒྲ་གང་སར་མཆེད།།
ཆུ་འགྲམ་འཇག་མ་རྩྭ་ལ་ཟིལ་བ་ཆགས།།

ཀྱུར་ཀྱུར་སྐད་ཅོར་སྨྲ་བའི་བྱ་བྱེའུ་ཚོགས།།
སྒོ་དང་སྒེའུ་ཁུང་འགྲམ་ནས་ཕར་ཚུར་འཕུར།།
སྒྲོ་གཤོག་སྙི་མོའི་སྣེ་རུ་འོད་ཐིགས་འབབ།།
ཤིན་ཏུ་སྐྱིད་པའི་ཚུལ་གྱིས་ལྡིང་སྐོར་རྒྱག།

ལང་ལོང་དུད་སྤྲིན་ཡོལ་བ་དགུང་དུ་འཐེན།།
ཨ་སྔོན་ནམ་མཁའི་དབྱིངས་སུ་མཛེས་སྡུག་བཀྲ།།
ཟིམ་ཟིམ་ཆར་པའི་ཐིགས་པ་ས་རུ་འཐོར།།
ས་གཞི་སྒེག་མོའི་བྲང་གཞུང་ཡོངས་སུ་བརླན།།

འོ་མའི་ཁ་རླངས་འཐུལ་བའི་ལྷས་འདབས་ནས།།
དགོ་དགོ་འབྲོག་མོའི་བཞོ་དབྱངས་རྣ་བར་སྙན།།
སྣུམ་ཞག་ཉི་ལེར་འཁྱིལ་བའི་ཐབ་ཚང་ནས།།
ལྷོག་ལྷོག་ཁོལ་བའི་འོ་ཇ་ཁ་ལ་ཞིམ།།

དངན་པ།

དུས་ཀྱི་གཙང་བོ་རྒྱང་བཞུད་བྱས།།
གཞོན་པའི་ལང་ཚོ་རིམ་གྱིས་ཡལ།།
སྙིང་གི་མི་མོ་གནས་ཡུལ་འགྲིམས།།
ཁྱིམ་གྱི་ནང་ཕུག་དྲོད་ཁོལ་བསྐྱིལ།།
འཚོ་བའི་ཉིན་སྲིབ་བདེ་བྲོད་སྦར།།
སྐྱིད་ཀྱི་འཇིག་རྟེན་ལོངས་སུ་སྤྱད།།
བདག་ཉིད་ད་ཆར་ཁེར་རྐྱང་ལུས།།
རྒས་པའི་གཉེར་རིས་ཐོད་དུ་ལྷུང་།།
མིག་མཐར་སྐྱོ་བའི་མཆི་མ་འཁྲིཊ།།
ཆཊ་སྡང་རླུང་གིས་སེམས་པ་སྐྱོམ།།
སྣ་ཚོགས་ནད་ཀྱིས་ལུས་པོ་མནར།།
དྲན་གདུང་ན་བུན་ཀློང་དུ་གསོན།།
འགོག་མེད་འཆི་བའི་རླུང་ཆེན་དེ།།
ནམ་ལྡང་སྒུག་བཞིན་གྲོང་དུ་ལྷག།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*