དགྲ་སྲོག་ལེན་པའི་ཕ་ཝང་།

འབྲི་པ་པོ། ཇོ་ཇོ།

སྙིང་ཉེ་བའི་ན་གཞོན་ཕོ་མོའམ་ཡང་ན་མེས་པོ་དམ་པ་སྲོང་བཙན་སྒམ་པའི་གདུང་རྒྱུད་དང་ཐོན་མི་ཡི་བུ་ཚ་ཡང་ཚ་རྣམས་ལ་ཐོག་མར་བཀྲ་ཤིས་པའི་ཚབ་ཏུ་ཁམས་བདེ་ཞུ།

དགྲ་སྲོག་ལེན་པའི་ཕ་ཝང་ཞེས་པའི་གཏམ་རྒྱུད་ཞིག་ཀུན་པོ་ལ་འཆད་པར་བྱ།

དེ་ཡང་གནའ་དུས་གནའ་དུས་ཞིག་སྟེ། དེ་ནི་འདི་ནས་ཡར་དེད་པའི་ཉི་ཟླ་བརྒྱ་ཕྲག་ཁ་ཤས་ཀྱི་གོང་གི་དངོས་བྱུང་གཏམ་རྒྱུད་ཞིག་ཡིན། སྐབས་དེའི་དུས་རབས་སམ་ཡང་ན་ལོ་རབས་དེའི་མིང་ལ་ནི་དུས་རབས་ཉེར་གཅིག་གམ་ལོ་རབས་ཉི་ཤུ་པ་ཞེས་མི་རྣམས་ཀྱིས་བརྡ་ཆད་འདོགས། བཀྲ་མི་ཤིས་པའི་ལོ་ཟླ་དེར་སྙིང་སྟོབས་དགུ་འགྱུར་གྱི་དཔའ་བོ་ཞིག་བྱོན་མྱོང་བར་ཐོས། ཁོ་ནི་དགྲ་སྲོག་བཅོད་པ་ལ་མིག་མི་བཙུམས་ཤིང་། མི་ཁྲག་བཏུང་བ་ལ་མིད་པ་མི་འགུལ་པའི་བཙན་པོ་ཞིག་རེད། ཁོའི་སྙིང་སྟོབས་ནི་མིའི་རིགས་ཀྱི་བསྐྲུན་པ་ཡིན་ཟེར་ལ། དཔའ་རྒོད་དེའི་ཁོང་ཁྲོ་ནི་མགོ་ནག་མི་ཡིས་བསྩལ་བའང་ཡིན་པར་གྲགས། གང་ལྟར་དཔའ་བོ་དེའི་གཏམ་རྒྱུད་བརྩོམ་འདིའི་ཐོག་མཐའ་བར་གསུམ་ཡིན། གྲོགས་པོ་ཚོ། ཉོན་དང་གཏམ་རྒྱུད་དེ་ངས་ཁྱེད་ཅག་འཆད་པར་བྱ། དེ་ཡང་། ཁོའི་མིང་ལ་སྔོན་ཆད་ཕ་ཝང་ཟེར། ཁོང་ནི་ཆེས་སྤྱིར་བཏང་གི་བྱ་ཞིག་ཡིན་ལ་ཞི་འཇམ་ལྡན་ཞིང་ལྷིང་འཇགས་ལ་སྤྲོ་བའི་འཇིག་རྟེན་འདིའི་སྲོག་ཆགས་ཆུང་ཆུང་ཞིག་གོ ཡིན་ན་ཡང་། སྟབས་མ་ལེགས་པ་ཞིག་ལ། ཉི་ཟླ་མེད་པའི་ཉིན་ཞིག་བློ་བུར་དུ་ཁོ་རང་ཁྲོས་པར་གྱུར། རབ་ཏུ་གཏུམ་པར་གྱུར། ཁོ་རང་ཆེས་ཡ་ང་བའི་སྲིན་པོ་ཞིག་ཏུ་གྱུར་ཏོ། དུས་དེ་ནས་བཟུང་ཁོ་ལ་མི་རྣམས་ཀྱིས་དཔའ་བོ་ཞེས་མིང་དུ་འབོད། མི་ལ་ལ་ཞིག་གིས་གཏུམ་པོ་ཡང་ཟེར་བ་ཐོས། གང་ལྟར་དཔའ་བོ་དེའི་ཞེ་སྡང་ནི་མེ་ལྕེ་བཞིན་གྱེན་ནས་གྱེན་དུ་རི་ལ་མཆེད་ནས། ཞེ་སྡང་གི་འཇིག་རྟེན་ཆེན་པོ་ཞིག་དཔའ་བོ་དེས་བསྐྲུན་པར་གྲགས། གང་ལྟར། དཔའ་རྩལ་དེ་རབ་ཏུ་ཁྲོས་པའི་རྐྱེན་གྱིས་ང་ཚོ་མིའི་རིགས་ལ་རྒོལ་བ་ཚབ་ཆེན་བྱས་པར་ཐོས། སྐབས་དེར་ཁོས་མི་རྣམས་ཀྱི་ཚེ་སྲོག་གང་མང་ཞིག་ཁྲིམས་སུ་སྦྱར་བར་བྱས། མི་ཚོགས་གང་མང་ཞིག་གི་མགོ་བོ་སྒུར་དུ་བཅུག