ཀ་མད་དབྱངས་ཀྱི་འཕག་འཚག

                                                                                      བེམ་པོ།

ཀ༵་ཡེ་དར་ཅིག་གསོན་དང་རི་བོ་མཐོན་པའི་ཞབས་སུ་ཝེར་མ་འབོད་པའི་ཀི༵་ཞིག་གཏབ།།
ཁ༵་ལག་བསྐུམས་ནས་བསྡད་དེ་ཅི་བྱ་རྨོངས་ལས་སད་ཅིག་རིགས་ཞེན་ཁུ༵་བོའི་རྗེས་སུ་བསྙེག།
ག༵་ཤེད་དབྱར་མཐིལ་མཛེས་པའི་མེ་ཏོག་དྲི་ངད་འཐུལ་ཡང་ངེས་མེད་བད་ཀྱིས་གེ༵་སར་གཞོམ།།
ང༵་དང་གདོང་རྒྱུད་གཅིག་གི་ཤ་ལས་མཆེད་པའི་གངས་དཀར་རིག་པའི་ཁྱུ་ཚོགས་ངོ༵་ལ་བསྐུལ།།


ཅ༵་ཅོའི་གཏམ་གྱིས་གཞན་འཕྱ་མི་སྨོད་བདེན་སྟོབས་རིགས་པའི་རྩལ་ཆེན་རྫོགས་ན་ཅི༵་མ་རུང་།།
ཆ༵་ལུགས་ངེས་མེད་བཀླུབས་ཏེ་རྒྱ་གྲོང་བུ་མོར་ཡུན་ཙམ་སེམས་ལྷོད་བབ་པའི་ཆུ༵་ཚོད་མེད།།
ཇ༵་ཆང་འཐུང་ཡུན་སྲིད་པ་རྒན་པོས་ཤ་ལ་རོལ་ཞིང་རྔམ་སྲེད་ཇེ་ནས་ཇེ༵་ཆེར་གྱུར།།
ཉ༵་ཉོག་འཇིག་རྟེན་འཁོར་བ་མི་ཡིས་ཁྱིམ་རྒྱུད་གསོ་བའི་རྒྱུ་རྫས་སྣ་ཚོགས་ཉོ༵་ལོས་དགོས།།


ཏ༵་ལེ་ཤར་བའི་འཛུམ་དམུལ་བྱམས་པའི་བཞིན་རས་རིག་པས་དཔྱོད་ཚེ་ནག་ནོག་ཏི༵་ཕུ་མཚུངས།།
ཐ་ཤལ་སྤྱོད་པའི་རིགས་ངན་ཐད་གཏོང་ནང་ནས་ཁ་དམེ་འཁྲུགས་རྩོད་མཆིལ་མ་ཐུ༵་ཐུ་བཏབ།།
ད༵་དུང་དེས་ཀྱང་མི་ཆོག་གཞན་སར་རང་རིགས་སྨད་སར་འཕངས་པའི་འདུ་ཤེས་དེ༵་ག་ལགས།།
ན༵་ཆུང་གཞོན་པའི་དུས་ཀྱི་གནས་བབ་མཐོང་ན་སེམས་ཀྱི་ན་ཟུག་ལྕིད་དམ་ནོ༵་ནོ་ལགས།།


པ༵་སྡེ་མི་ཤེས་དགེན་ཚེ་ཐར་གྱིས་བྱེད་པ་མཆུ་སྒྲོས་ལ་བརྟེན་དབྱངས་ཅན་པི༵་ཝང་དཀྲོལ།།
ཕ༵་ཀིན་མཁའ་མཐའ་འགྱིང་པའི་རི་ཚོགས་དེ་དག་མི་རབས་སྔ་མའི་ཟིལ་ཤུགས་ཕུ༵་ནུའི་བརྗིད།།
བ༵་དང་འབྲི་མོའི་འོ་ཞོ་མངར་མོས་རིགས་རྒྱུད་སྲོག་གི་གཙུག་སར་བཟུང་སྟེ་བེ༵འུ་བཞིན་གསོས།།
མ༵་གི་གཙང་ཆུའི་བཞུར་རྒྱུན་རིང་མོ་ཟུང་ཁྲག་གཅིག་པའི་དན་རྟགས་ཡིན་ནམ་མོ༵་པ་ཀྱེ།།


