ལོ་སར་བསུ།

དཀར་མཛེས། རང་མདངས།

ལེགས་ཚོགས་ཆོས་ཀྱི་སྒོ་མོ་རབ་འབྱེད་ཅིང་། །
ཆོས་ཕུང་བརྒྱད་ཁྲིའི་སྟོན་མོ་རབ་སྟོན་པའི། །
ས་སྟེང་འགྲོ་བའི་མགོན་པོ་མི་ཡི་སེང་། །
སྟོན་མཆོག་ཐུབ་དབང་གང་དེས་ཤིས་པ་སྩོལ། །

ཕ་དང་མ་མེད་རང་བྱུང་ཀློང་ནས་འཁྲུངས། །
སྔགས་ཀྱི་ལྟ་གྲུབ་ཉི་མིའི་འོད་དང་འདྲེས། །
དུས་གསུམ་མཁྱེན་པའི་སྤྱན་རས་རབ་ཡངས་པའི། །
མ་ཧཱ་གུ་རུས་ཤིས་ཚིག་སིལ་མ་འཐོར། །

གནམ་སྔོན་འཇའ་སྤྲིན་གང་བའི་དཀྱིལ་འཁོར་དུ། །
དྲི་མེད་ཉིན་བྱེད་དབང་པོས་འཇིག་རྟེན་དུ། །
འཇའ་གུར་འཁོར་ལོ་རྩེ་དགུའི་གདུགས་དཀར་མཛེས། །
སྐར་བཟང་ཚེས་བཟང་དུས་ཀྱི་གནམ་ལོ་ཡག །

དཔལ་འཛོམས་གཡང་གིས་འཁོར་བའི་གཞིས་ཁྱིམ་དུ། །
དཔལ་འཕེལ་ནོར་གྱི་ཕྱྭ་ཡི་སྦྲང་ཆར་འཐོར། །
དཔལ་ལྡན་བཟའ་ཚང་མེ་ཏོག་མངོན་པར་མཛེས། །
དཔལ་བཟང་དཔྱིད་ཀྱི་ཁོར་ཡུག་ཨེ་མ་རྨད། །

གཡང་ཁྱིམ་གྲུ་བཞི་ཞིག་གི་ར་བ་ན། །
བཟའ་ཚང་གཉེན་ཉེ་ཕུ་ནུ་འདུ་འཛོམས་སྐྱིད། །
གླུ་གར་མིག་གི་དཔལ་ཡོན་ལྷུག་པར་གྲོལ། །
གནམ་ལོ་གསར་ཚེས་བཟང་བྱུང་བཀྲ་ཤིས་དགེ། །

མི་ནད་ཕྱུག་ནད་མེད་ཅིང་བདེ་ཞིང་སྐྱིད། །
ཁ་ལས་དབང་ཐང་མཐོ་ཞིང་ཅི་བསམ་འགྲུབ། །
ཟས་ནོར་འབྲུ་ཡིས་གང་བའི་དཔལ་གཡང་འཁོར། །
གསར་ཚེས་གནམ་ལོ་ཚེས་བཟང་ཤིས་གྱུར་ཅིག །

ལུས་ཚུགས་མིག་ཟུང་དཔལ་དུ་མངོན་པར་ཤོག །
ངག་གདངས་དབྱངས་ཅན་ལྷ་དང་འདྲེས་པར་ཤོག །
ཡིད་དྲན་རྒྱལ་བའི་ཐུགས་དང་གཉིས་མེད་ཤོག །
སྒོ་གསུམ་བདེ་སྐྱིད་དཔལ་དང་མི་འབྲལ་ཤོག །

ནོར་མེད་ཛམ་བྷ་ལྷ་ཡིས་མགོན་སྐྱབས་མཛོད། །
དབང་མེད་དབང་ཆེན་ལྷ་ཡིས་ཐུགས་རྗེས་སྐྱོངས། །
བདེ་མེད་རྒྱལ་བ་རྒྱ་མཚོས་སྙིང་རྗེས་དགོངས། །
དད་མེད་དམ་པ་ལྷ་ཡིས་འདྲེན་མཛོད་ཅིག །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*