༧ སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་འཕགས་པ་བཟང་སྤྱོད་སྨོན་ལམ་འཆད་ཁྲིད་གནང་བ།

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཟིན་བྲིས། ༼༡ ༽ ཉིན་དང་པོ། སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་གསུངས།
རབ་བརྟན་འཇམ་དབྱངས་སྦྱིན་པས་ཡི་གེར་ཕབ།

ལེའུ་དང་པོ།

སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།།འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་སྐོར་ལ་ང་རང་གིས་འགྲེལ་པ་ཁག་ཁ་ཤས་ལ་བལྟས་ཏེ་གང་ཤེས་ཤེས་ཞུ་རྒྱུ་ཡིན། ཚིག་རེ་རེ་བཞིན་འགྲེལ་བ་དང་། ཤོ་ལོ་ཀ་རེ་རེ་བཞིན་འགྲེལ་བ་རྒྱག་ཤེས་ས་མ་རེད། ད་ཐེངས་མི་དགོས་རྒྱུ་བྱེད། ཐེངས་འདིར་སྨོན་ལམ་འདོན་གྱིན་ཡོད་རེད། དེའི་སྐབས་སུ་ཅུང་ཙམ་བསམ་བློ་གཏང་ཤེས་པའི་ཆེད་དུ་དམིགས་ཡུལ་བཟུང་ནས་ང་རང་གིས་རང་ཤེས་པ་དག་ཞུ་རྒྱུ་ཡིན། ང་ཚོས་གདོན་བྱའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ནི་གཙོ་བོ་ཐེག་པ་ཆེན་པོའི་མདོ་ལས། ཕལ་པོ་ཆེའི་མདོ་ཞེས་བཀའ་འགྱུར་ནང་ནས་མདོ་ཆེ་ཤོས་ཀྱི་གྲས་ཤིག་རེད། དེ་ཁོལ་དུ་ཕྱུངས་བ་རེད། དམིགས་བསལ་ཕལ་པོ་ཆེ་མདོ་ལས་འབྱུང་ཚུལ་འཆད་ན་ཕན་ཐོགས་ཡོད་རེད། སྤྱིར་བཏང་མདོ་སྡེ་ལ་རིགས་མ་འདྲ་བ་ཡོད་རེད། དེའང་སྐྱེས་རབས་ཡིན་ན་གོ་བ་ལེན་སྟངས་ཁ་ཁ་ཡོད་རེད། དེ་བཞིན་དུ་རྡོ་རྗེ་གཅོད་པ་ལྟ་བུ་དང་། སྐྱེས་རབས་ཀྱི་མདོ་གཉིས་ལ་གོ་བ་ལེན་སྟངས་ཁ་ཁར་ཡོད་རེད། མདོ་ཕལ་པོ་ཆེ་ལ་བསམ་བློ་གཏོང་སྟངས་ལྟ་བུ་ཁ་ཁ་ཡོད་རེད། དཔེར་ན་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་ཏེ་བདེན་བཞིའི་མདོ་ལྟ་བུའི་སྐོར་ནས་སྐད་ཆ་བཤད་ན། གསུང་ཡུལ་དེའང་ཡུལ་ཝ་ར་ཎཱ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་ཞེས་དངོས་སུ་མཐོང་བ་དང་། འགྲོ་བ་ཡོད་རེད། ཐུན་མོང་ལྟར་སྐད་ཆ་བཤད་ན་ཆོས་ཉན་མཁན་ཡང་འཁོར་ལྔ་སྡེ་བཟང་པོ་ལྟ་བུ་སྟེ་ཀཽ་ཎི་ཌ་ནྱ་དང་། རླངས་པ་ཟེར་