ཁེར་རྐྱང་གི་ལམ་ཕྲན།

                                                  རེ་སྨྱུག དཀར་མཛེས།

མཚན་མོ་དེ་སྐར་ཚོགས་ཀྱི་འདུ་འགོད་ལངས་དུས།
ཁྱེད་ཀྱི་ཡིད་ཆེས་དེ་ཅི་འདྲའི་མཛའ་ཨང་།

མཚན་མོ་དེ་ཆུ་བོ་སྔ་ལྟར་བཞུར་དུས།
ཁྱེད་ཀྱིས་མ་འོངས་པའི་མྱུ་གུ་མགོ་ལྕོག་ལྡེམ་པར་མཐོང་།

མཚན་མོ་ཧ་ཅང་ལྷིང་འཇགས་ངང་བཞུགས་དུས།
ཁྱེད་ཀྱི་ནམ་མཁའ་མག་མོག་ཏུ་གྱུར།

དུས་ཚོད་ཀྱི་ཚག་སྒྲ་བར་མེད་དུ་སྒྲོག་དུས།
ཁེར་རྐྱང་གི་མིག་ཟུང་ཅི་འདྲའི་སྙིང་རྗེ་བ་ཞིག་མིན།

ལུས་སེམས་བྲེལ་ཟིང་གིས་ཁེངས་དུས།
རྨི་ལམ་གྱི་གཞིས་སུ་འཁོར་བའི།
བྱིས་བཙས་ཀྱི་སྟ་གོན་ཁེར་རྐྱང་གིས་བྱས་སམ།

མཐའ་ཡས་པའི་རྩྭ་ཕྲན་རྒྱུ་བའི་མེ་ཏོག་ལ།
ཁེར་རྐྱང་གིས་ལག་སྙོབ་བྱེད་དུས་ཁྱོད་རང་མིག་ཆུ་བཏང་ཡོད།

ངས་ཁྱེད་ཀྱི་མུན་པ་མཐུག་པོའི་མཚན་མོ་དེ་ལྟར་དྲན་ན།
ཁྱོད་ཀྱིས་སྙིང་ཉེ་བའི་མི་དག་ག་ཚོད་དྲན་ཡོད་སྙམ།

ཁྱོད་ཀྱི་ལག་པ་སྲིངས་བའི་ཁང་སྟོང་ནང་།
དངངས་སྐྲག་གིས་འགྲེང་བ་ཐེ་མི་ཚོམ།

ཁེར་རྐྱང་གི་ནམ་མཁའ་མིག་ཆུ་ལ་བསྒྱུར་དུས།
སེམས་ཀྱི་ན་ཟུག་ཁོག་ཏུ་མིད་ཡོད།

ར་རོ་བའི་མུན་ཁང་དེ་ནས།
ཁྱོད་ཀྱིས་རེ་བཅོལ་དང་མི་ཚེའི་མིག་ཟུང་ཁྱེར་ནས།
མཐའ་ཡས་པའི་བརྩེ་དུང་གི་ཀློང་ནས།
གྲིབ་མའི་གཞུང་ནས་ཆས།

ཁྱོད་རང་དེ་ལྟར་ཁེར་རྐྱང་གིས་ལམ་ཕྲན་དེ་ནས།
ཕྱི་མིག་ཐེངས་ཇི་ཙམ་འཕངས་ནས་སོང་།

                                      ༢༠༢༡/༩/༩ ཉིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*