ཚབ་མཚོན།

༼ ཞར་བཀོད་གཉིས། ༽ སྦྲུལ་ཞགས། གོ་འཇོ།

ཁྱོད་དྲན་ཚེ
ཁོག་སྟོད་སྨད་ནས་རྒྱུ་བའི་ཆུ་ཐིགས་རེ་རེས
མཁུར་མགོ་ནས་རིམ་གྱིས་བྱད་གཞི་བརླན་སོང་ནའང
གཅེས་འདང་གི་མདུད་པས་དམ་དུ་སྦྲེལ་བའི་ཚབ་མཚོན་ཡིན

ཁྱོད་དྲན་ཚེ
སེམས་ཀྱི་གཏིང་རིམ་ནས་བཙིར་བའི་འཁུན་སྒྲ་རེ་རེས
མི་རྐྱང་ཞིག་གི་ལང་ཚོ་མནར་གཅོད་ཀྱིས་རྨས་ནའང
དམ་ཚིག་གི་ཁ་ཞེང་རབ་ཏུ་ཆེ་བའི་ཚབ་མཚོན་ཡིན

ཁྱོད་དྲན་ཚེ
མིག་ལམ་དུ་དགུན་ཁ་ཚེས་པའི་འདར་སིག་རེ་རེས
གྱེས་འཁང་གི་བྱང་རླུང་བསྟུད་མར་ལྡང་ནའང
མཛའ་འབྲེལ་གྱི་མེ་དཔུང་སྟུག་པའི་ཚབ་མཚོན་ཡིན

ཁྱོད་དྲན་ཚེ
ངོ་གདོང་ལ་འཛུམ་པ་བོར་བའི་ཉིན་ཞག་རེ་རེས
སྡིག་སྒྲིབ་ཀྱི་ཁྲག་ཞུན་ནག་པོ་འཕེལ་ནའང
ཕངས་མེད་པའི་བརྩེ་བ་ཟབ་མོའི་ཚབ་མཚོན་ཡིན

ཁྱོད་དྲན་ཚེ
གླུ་སྐད་ལ་གསོན་ཉམས་དབེན་པའི་ཙིར་སྒྲ་རེ་རེས
ཉན་བྱེད་ཀྱི་འགག་འཕྲང་ཤིན་ཏུ་དུབ་ནའང
བཀྱེལ་ཡངས་ཀྱི་གུས་ཚིག་སྣུམ་པོའི་ཚབ་མཚོན་ཡིན

ཁྱོད་དྲན་ཚེ
སོས་ཀ་ལྟ་བུའི་དྲོ་གྲང་གི་རྣམ་འགྱུར་རེ་རེས།
འཚོ་ཚིས་ལ་ཡི་ག་གཞི་ནས་འགག་ནའང
སྨོན་འདྲིན་གྱི་ལོ་ལེགས་རྒྱས་པའི་ཚབ་མཚོན་ཡིན

ཁྱོད་དྲན་ཚེ
མུན་འོབས་ཀྱི་འཇིགས་པས་སྟོང་སེང་གི་ན་བུན་རེ་རེས
ཡུས་ཡུས་ཀྱི་ལྗོན་པའི་འདབ་ལོ་གྲུག་སོང་ནའང
དཔྱིད་ཆར་གྱི་བྱབས་ཁྲུས་སྒུག་པའི་ཚབ་མཚོན་ཡིན

ཁྱོད་ཀྱི་རྒྱབ་གཟུགས།

ཆར་ཟིལ་མའི་གདུང་བ་བྱོ་སའི་དབྱར་ཟླ་དྲུག་པ
ནེམ་ཤིག་ཤིག་གི་གཡུ་གཞོང་ཁུད་དུ་གན་ཀྱལ་ཉལ
མགོ་བོ་ལྟག་ལ་དགྱེ་ནས་ག་ལེར་ག་ལེར་ཉན་ཙ་ན
ཡིད་འོང་གིས་དག་དག་བཞུར་བའི་ཆུ་ཕྲན་གཉིས
མཐའ་ཡས་པའི་རྩྭ་ཐང་ནས་བེའུ་ཆུང་མ་དང་འཕྲད་འདྲའི
གཅིག་གིས་གཅིག་ལ་འདྲིས་སོང་གཅིག་གིས་གཅིག་ལ་འདྲིས་སོང་།
ཁྱོད་ཀྱི་རྒྱབ་གཟུགས་ནི་ཆར་བས་ཞི་ཁྲུས་གསོ་སའི་ཨུཏྤལ་དེ་ཡིན་ཨང་།

འཇའ་ཚོན་མའི་མགོ་སྦྲ་ཕུབ་སའི་དབྱར་ཟླ་དྲུག་པ
དྭངས་གསལ་གྱི་མུ་ཏིག་ཚོམ་བུ་ཕྱོགས་སུ་གཏོར
མཁུར་མགོར་ལོ་མས་བརླན་པའི་རི་ཞོལ་དེ་རུ
མཛའ་འབྲེལ་གྱི་རྟབ་རྟབ་རྒྱུ་བའི་བྱེའུ་ཆུང་གཉིས
བྱིན་ཆགས་པའི་དགོན་སྡེ་རུ་སྟོད་སྨད་ཀྱི་མཇལ་སྐོར་བ་གཉིས་འཕྲད་འདྲའི
གཅིག་གིས་གཅིག་ལ་འདྲིས་སོང་གཅིག་གིས་གཅིག་ལ་འདྲིས་སོང་།
ཁྱོད་ཀྱི་རྒྱབ་གཟུགས་ནི་བླ་མས་གསེར་སྐྱེམས་འདྲེན་སའི་མཆོད་ཁྲི་དེ་ཡིན་ཨང་།

རི་སྐྱེས་ཚོའི་བང་རྩལ་འགྲན་སའི་དབྱར་ཟླ་དྲུག་པ
སྨུག་ལོང་ལོང་གི་བྲག་རིའི་ངོས་སུ་སྤུ་རྩེ་བྱིལ
རྣ་བ་ཀྲོང་ཀྲོང་བྱེད་བཞིན་བསིལ་རླུང་རྔུབས
དགའ་རྩེད་ཀྱི་ཡོ་ལང་མོད་པའི་འཕར་རྒྱུག་དེ་གས
ལྷོ་བྱང་ནས་ལྷེབ་ལྷེབ་ཏུ་ལྡིང་བའི་ཕྱེ་མ་ལེབ་གཉིས
ཟླ་ངོགས་སུ་རོལ་དབྱངས་དཀྲོལ་བའི་གར་པ་གཉིས་འཕྲད་འདྲའི
གཅིག་གིས་གཅིག་ལ་འདྲིས་སོང་གཅིག་གིས་གཅིག་ལ་འདྲིས་སོང་།
ཁྱོད་ཀྱི་རྒྱབ་གཟུགས་ནི་མཛའ་གཅུགས་ཀྱི་སྨུག་པ་ཆགས་སའི་མཚེའུ་དེ་ཡིན་ཨང་།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*