བ་དེ་ཚོའང་ཤཱཀྱའི་མི་རིགས་སྟེ་དེང་སང་གི་ཡོ་བིའི་མི་རིགས་ཡིན་ས་རེད། དེ་བས་མི་ཞིག་གིས་གཞན་པ་ཁ་ཤས་ལ་སྐད་ཆ་བཤད་པ་ནང་བཞིན་ཡོད་རེད། ཕལ་པོ་ཆེའི་མདོ་ཡིན་ན་གསུང་ཡུལ་བསམ་བློའི་ནང་འཁོར་མ་ཐུབ་པ་ལྟ་བུ་རེད། དཔེར་ན་ད་ལྟ་རང་མཉན་ཡོད་ལྟ་བུ་ལ་གསུང་པའི་དབང་དུ་བཏང་ནའང་འཛམ་བུ་གླིང་མ་ཡིན་པའི་ས་ཆ་གཞན་ལའང་གསུང་བཞིན་པའི་ཟོལ་ལྟ་བུ་ཡོད་རེད། གསུང་པའི་ཡུལ་སློབ་མ་ང་ཚོ་ལྟ་བུ་མི་ཡང་ཡོད་རེད་ལ། མི་མ་ཡིན་པ་དྲི་ཟ་དང་། ལྷ་དང་། ལྷ་མ་ཡིན་དང་། ཕྱེད་ཀ་མི་ཡིན་པ་ལ་ཕྱེད་ཀ་སྦྲུལ་ཡིན་པ་ལྟ་བུ་བསམ་བློའི་ནང་ཤོང་མ་ཐུབ་པ་ཡོད་པས་བསམ་བློ་གཏོང་སྟངས་ཁ་ཁ་ཡོད་ས་རེད། དཔེར་ན་མདོ་སྡེ་ཕལ་པོ་ཆེའི་སྐབས་སུ་ཆོས་ཉན་མཁན་ལྟ་བུ་འཁོར་རྐྱང་པ་ལའང་བསམ་བློ་བཏང་ན་སངས་རྒྱས་ཞེས་པ་ཧ་ཅང་གི་རླབས་པོ་ཆེ་ཡིན་པ་ང་ཚོས་ཧ་གོ་དགོས་ཀྱི་ཡོད་རེད། དཔེར་ན་དེང་སང་ང་ཚོ་མིའི་ནང་ལ་ཆ་མཚོན་ནས་བསམ་བློ་བཏང་ན་ཆོས་བཤད་མཁན་བླ་མ་དང་མཁན་པོ་ལྟ་བུས་མི་ཁ་ཤས་ཏེ་ང་རང་ཚོ་བོད་རིགས་ལྟ་བུ་ལ་སྐད་ཆ་བཤད་ཤེས་པ་དང་། བླ་མ་དང་སྤྲུལ་སྐུ་ལྟ་བུ་གཞན་ཞིག་གིས་བོད་རིགས་ཙམ་མིན་པར་རྒྱ་གར་དང་། རྒྱ་ནག་དང་། མགོ་སེར་སོགས་མི་རིགས་མི་འདྲ་བ་ལ་སྐད་ཆ་བཤད་ཤེས་མཁན་ཞིག་ཡོད་ན་དེ་ལྟའི་མི་ནི་རླབས་པོ་ཆེ་ཡིན་པའི་བསམ་བློ་འཁོར་གྱི་ཡོད་རེད། དེ་དཔེ་དཀའ་ལས་ཁག་པོ་རེད། ང་དང་བཅས་འདིར་མཁན་པོ་མང་པོ་ཡོད་རེད། ང་ཚོ་མང་ཆེ་བས་ཕྲུ་གུ་ཆུང་ཆུང་ལོ་ལྔ་ཙམ་ཞིག་ལ་ཤེས་རབ་སྙིང་པོ་ཤོད་ཟེར་ན་ང་ཚོ་སུ་ཞིག་གིས་བཤད་ཤེས་མ་རེད། ལུང་འདོན་ན་འགྲིག་གི་རེད། ཡིན་ནའང་གོ་བརྡ་འཕྲོད་པ་ཞིག་བཤད་ཤེས་རྒྱུ་མ་རེད། གཟུགས་མེད། སྒྲ་མེད། དྲི་མེད་ལྟ་བུ་ཕྲུ་གུ་ལོ་ལྔ་ཅན་ལ་བཤད་ཀྱང་བཤད། ཕྲུ་གུ་ལོ་ལྔ་ཅན་དེས་དེ་ལ་ཧ་ཅང་སྙན་པོ་ཚོར་ནས་དེ་ལ་ཡ་མཚན་པོ་འདུག་ཟེར་ནས་སྒྲུང་བཤད་པ་ནང་བཞིན་དེ་ལ་ཉན་འདོད་ཡོད་པ་ལྟ་བུ་ང་ཚོས་གཏན་ནས་བཟོ་ཐུབ་ཀྱི་ཡོད་མ་རེད། གཞུང་དཀའ་ལས་ཁག་པོ་དག་མང་ཆེ་བ་ལ་བཤད་སྐབས་ཉོག་པོར་གྱུར་བས་གོ་རྒྱུ་མེད་པ་འགྱུར་གྱི་ཡོད་རེད། སངས་རྒྱས་ཀྱིས་མདོ་སྡེ་ཕལ་པོ་ཆེ་ལྟ་བུ་ཡིན་ན་ཆོས་གསུང་ཡུལ་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། ཐོག་མར་འགོ་འཛུགས་མཁན་ཚོགས་ལམ་ཆུང་ངུ་ལ་ཞུགས་པ་ཐོག་མའི་ལམ་ཞུགས་ཀྱི་གང་ཟག་དང་། དེ་མ་ཡིན་པ་གནོད་སྦྱིན་དང་གྲུལ་བུམ། དྲི་ཟ་སོགས་བསམ་གྱིས་མི་ཁྱབ་པ་ཡོད་ས་རེད། དེ་བས་ང་ཚོས་ད་ཐེངས་བཟང་སྤྱོད་སྨོན་ལམ་གྱི་སྐོར་ལ་འཆད་ཉན་བྱེད་སྐབས་གནད་འགག་ཆེ་ཤོས་ཤིག་ལ་བསམ་གྱིས་མི་ཁྱབ་པའི་གནས་དང་། བསམ་གྱིས་མི་ཁྱབ་པའི་སྐད་ཆ་ལ་ལམ་སེང་དགག་པ་རྒྱག་པ་དང་། ཉན་འདོད་མེད་པ་ལྟ་བུ་མ་ཡིན་པར་བསམ་གྱིས་མི་ཁྱབ་པའི་གནས་ལ་ག་ཚོད་ཡིན་ནའང་དོ་སྣང་བསླེབ་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལྟར་མ་བྱས་པར་ཐོག་མར་ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན་ཞེས་སྨོན་ལམ་འགོ་འཛུགས་སྐབས་ད་ལྟ་ཡོད་པའི་སངས་རྒྱས་ལ་ཕྱག་འཚལ་བ་རྣ་ཅོ་ལ་འགྲོ་བཞིན་ཡོད་པའི་དབང་དུ་བཏང་། འདས་པའི་སངས་རྒྱས་དྲན་ཙམ་བྱེད། འདས་པའི་སངས་རྒྱས་ལ་ཕྱག་འཚལ་བ་སེམས་པའི་ནང་དུ་ཤོང་གི་ཡོད་དམ་མེད། གང་ལྟར་དེའང་ཤོང་བའི་དབང་དུ་བཏང་། སངས་རྒྱས་ད་ལྟ་རྩ་བ་ནས་མ་ཕེབས་པ་མ་འོངས་པའི་སངས་རྒྱས་ལའང་ད་ལྟ་ནས་ཕྱག་འཚལ་བའི་སྐད་ཆ་བཤད་རྒྱུ་ཡོད་རེད། བསམ་བློ་བཏང་ཤེས་ན་དེ་དག་ཀྱང་རྣ་ཅོ་ལ་ཤོང་གི་རེད། སྡིག་པ་བཤགས་པའི་སྐབས་སུ་འདས་པའི་སྡིག་པ་བཤགས་རྒྱུ་ཡོད་པའི་བསམ་བློ་གཏོང་ཤེས་ཀྱི་ཡོད་རྒྱུ་རེད། ད་ལྟ་རང་བསགས་པའི་སྡིག་པ་ཐམས་ཅད་བཤགས་རྒྱུ་ཡོད་པ་བསམ་བློའི་ནང་ཤོང་གི་ཡོད་ན་ཅི་ཤེས། ད་ལྟ་སྡིག་པ་བཟོས་མ་ཟིན་པར་མ་འོངས་པའི་སྡིག་པ་ཐམས་ཅད་ཀྱང་ད་ལྟ་བཤགས་རྒྱུ་ཡོད་པའི་སྐད་ཆ་ཡོད་རེད། དེ་དག་ཀྱང་རྣ་ཅོའི་ནང་འགྲོ་ཐུབ་པར་བྱ་དགོས་རེད། རྡུལ་ཕྲན་གཅིག་གི་སྟེང་ལ་རྡུལ་ཇི་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་ཡོད་རེད་ཅེས་པ་ལྟ་བུ་བཟང་སྤྱོད་ནང་དུ་སྐད་ཆ་མང་པོ་ཡོད་རེད། དེ་ལྟར་ཡོད་པའི་རྒྱུ་མཚན་གོང་དུ་ཞུས་པ་ལྟར་ཕལ་ཆེན་གྱི་མདོའི་ནང་ནས་ཕྱུངས་ཡོང་བ་རེད། ཕལ་པོ་ཆེའི་མདོ་ལ་བསམ་བློ་གཏོང་སྟངས་ཁ་ཁ་ཡོད་རེད། ཕྱོགས་དང་། དུས་ཞེས་པ་ལ་ད་ལྟའི་ང་ཚོའི་བསམ་བློ་གཏོང་སྟངས་དཔེ་ཆུང་ཆུང་ཡོད་རེད། དཔེར་ན་མི་དག་གིས་ད་ལྟ་ས་རུབ་ལ་ཉེ་བ་རེད་བསམ་ནས་དེ་འདྲའི་དུས་ཚོད་ལ་སླེབ་པའི་སྣང་བ་ཤར་གྱི་ཡོད་རེད། ཁྱི་དང་ཞི་མི་དག་ལ་ས་རུབ་ཀྱི་ཡོད་ཡིན་ནམ་མིན་ཧ་གོ་དགོས་མ་རེད། ཁོང་ཅག་ལ་ཁོང་ཅག་གི་བསམ་བློ་གཏོང་སྟངས་ཤིག་ཡོད་རེད། དཔེར་ན་སང་ཉིན་དུས་རྒྱུན་དང་མི་འདྲ་བ་དུས་ཚོད་དྲུག་པའི་ཐོག་ཏུ་ཤོག་ཅེས་ད་ལྟ་དགེ་བསྐོས་ཀྱི་བརྡ་བརྒྱབས་ན་མ་འོངས་པའི་བསམ་བློ་ཡང་འདི་ལྟར་མ་གཏོགས་ཡོད་མ་རེད། ཕྱོགས་ཞེས་པའང་ཉི་མ་ཤར་ཡུལ་ལ་ཤར་དང་། ཉི་མ་ནུབ་ཡུལ་ལ་ནུབ་ཅེས་པ་བསམ་བློ་རྒྱ་ཆུང་ཆུང་མ་གཏོགས་ཡོད་མ་རེད། ཆེ་ཆུང་ཞེས་པའང་ད་ལྟ་ང་རང་ཚོ་ལ་བྱང་ཆུབ་ཤིང་གི་ཚད་ཆེ་ཆུང་འདི་ཙམ་ཞིག་མ་གཏོགས་བསམ་བློ་ཡོད་མ་རེད། དེ་བས་ཕལ་པོ་ཆེའི་མདོའི་ནང་དུ་གསུངས་པའི་ཚད་དང་། ཕྱོགས་དང་། དུས་ཚོད་དག་ནི་དངོས་གནས་བསམ་པའི་ར་བ་ལས་འདས་པ་ཡོད་རེད། ཕྱོགས་ཤིག་ནས་འདི་དག་བསམ་པའི་ར་བ་ལས་འདས་པ་ནི་སྒྲུང་བཤད་པ་ནང་བཞིན་བཤད་པ་ཡང་མ་རེད། གང་རེད་ཅེ་ན། གཙོ་བོར་ཕྱོགས། དུས། ཆེ་ཆུང་དག་ནི་བློས་སྒྲོ་བཏགས་པ་རེད། བློས་སྒྲོ་འདོགས་པ་ཡིན་པར་ཧ་གོ་ན་ཆེ་ཆུང་། བཟང་ངན། རིང་ཐུང་སོགས་ཀྱི་འཛིན་པ་དམ་སྤྲིན་སྤྲིན་དེ་མེད་པར་ཆགས་འགྲོ་ཡི་རེད། ཕལ་པོ་ཆེའི་མདོ་དངོས་གནས་ཧ་ཅང་རྒྱ་ཆེན་པོ་རེད། དེའི་ནང་ལ་སྡོང་པོ་བཀོད་པའི་མདོ་ཞེས་ཚན་པ་གཅིག་ཡོད་རེད། སྡོང་པོ་བཀོད་པའི་མདོ་ཡང་ཧ་ཅང་རྒྱ་ཆེན་པོ་རེད། སྡོང་པོ་བཀོད་པའི་མདོའི་ནང་དུ་ཤིན་ཏུ་ངོ་མཚར་བའི་གཏམ་རྒྱུད་མང་པོ་ཡོད་རེད། གཙོ་བོར་བོད་སྐད་དུ་གཞོན་ནུ་ནོར་བཟང་རེད། རྒྱ་གར་སྐད་དུ་སུ་དྷ་ན་ཟེར་གྱི་རེད། གཞོན་ནུ་ནོར་བཟང་གིས་འཕགས་པ་འཇམ་དཔལ་དབྱངས་མཇལ་ཏེ་སྐུ་མདུན་