ས་སྐྱའི་༸གུམ་མཁན་ཆེན་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་མཆོག

མཁན་ཆེན་སངས་རྒྱས་བསྟན་འཛིན་མཆོག་ནི། ཤིང་འབྲུག ཕྱི་ལོ་ ༡༩༠༤ ལོར་ས་སྐྱ་དགོན་དང་ཁད་ཉེ་བར་སྐུ་བལྟམས། དགུང་ལོ་བཅུར་སོན་སྐབས་ས་སྐྱ་དགོན་དུ་མཁན་ཆེན་རིན་ཆེན་རྒྱལ་མཚན་ལས་རབ་ཏུ་བྱུང༌། མཁན་པོ་དེ་ཉིད་གནས་ཀྱི་སློབ་དཔོན་དུ་བསྟེན་ནས་དགོན་དེའི་རྒྱུད་པའི་ཕྱག་བཞེས་དག་སློབ་གཉེར་རྒྱུགས་སྤྲོད་མཛད། ཐོག་མར་སློབ་དཔོན་ཆོས་སྐུ་འོད་ཟེར་གྱི་དྲུང་བསྡུས་གྲྭ་དང༌། རིགས་ལམ་གསན་ནས་སློབ་གཉེར་གྱི་འགོ་བཟུང༌། དེ་ནས་ས་སྐྱ་དང༌། ངོར། ན་ལེནྜ། བསམ་ཡས། རྟ་ནག བོ་དོང༌། བྱ་གཤོངས། འབྲས་ཡུལ་སྐྱེད་ཚལ་སོགས་ས་སྐྱ་པའི་གྲྭ་ས་དག་ཏུ་བྱོན་ནས་བྲག་གཡབ་མཁན་ཆེན་ཐུབ་བསྟན་བཟང་པོ་མཆོག་གིས་གཙོས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ནས་གྲགས་ཆེན་བཅོ་བརྒྱད་དུ་གྲགས་པའི་གཞུང་ལུགས་ལ་གསན་བསམ་རྒྱ་ཆེར་མཛད། སླར་དགུང་ལོ་སོ་བདུན་དུ་ཕེབས་པ་དཔལ་ན་ལེནྜར་གཟིམ་འོག་རྡོ་རྗེ་འཆང་གི་དྲུང་བསྙེན་པར་རྫོགས། ༸སྐྱབས་མགོན་༸གོང་མ་ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན་དང༌། ངོར་ཁང་སར་མཁན་ཆེན་དམ་པ་རྡོ་རྗེ་འཆང་སོགས་བླ་མ་རྣམས་ཀྱི་དྲུང་ས་སྐྱ་པའི་ཟབ་ཆོས་གསུང་ངག་ལམ་འབྲས་དང༌། རྒྱུད་སྡེ་ཀུན་བཏུས། གསེར་ཆོས་བཅུ་གསུམ། སྒྲུབ་ཐབས་ཀུན་བཏུས་སོགས་ཀྱིས་གཙོས་སྔགས་ཕྱོགས་ལ་སློབ་གཉེར་གནང་ཞིང༌། སྔ་ཕྱིར་རིས་མེད་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ནས་ཕྱོགས་མེད་གསན་བསམ་གྱིས་བོད་རྒྱུད་ནང་བསྟན་རིག་གནས་དང་བཅས་པར་ངེས་དོན་གྱི་མཁས་པ་ཆེན་པོར་གྱུར།

ཀྱཻ་རྡོར་དང༌། འབྱུང་འདུལ། མཁའ་སྤྱོད་སོགས་ཡི་དམ་ལྷའི་སྒོམ་སྒྲུབ་བསྙེན་མཚམས་ལ་བརྩོན་པར་ཉམས་རྟོགས་ཀྱི་དྲོད་རྟགས་མངོན་དུ་འགྱུར་ཅིང༌། གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཞལ་གཟིགས་པ་སོགས་ངོ་མཚར་ཆེ།

གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་བཀའ་བཅུ་པའི་མཚན་བཞེས་མཛད་ཅིང༌། ངོར་གྱི་བཤད་གྲྭའི་མཁན་པོ་ལོ་གསུམ་དང༌། ཀུན་མཁྱེན་གོ་རམས་པ་ཆེན་པོའི་གདན་ས་རྟ་ནག་ཏུ་མཚན་ཉིད་མཁན་པོ་ལོ་བཅོ་ལྔའི་རིང་མཛད་པ་མ་ཟད། སླར་རང་རེའི་རིག་གཞུང་སླར་གསོའི་བྱ་འགུལ་ནང་ཕྱི་ལོ་ ༡༩༦༡ ལོར་རྡོར་གླིང་གུམ་ས་སྐྱ་དགོན་དུ་མཁན་པོའི་མཛད་འཁུར་བཞེས་ཤིང༌། ལྷག་པར་ཕྱི་ལོ་ ༡༩༧༩ ལོར་དེ་ཁར་བཤད་གྲྭ་གསར་འཛུགས་བསྐྱངས། སྦག་ས་ཆོས་སྒར་གྱི་སློབ་དཔོན་དང༌། ཝ་ཎ་མཐོ་སློབ་ཀྱི་རྒྱ་གཞུང་དགེ་རྒན་སོགས་མཛད། ཤེས་ཡོན་གྱི་སྡེ་ཁག་དེ་དག་ཏུ་འགན་འཁུར་མཛད་རིང་རྒྱུན་དུ་སྐུ་ངལ་མ་འཛེམས་པར་དབུ་མ། ཕར་ཚད། འདུལ་མངོན། སྡོམ་རིག བརྡ་དག སྙན་ངག ལོ་རྒྱུས་སོགས་འཆད་ཁྲིད་གནང་ཞིང༌། ཆོས་དབར་དུ་༧གོང་ས་སྐྱབས་མགོན་པོ་ཆེན་པོ་མཆོག་དང༌། ༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་སོགས་རླབས་ཆེན་གྱི་ཆོས་ལུགས་ཀྱི་དབུ་ཁྲིད་དང༌། དོན་གཉེར་ཅན་གྱི་སྐལ་ལྡན་སློབ་མ་དག་ལ་འཆད་ཉན་གྱི་རྒྱུན་ཧ་ཅང་དཀོན་རིགས་རྣམས་སྤེལ་གནང་མཛད། མདོར་ན། དམ་པ་འདིའི་སྐུ་ཚེ་གང་པོ་འགྲོ་ཕན་དང༌། བོད་ཀྱི་རིག་གནས་སློབ་གསོའི་བྱ་གཞག་འདིའི་ཐོག་ལེགས་སྐྱེས་འབུལ་གནང་བ་མཛད་ཅིང༌། རྒྱུན་དུ་ཡོ་བྱད་ངན་ངོན་ཙམ་གྱིས་ཆོག་ཤེས་པར་མཛད་ནས་དད་རྫས་ཕྱག་ཏུ་འབྱོར་བ་རྣམས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང༌། སློབ་གསོའི་བྱ་བ་ཁོ་ནའི་ཐོག་གཏོང་གནང་མཛད་འདུག །

གསུང་རྩོམ་ཡང༌། མཁན་ཆེན་ཐུབ་བསྟན་བཟང་པོའི་ཞལ་རྒྱུན་བཟུང་ནས་སྡོམ་གསུམ་རབ་དབྱེ་དང༌། གོ་རམས་པའི་སྡོམ་གསུམ་ཁ་སྐོང༌། སྡོམ་གསུམ་འཇམ་དབྱངས་བླ་མའི་དགོངས་རྒྱན་སོ་སོར་མཆན་འགྲེལ་མཛད་ཅིང༌། ངོར་མཁན་ཆེན་གྱི་ཞལ་གདམས་བཟུང་ནས་འཇུག་པའི་སྦྱོར་ཊིཀ་དང༌། གཞན་ཡང་འཇུག་པ། བཞི་བརྒྱ་པ། རིགས་གཏེར། མདོ་རྩ། བཤེས་སྤྲིངས་སོགས་ཀྱི་མཆན་འགྲེལ། དེ་བཞིན་ས་སྐྱ་ལེགས་བཤད་ཀྱི་འགྲེལ་པ་དང༌། ཆོ་ག གསོལ་འདེབས། སྙན་ངག་སོགས་མང་དུ་མཆིས།

མཐར་དམ་པ་འདི་ཉིད་དགུང་ལོ་གྱ་བདུན་དུ་ཕེབས་པ་ལྕགས་རྟ། ཕྱི་ལོ་ ༡༩༩༠ ཟླ་བ་ ༡༡ ཚེས་ ༡༡ ཉིནཐོ་རེངས་སུ་ངོ་མཚར་བའི་རྟགས་དུ་མ་དང་བཅས་དགོངས་པ་ཆོས་དབྱིངས་སུ་ཐིམ།

 

ཆོས་དུང་དཀར་པོ་ལས་བཏུས།

དཔྱད་མཆན།

  1. ༧མཁན་རིན་པོ་སངས་རྒྱས་བསྟན་འཛིན་མཆོག་གིས་བླ་མ་སུ་དང་སུའི་དྲུང་ནས་མཛོད་འགྲེལ་མངོན་པའི་རྒྱན་ནམ་ཡོངས་གྲགས་སུ་མཆིམས་མཛོད་གསན་བསམ་གནང་བ་ཡིན་མིན་གསུང་རོགས།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*