བེར་དུག
རིང་ཐུང་མི་ཚེའི་ལས་ཀྱི་བྱ་གཞག་ལ།།
འཚོ་བའི་འབྱོར་འདོད་ལྡན་པའི་ཡལ་འདབ་ཅིག།
བཙན་གྱིས་མ་བསྐོས་ངང་གིས་འཁོར་བ་འདི།།
ཆོས་ཉིད་ཟབ་མོའི་གནད་ཀྱི་ལྡེ་མིག་ཅིག།
མི་ཡུལ་ཐང་ལ་འགྲིམས་པའི་ལུས་པོ་འདི།།
དར་རྒུད་ཡག་བཙོག་འགྱུར་བ་མང་མོད་ཀྱང་།།
རིག་པའི་བུ་ཆུང་སྐྱེ་བའི་ནང་རྟེན་ལ།།
འཕེལ་འགྲིབ་བྱུང་ཚེ་ཕམ་ཉེས་ལེགས་ཆ་མང་།།
ཡུན་ཏུ་བརྟེན་པའི་ལས་ཀྱི་བྱ་གཞག་ལ།།
སྐྱོ་ཉམས་སུན་པའི་སྣང་བ་མང་མོད་ཀྱང་།།
ལན་ཆགས་ཡིད་ལ་འཁོར་བའི་སྣང་བ་འདི།།
མ་བཏང་ཚེ་ཡིས་གཏན་གྲོགས་ཡུལ་དུ་བཀུགས།
ལོ་ཟླའི་འཁོར་བརྩེག་རིང་མོའི་ཡུལ་ངོས་སུ།།
མི་ཚེ་ཕྱེད་ཀ་བསྐྱལ་བའི་སྣང་བ་འདི།།
སྐྱོ་རུང་སླར་ཕེབས་གནང་བ་མི་འདུག་པས།།
དེའི་ཕྱིར་ཞེན་ཙམ་ལོག་པའི་ཡུལ་དུ་གྱུར།།
དགའ་སྐྱོའི་ངར་ཁ་བཙན་པའི་འཇིག་རྟེན་ན།།
རླུང་ལས་མྱུར་བའི་སྣང་བའི་ཡུལ་ཁམས་སུ།།
འདུ་འབྲལ་འགྱུར་ལྡོག་རི་མོའི་ཚོན་ཁ་ལ།།
བཅོས་མིན་སྐྱོ་བའི་ངུ་སྐད་ཤར་ཤུར་སྒྲོག།
ལན་ཆགས་ཟབ་མོ་ཞིག་གི་མདུན་དྲུང་དེ།།
བག་ཆགས་སྟུག་པོ་བསྐྱེད་པའི་ཞིང་དུ་གྱུར།།
འདུ་འཛི་རྒོད་པའི་མི་ཚོགས་མོད་པའི་ཁམས།།
ཡིད་དབང་བསླུ་བའི་སྒྱུ་མའི་གར་མཁན་མང་།།
འཛད་མེད་བསྐྱར་ཟློས་མང་བའི་ཡུལ་ཁམས་སུ།།
ངེས་འབྱུང་མེད་ཀྱང་སུན་པའི་གཤོག་རྩལ་རྒྱས།།
སྐྱིད་ལ་འབད་པར་འདོད་ཀྱང་སྡུག་སྣེ་ལ།།
མ་བརྩོན་ངང་གིས་འཁོར་བ་ཆོས་ཉིད་ཅིག།།
འབད་པ་རི་བོ་བརྒྱ་ཡི་ཕར་ངོགས་སུ།།
འབྲས་བུ་ཡུངས་འབྲུ་རྡུལ་གྱི་གོང་བུའི་ཚད།།
ཡུན་རིང་བསགས་པ་སྲིད་པའི་བྱ་གཞག་ལ།།
མི་སྐྱོའི་སྣང་བ་གཅིག་ཀྱང་ཡོད་མི་འགྱུར།།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.