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དཔེ་མ་སྲིད་སློབ་སྦྱོང་བྱས། ཐོས་བསམ་སྒོམ་གསུམ་གནང་། འཕགས་པ་འཇམ་དཔལ་དབྱངས་ཀྱིས་ཁྱོད་རང་འདི་ནས་ཕར་སོང་ན་ཡུལ་དེ་དང་དེ་ལྟ་བུ་ལ་བྱང་ཆུབ་སེམས་དཔའ་འདི་དང་འདི་ལྟ་བུ་ཡོད་རེད། ཁྱོད་ཀྱིས་དེ་ལ་བླ་མ་བསྟེན་དགོས་རེད་ཅེས་དེའི་སྐུ་མདུན་ལ་བཏང་། གཞོན་ནུ་ནོར་བཟང་གིས་དཀའ་བ་མང་པོ་སྤྱད་དེ་ཡུལ་དེར་ཕེབས། བྱང་ཆུབ་སེམས་དཔའ་དེ་དང་མཇལ། དེའི་སྐུ་མདུན་ནས་ཆོས་ཞུས། ཉམས་ལེན་གནང་། ཡང་བྱང་ཆུབ་སེམས་དཔའ་དེས་ལུང་པ་འདི་དང་འདི་ལྟ་བུ་ཞིག་ལ་བྱང་ཆུབ་སེམས་དཔའ་དེ་དང་དེ་ལྟ་བུ་ཞིག་བཞུགས་ཡོད་རེད། དེའི་སྐུ་མདུན་ལ་ཁྱོད་སོང་ཞེས་གཞོན་ནུ་ནོར་བཟང་མངགས། དེ་ལྟར་གཞོན་ནུ་ནོར་བཟང་གིས་བླ་མ་ལྔ་བཅུ་ང་གསུམ་ལ་བསྟེན་པའི་སྐོར་སྡོང་པོ་བཀོད་པའི་མདོའི་ནང་དུ་ཡོད་རེད། བླ་མ་དག་གི་ཟོལ་ལྟ་དང་། བླ་མ་དག་གི་ཕྱག་ལས་གནང་སྟངས་ལ་དངོས་གནས་བསམ་གྱིས་མི་ཁྱབ་པ་ཡོད་རེད། བླ་མ་ཕལ་ཆེར་ཉི་ཤུ་ལྷག་བུ་མོ་རེད། བླ་མ་ཁ་ཤས་རབ་ཏུ་བྱུང་བ་དང་དྲང་སྲོང་རེད། བླ་མ་ཁ་ཤས་ཧ་ཅང་གི་སྟོབས་འབྱོར་ཅན་གྱི་ཚོང་པ་རེད། བླ་མ་གཅིག་ཕྲུ་གུ་རེད། ཕྲུ་གུ་ལོ་བརྒྱད་དགུ་ཅན་ཞིག་རེད། དེ་དག་གི་སྐུ་མདུན་ནས་དཀའ་བ་མང་པོ་སྤྱད་དེ་ཆོས་ཞུས། མཐའ་མའི་མཐའ་མ་ལེའུ་ལྔ་བཅུ་ང་གསུམ་པ་ལ་བྱང་ཆུབ་སེམས་དཔའམ་བླ་མ་ཀུན་ཏུ་བཟང་པོ་དང་མཇལ་བ་རེད། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་བྱང་ཆུབ་སེམས་དཔའི་ཆོས་ཉམས་སུ་ལེན་སྟངས་སྐོར་ལ་གཙོ་བོར་སྨོན་ལམ་གྱི་སྟེང་ནས་གནང་གི་ཡོད་པས་སྡོང་པོ་བཀོད་པའི་ལེའུ་ཐ་མ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རེད། སྨོན་ལམ་རྒྱག་རྒྱུ་དངོས་གནས་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་ས་རེད། བོད་ཀྱི་དགོན་པ་དག་གི་ནང་དུ་ཤེས་རབ་ཀྱི་ལྷ་འཕགས་པ་(འཇམ་དཔལ་དབྱངས་)སྤྱན་རས་གཟིགས་ཀྱི་སྐུ་འདྲ་ཡོད་རེད། སྙིང་རྗེའི་ལྷ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