ལྷ་མོའི་གདོང་དང་འདྲ།

ངོ་གདོང་དེ་ནི་ལྷ་མོའི་གདོང་དང་འདྲ།

                                             བདེ་ཆེན་རང་གྲོག

མ་ཡུམ་ལ་གཟུགས་མཐོང་ཁ་པར་ལས་ཁ་བརྡ་གློད་རྗེས།


འབྲོག་རུ་སྡེ་ཆེ་རྒྱུ་ཆུང་རྒྱུ་མེད་ས་དེ་ག་ན།།
ངའི་མ་ཡི་འཛུམ་ལ་མེ་ཏོག་རྐང་གཅིག་བཞད་པ་མཐོང་།།
ད་དྲང་མོར་བཤད་ན་མེ་ཏོག་ཟེར་ཡང་འཛུམ་ཆུང་ལ།།
ངས་དཔེ་རུ་བཞག་སྟེ་བཤད་འདོད་ཞེ་ལ་ཤར་བས་ཡིན།།
མིའི་གདོང་དུ་མེ་ཏོག་རྐང་གཅིག་བཞད་པ་མཐོང་རྒྱུ་མེད།།
དོན་དེས་ཕྱིར་དཔེ་རུ་དྲངས་བ་ཡིན་པ་ངེས་པར་གྱིས།།


ཉ་གང་ཟླ་བ་དོ་ནུབ་ཤར་གྱི་མ་བྱུང་ཐལ།།
ཟླ་བ་ཚང་དུ་ལོག་ནས་ཡུན་རིང་འགོར་བ་འདྲ།།
དེ་མིན་ཟླ་བ་མ་དང་འཕྲད་དུ་སོང་བ་འདྲ།།
ཟླ་བ་གོར་གོར་ཟིག་ནི་ཉིན་འགར་མ་རིག་ཐལ།།
དོ་ནུབ་གོར་གོར་ཅི་ཞིག་ང་ཡིས་རིག་པ་དེ།།
ཟླ་བ་ཨེ་ཡིན་སྙམ་ནས་དོགས་པ་སྐྱེ་དགོས་བྱུང་།།
རེད་དེ་ཟླ་བ་མིན་པ་ང་ཡི་གསལ་བོ་ཤེས།།
ཞེ་དྲག་དགའ་བ་བྱུང་སྟེ་ང་ཡི་མ་ལོ་ཡང་།།
རྟག་ཏུ་ཉ་གང་ཡིན་པའི་ཟླ་བ་ཡིན་ན་སྙམ།།


ཕྱི་ནང་རྒས་ཀྱི་མེད་ན་གནམ་གྱིས་སྲུང་བ་ཨེ་ཡིན་ན།།
དེ་ན་གནམ་གྱིས་སྲུང་བའི་ཆག་དུ་ག་ལེར་བཞག་པ་ན།།
ནམ་ཞིག་གནམ་ཡང་སྐྱོ་བའི་ཟོལ་གྱིས་མ་ཡི་ཕྱི་ནང་གཉིས།།
ག་ལེར་རྒས་ཚུལ་སྣང་ན་སེམས་ཀྱི་ཆུ་མོ་འཁྱག་སིབ་སིབ།།
འདི་ནི་ང་མིན་གཞན་གྱིས་ཀྱང་ནི་མཐོང་ན་ལོས་ཀྱང་ཚོར།།

གདོང་དཀར་བོ་ཡིན་ན་ཟླ་བ་ག་ལ་ཡིན།།
ངའི་མ་ཡི་གདོང་དེ་དཀར་བོ་པདྨ་ཡིན།།
ཆེས་མཛེས་པ་དེ་ཡང་མ་ཡི་ཞལ་ངོ་འོ།།


སྐད་འཕྲིན་སྒང་ནས་གཟུགས་མཐོང་ཁྱོད་སར་བསྐུར།།
ཁྱོད་ཀྱི་འཛུམ་མདངས་མེ་ཏོག་མཛེས་པ་སྣང་།།
ཁ་དཀར་རྐྱང་གི་ངང་ཚུལ་ཡིན་ནམ་ཅི།།
ཁ་ལས་བཀྲ་ཤིས་སྨོན་ཚིག་སྨྲ་བ་ཐོས།།

མིག་གིས་ཁྱོད་སར་ལྟ་དུས་དྲིན་ཆེན་མ།།
གདོང་གི་གཉེར་རིས་མང་པོ་ལམ་ཕྲན་འདྲ།།
མི་ཚེའི་ཀྱག་ཀྱག་ལམ་ཕྲན་འདི་ཉིད་འདྲ།།


ཉིན་རེ་རེ་བརྩིས་ན་འཆུག་འགྲོ་འུ།།
ཟླ་རེ་རེ་བརྩིས་ན་འཛོལ་འགྲོ་འུ།།
གང་ལྟར་ཀྱང་ཉིན་ཞགས་མ་ནོར་བར།།
དྲིན་མ་ལོ་རྩུབ་ན་ཡོད་ན་སྙམ།།


དྲིན་མ་ལོ་བཤད་ན་རྡོ་བརྐོས་རི་མོ་ག་ལ་ཡིན།།
དྲིན་མ་ལོ་བཤད་ན་ལྷ་མོ་སྒྲོལ་མ་དཀར་མོ་འདྲ།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*