ཡིན་ཡང་ཁོ་ནི་ད་དུང་སྔར་བཞིན་ཁོང་ཁྲོས་ཀློང་དུ་གནས་བཞིན་འདུག འོ་ན་དཔའ་རྒོད་དེ་ཅིའི་ཕྱིར་རབ་ཏུ་ཁྲོས་ཞེ་ན། དེ་ནི་འདོད་རྔམས་ཀྱིས་ཁེངས་ཤིང་ང་རྒྱལ་གྱིས་ང་རོ་བསྒྲགས་པའི་མི་ཚོགས་འདི་དག་ཟིལ་གནོད་གྱི་ཆེད་དུ་ཡིན་པར་ཐོས། དེ་ན་དཔའ་རྟུལ་དེ་ཅིའི་ཕྱིར་མི་སྲོག་ཁོ་ན་ལ་རྔམ་པ་རེད་ཟེར་ན། དེ་ནི་ཁོས་འཁོན་ལེན་སློག་ཆེད་དེ། ལོ་དེའི་སྔོན་ཏག་ཏག་ཙལ་ལ་རྐང་གཉིས་རྣམས་ཀྱིས་རང་ཉིད་ཡིན་མདོག་དང་ཆེ་མདོག་གི་ཟོལ་གྱིས་ཕ་ཝང་གི་ཡབ་མེས་གོང་མ་ཚོའི་ཚེ་སྲོག་བཅོམ་ལ་ཤ་ཁྲག་ཟས་སུ་བྱས་པ་དེ་ཡི་དགྲ་ལན་སློག་པ་རེད་ཟེར། མདོར་ན། ཤ་ལ་ཤ་ལན་དང་ཁྲག་ལ་ཁྲག་ཚབ་ཞེས་པའི་དོན་དུ་ཡིན་པར་གྲགས། གང་ལྟར་དཔའ་བོ་དེས་མི་སྲོག་གང་མང་ཞིག་བཅོམ་སོང་ངོ་། དུས་དེ་ནས་བཟུང་ད་བཟོད་མི་རྣམས་ཀྱིས་ཕ་ཝང་གི་མདུན་དུ་གུས་ཞབས་ཀྱིས་དགོངས་གསོལ་ཞུ་དགོས་པར་འགྱུར། འདི་ནི་མིའི་རིགས་ལ་འགྲོ་བ་གཞན་གྱིས་བྱིན་པའི་སློབ་གསོ་རེད་ལ། ཡང་ན་མི་རྣམས་ཀྱི་ང་རྒྱལ་དང་འདོད་རྔམས་ཀྱིས་སྐྱེད་པའི་རྣམ་སྨིན་ཀྱང་རེད། ཡ་ད་གྲོགས་པོ་ཆ་བོ་གཏམ་རྒྱུད་དེ་རེ་ཞིག་མཚམས་སུ་བྱ་བར་རན།

ད་ནི་གོང་གི་གཏམ་ལ་འཇུག་བསྡོམ་ཞིག་བྱ་ན། འོ་ན། གཏམ་རྒྱུད་འདིའི་ཡང་སྙིང་ཅི་ཞིག་ཡིན་ཞེ་ན། དེ་ནི་འདི་ལྟར་ཏེ། ཚེ་སྲོག་ནི་སུ་ལའང་དགོས་གལ་ཆེ་བས་བརྩི་འཇོག་དགོས་པར་བསྟན་ལ་ཆེས་ཉམས་ཆུང་བའི་འཇིག་རྟེན་ཞིག གལ་ཏེ་གཏུམ་པོ་འགྱུར་ཚེ་དེ་ནི་ཆེས་འཇིགས་སུ་རུང་བ་ཞིག་ཡིན་པས་ཉམས་ཆུང་ལ་དོགས་གཟབ་གལ་ཆེ་བའང་གདམས་པའོ། གཟིགས་མོ་ཡོངས་ལ་མཐར་བཀྲ་ཤིས་བདེ་ལེགས་ཞུ།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*