་ཡོད་རེད། སྨོན་ལམ་འགྲུབ་པའི་ལྷའམ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མང་པོ་མཇལ་རྒྱུ་ཡོད་མ་རེད། ཡིན་ནའང་བཟང་སྤྱོད་མི་འདོན་མཁན་ཕལ་ཆེར་ཡོད་མ་རེད། ཚང་མས་བཟང་སྤྱོད་འདོན་གྱི་ཡོད་རེད། ཀུན་ཏུ་བཟང་པོ་རྒྱ་ནག་ཕྱོགས་ལ་ཧ་ཅང་དར་ཁྱབ་ཆེན་པོ་ཡོད་ས་རེད། དེ་མིན་ཐེ་ལན་ཌ་དང་། ལའོ་ཟི་ཞེས་པའི་ས་ཆ་དག་ཏུ་ཀུན་ཏུ་བཟང་པོ་གོ་རྒྱུ་ཡོད་ས་རེད། མང་ཆེ་བས་ཧ་གོ་ཡི་རེད། སྔ་འགྱུར་རྙིང་མའི་སྐབས་སུ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཞེས་བཤད་རྒྱུ་ཡོད་རེད། སྤྱིར་ན་ངོ་བོ་གཅིག་པ་རེད། ཡིན་ནའང་འདི་དང་འདྲ་ཡི་མ་རེད། གོང་དུ་ཞུས་པ་ལྟར་སྨོན་ལམ་རྒྱག་པ་དངོས་གནས་ཧ་ཅང་གལ་ཆེན་པོ་རེད། གང་རེད་ཅེ་ན། ང་ཚོའི་ལས་ཀ་དག་ལས་ཕལ་ཆེར་བཟོ་ཐུབ་པ་སྨོན་ལམ་རྒྱག་པ་ལས་ཡོད་ས་མ་རེད། རབ་ནས་རབ་ཏུ་བྱུང་ན་བདག་མེད་རྟོགས་པའི་ཤེས་རབ་སྒོམ་དགོས་རེད། ཡིན་ནའང་དཀའ་ལས་ཁག་པོ་རེད། ལས་དང་པོ་པ་ལ་སྐད་ཆ་བཤད་ན་གོ་ཡི་ཡང་མ་རེད། བྱང་ཆུབ་ཀྱི་སེམས་དང་། བྱམས་དང་སྙིང་རྗེ་ཞེས་པ་དེ་དག་ཏོག་ཙམ་ཏོག་ཙམ་སྐར་མ་རེ་རེ་ཙམ། གཉིས་རེ་ཙམ་རེད། མུ་མཐུད་དེ་རྒྱུན་ཆད་མེད་པར་སྒོམ་ཟེར་དགོས་ན་ཧ་ཅང་དཀའ་ལས་ཁག་པོ་རེད། ངེས་འབྱུང་དང་། དཀོན་མཆོག་གསུམ་ལ་ཡིད་ཆེས་དང་དད་པ་ཞེས་པ་དེ་དག་དཀའ་ལས་ཁག་པོ་ཡོད་རེད། སྤྱིར་ན་དཀོན་མཆོག་གསུམ་ལ་དད་པ་བྱེད་དགོས་པ་ཡིན་པ་དང་། དེ་དག་ལ་ངེས་ཤེས་ཡོད་པ། དཀོན་མཆོག་གསུམ་དངོས་གནས་རྩ་ཆེན་པོ་རེད་ཅེས་བསམ་ཤེས་མཁན་ཡོད་ནའང་དད་པ་རྒྱུན་ཆགས་སུ་སྡོད་པར་དཀའ་ལས་ཁག་པོ་རེད། གོང་དུ་ཞུས་པ་ལྟར་བསམ་གྱིས་ཁྱབ་པའི་ཡོན་ཏན་དཔེར་ན་དད་པ་དང་། སྙིང་རྗེ་དང་། བྱམས་པ་ཞེས་པ་དེ་དག་དཀའ་ལས་ཁག་པོ་ཡིན་ན། བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དག་ནི་སེམས་ནང་དུ་འཁོར་ཡང་མི་ཤེས་པ་ཡིན་པས་དཀའ་ལས་ཁག་པོ་རེད། དེ་བས་དད་པ་སྐྱེ་བར་ཤོག ངེས་འབྱུང་སྐྱེ་བར་ཤོག བྱང་ཆུབ་ཀྱི་སེམས་སྐྱེ་བར་ཤོག