ཙ༵་གེ་ཙིག་གེའི་གནས་སུ་འཇུག་ན་ལོ་ཟླའི་འདས་ཤུལ་ཞེ་འགྱོད་གནང་བས་ཨ་ཙི༵་དོར།།
ཚ༵་གདུག་ཉི་མ་འདྲ་བུས་མི་སེམས་གདུང་ན་དེ་ལ་བློ་ཐབས་ལོས་ཡོད་ཚུ༵་ཤོག་དང་།།
ཛ༵་དྲག་ཆེན་པོ་མདུན་སར་སྤུངས་ཀྱང་ཡིད་ཕངས་མ་གནང་ལག་སྦྲེལ་མཉམ་གྱིས་ཛེ༵་ཏཱ་ར།།
ཝ༵་མོ་བཞིན་དུ་གཉོམ་དུང་དུང་གིས་འཚོས་ནས་ཅི་བྱེད་བརྙ་སྨོད་ཁུར་ན་ཝོ༵་རེ་བརྒྱལ།།


ཞ༵་ཞིའི་དུས་ཀྱི་ཤུལ་ལམ་ཡང་ཡང་འཚོལ་ན་ང་ནི་གླེན་ཞིང་སྤྱོད་པ་ཞི༵་ཞིང་དུལ།།
ཟ༵་ཟེད་འཁྲུག་སློང་གིས་ནི་སྤྱི་ཚོགས་ལྷིང་འཇགས་དཀྲུགས་ཤིང་སེམས་ཀྱི་ཕྱི་ནང་ཟུ༵ག་ངུ་སྐྱེད།།
འ༵་ལེ་འོལ་ལེས་མི་ཚེ་དོན་མེད་མི་གཏོང་སེམས་ཐག་ཉེ་བའི་མི་བུ་འེ༵་ཅག་ཚོར།།
ཡ༵་ཐོད་མིག་ལྟར་གཅེས་པའི་བརྩེ་བའི་མི་ལ་སེམས་ཀྱི་གཏད་སོ་གཏན་དུ་ཡ་ཡོ༵་མེད།།


ར༵་རི་མེད་པའི་འཛམ་གླིང་ཐ་གྲུ་ཀུན་གྱི་ཡང་རྩེན་ནུབ་མེད་ཁ་བ་གངས་རི༵འི་ཡུལ།།
ལ༵་དང་ལུང་པར་རིགས་རྒྱུད་གཅིག་མཆེད་གཉིས་མཆེད་མི་རིགས་སྔ་མའི་ཕྲེང་ཐག་ལུ༵་གུ་རྒྱུད།།
ཤ༵་ཚའི་མེས་པོའི་བཀའ་དྲིན་འཇལ་འདོད་ཡོད་ན་སྐད་ཡིག་གཅེས་བཟུང་གཞན་པས་ཤེ༵་མི་ཆོད།།
ས༵་ཁྲའི་ཤོག་ལེའི་དཀར་པོའི་ངོས་སུ་མི་རིགས་མི་འདྲ་ཁྲི་མ་འབུམ་གྱི་སོ༵་སོར་ཕྱེས།།

༨.
ཧ༵་ཅང་འཁྱུག་པའི་རྩོམ་རྩལ་མེད་པས་དཔྱོད་ལྡན་ཀློག་པ་པོ་ཚོས་འཕྱ་བའི་ཧི༵་ཧི་བགད།།
ཨ༵་ཁུ་སྒོ་ཤེས་རྒྱ་མཚོའི་ཤེས་རབ་ཉག་ཕྲ་ཙམ་ལ་དབུལ་ཕངས་ང་ཡིས་ཨུ༵་ཚུགས་བྱེད།།
ཧ༵་ལམ་ཀ་མད་དབྱངས་ཀྱི་ཚིག་ཚོགས་རིལ་བོ་བྲིས་ཚར་སེམས་ངལ་གསོ་བའི་ཧེ༵་ཞེས་འབྱིན།།
ཨ༵་མཚར་ཚིག་ཚོགས་འཁྱོོགས་པོས་ཀ་མད་དབྱངས་ཀྱི་གར་སྟབས་ཤོག་ངོས་བྲིས་ནས་ཨོ༵་ལེ་རྫོགས།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*