ཡིད་ཆེས་སྐྱེ་བར་ཤོག་ཅེས་སྨོན་ལམ་རྒྱག་པ་ང་ཚོས་བཟོ་ཐུབ་ཀྱི་ཡོད་རེད། དེ་ལས་ཀྱང་ལྷག་པ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་དང་། སྟོང་ཉིད་ཀྱི་དོན་ཧ་གོ་བ་སོགས་སྨོན་ལམ་བརྒྱབས་ན་འགྲིག་གི་ཡོད་རེད། སྨོན་ལམ་ཞེས་པ་གཙོ་བོར་དོན་དུ་གཉེར་བ་སྟེ། ང་ལ་འདི་ལྟར་དགོས་ཀྱི་འདུག འདི་ལྟར་ཡོང་བར་ཤོག་ཅེས་སོགས་ཀྱི་བསམ་བློ་གཏོང་སྟངས་ཤིག་རེད། དེ་ལྟར་དོན་དུ་གཉེར་བས་དེའི་ལས་ལ་རང་བཞིན་གྱིས་ལུས་ངག་ཡིད་གསུམ་པོས་དཀའ་ལས་རྒྱག་ཡོང་གི་རེད། དེ་གཅིག་ཡིན། སྨོན་ལམ་དེའང་འགྲུབ་རྒྱུ་ཡོད་པའི་སྨོན་ལམ་རྒྱག་དགོས་རེད། བསྒྲུབ་རྒྱུ་ཡོད་པའི་སྨོན་ལམ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལས་ལྷག་པའི་སྨོན་ལམ་ཞིག་འགྲུབ་ཡོང་རྒྱུ་ཡོད་མ་རེད། དཔེར་ན་ཚེ་རིང་པོ་འགྱུར་བར་ཤོག་ཅེས་བསམ་ནས་སྨོན་ལམ་བརྒྱབས་ནའང་ཞག་མ་རེ་རེ་ཙམ། ཟླ་བ་རེ་རེ་ཙམ། ལོ་ཁ་ཤས་རིང་དུ་འགྲོ་ན་མ་གཏོགས་རྦད་དེ་འཆི་རྒྱུ་མེད་པའི་སྨོན་ལམ་འགྲུབ་རྒྱུ་མེད་པ་རེད། དེ་བཞིན་དུ་རྒྱུ་ཕྱུག་པོ་འགྱུར་བ་དང་། ནད་མེད་པ་འགྱུར་བ་སོགས་རྦད་དེ་འགྲུབ་པ་ཧ་ཅང་དཀའ་མོ་རེད། ཅུང་ཙམ་ཅུང་ཙམ་འགྲུབ་ཀྱི་ཡོད་ན་ཅི་ཤེས། བསྒྲུབ་རྒྱུ་ཡོད་པའི་སྨོན་ལམ་བརྒྱབས། དེའང་བསྒྲུབ་རྒྱུ་ཡོད་པའི་སྨོན་ལམ་གོང་དུ་ཞུས་པ་ལྟར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པར་བསྒྲུབ་རྒྱུ་ཡོད་རེད། བསྒྲུབ་རྒྱུ་ཡོད་པའི་རྒྱུ་མཚན་ནི། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་གཞི་བདེ་བར་གཤེགས་པའི་སྙིང་པོ་ཡིན་པའི་རྒྱུ་མཚན་གྱིས་རེད། སྤྱིར་ན་རང་རང་སོ་སོའི་ཚེ་རིང་བ། ནད་མེད་པ། འཛམ་བུ་གླིང་ཞི་བདེ་ཡོང་བ། སྐྱིད་པོ་ཡོང་བ། བདེ་མོ་ཡོང་བའི་ཆེད་དུ་བརྒྱབས་ན་འགྲིག་པ་རེད། མ་འགྲིག་པ་ཡོད་མ་རེད། དེ་བས་སྨོན་ལམ་རྒྱག་པ་གལ་ཆེ་ཤོས་རེད། དེ་རིང་གི་ཆོས་ཐུན་དེ་ཡིན།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*