ང་ཡི་ཉིན་གཅིག

གུ་དཔལ་ཤིས།

གཅོང་ནད་ན་བའི་ལོ་དེ་ནས་བཟུང་སྔ་མོར་ལང་བའི་གོམས་གཤིས་ཡར་སོང་བས་དུས་ཚོད་བདུན་པར་ཅོང་དུས་གྲགས་པས་གཟོད་གཉིད་ལས་སད།   ཡར་ལངས་ཤིང་ཁ་ལག་བཀྲུས།  སྦྲང་དཀར་རྩམ་པ་དང་འབྲི་མར་སེར་པོ་ཕྱུར་བ་བྱེ་མ་ཀ་ར་བཅས་ཀྱིས་ཞོགས་ཟས་སྟབས་བདེ་ཞིག་ལ་རོལ།  མཁན་བསོད་དར་རྒྱས་ཀྱིས་པོད་འཕྲིན་ཕྱེས་བའི་ལོ་དེར་སྤེལ་བའི་རབ་བྱུང་བ་ཞིག་གི་ཉིན་ཞག ༣༦༥ ཞེས་པའི་ནང་གི་དུམ་ཚན་ཁ་ཤས་བལྟས་རྗེས།   མདོ་མཛངས་བླུན་གྱི་ལེའུ་རེ་ཟུང་ཀློགཆོས་ཁྲིད་ཞུ་བའི་དུས་ཚོད་ཡོལ་ལ་ཁད་དུ་གྱུར།  མགྱོགས་མྱུར་གཟའ་ཤམ་སྟོད་འགག་དང་བཅས་གྱོན་ནས་ངེས་སྒྲོན་གྱི་རྩ་བ་དང་གཞུང་སྤྱིའི་དཀའ་གནད་ཀྱི་དེབ་གཉིས་དཔེ་ཁུག་ཏུ་བཅུག་ནས་ཁྲི་ཤོང་ཀུན་འགའ་ར་བའི་ལྷ་ཁང་དུ་སོང་།  ནམ་ཞར་ལྟར་དུ་ཆོས་ཁྲིད་འགྲོ་བའི་ཀུན་སློང་སོགས་བཅོས་ཁུལ་བྱས་ཤིང་ཁ་འདོན་བསྡུས་ཙམ་དེ་འདོན་ཞོར་ལྷ་ཁང་བརྩེགས་གཉིས་པར་སླེབས།   མཆེད་གྲོགས་ཚོ་སྔ་མོ་ནས་འཛིན་ཁང་དུ་ཕེབས་འདུག་པས་ཞལ་འཛུམ་དང་བཅས་ང་རང་ཉལ་བདེ་མིན་དྲིས་པས་བདེ་ཞེས་ལན་སྟབས་བདེ་ཞིག་འདེབས་རྗེས་ཕར་ལ་ཚང་མ་གཟིམས་ས་ཨེ་བདེ་ཞུས་ཤིང་མཛུབ་གནོན་འཕྲུལ་ཆས་མནན།  ཅུང་མ་འགོར་བ་མཁན་པོ་ཕེབས་ཤིང་།   མཆེད་གྲོགས་ཚོས་གུས་ལུགས་དང་བཅས་ཡར་བཞེངས་ནས་མཁན་པོ་ཁྲི་ཁར་མ་བཞུགས་ཀྱི་བར་དུ་ལུས་ནང་དུ་ཅུང་གུག་ནས་འགྲེངས།  མཁན་པོ་ཁྲིའི་སྟེང་བཞུགས་རྗེས་ཚང་མ་མཉམ་དུ་བསྡད་ནས།  འདོན་པའི་དབུ་བཟུང་ནས་སྐར་འགའི་ཡུན་ལ་བཀྲ་ཤིས་བརྒྱད་པ་དང་བཟང་སྤྱོད་མགོའི་ཡན་ལག་བདུན་པ་བྱང་སྡོམ་དབང་སྡུད་གསོལ་འདེབས་གང་བློ་མ་དག་བཏོན་ཅིང་ཀུན་སློང་གསལ་འདེབས་དང་བཅས་ངེས་སྒྲོན་དྲི་བ་བདུན་པའི་ནང་གི་ཁ་སང་ཁྲིད་པའི་མཇུག་ཐོག་ཏུ་འཆད་ཁྲིད་ཀྱི་དབུ་ཚུགས་པས་དེར་ཉན་ཡང་། ཁུག་མའི་ནང་ནས་སྣུམ་སྨྱུག་ཅིག་བླངས་ཤིང་རྩ་ཚིག་རེ་ཟུང་བྲིས་པས་ཆོས་ཁྲིད་ཀྱི་ནང་དོན་ཡམ་ཡམ་ཙམ་ལས་སེམས་ཡང་དག་གཏད་ཐུབ་པར་མ་བྱུང་།    སྐར་མ་ལྔ་བཅུ་ཡས་མས་ཤིག་ལ་ཤོ་ལོ་ཀ་བཅུ་བཞི་ཙམ་ཞིག་སྒྲ་དག་སྒྲོས་གཙང་གིས་འཆད་ཅིང་བླ་མའི་རྣལ་འབྱོར་གྱི་བསྡུ་རུམ་བཏོན་རྗེས་དུས་ཡུན་ཐུང་ཙམ་ལ་སྒོམ་རྒྱག་ནས་བཟང་སྤྱོད་བསྔོ་སྨོན་གྱིས་མཐའ་རྒྱན་ཏེ་གྲོལ།   དེ་མ་ཐག་སྐྱོར་དཔོན་གྱི་སྐྱོར་སྦྱོར་ཉན་ནས་འགྲོ་བ་རི་དྲུག་གི་ཐུན་མོང་གི་བལྟ་བྱ་ཡོད་མེད་ལ་བགྲོ་གླེང་འགའ་བྱས་ཀྱང་བདེན་ལྕོག་ལྕོག་གི་སྙིང་བོ་ཞིག་མ་རྙེད།  དུས་ཚོད་བཅུ་གཅིག་མ་སོན་ཙམ་ཞིག་ལ་ཇ་ནེ་ཁུར་ནས་བརྩེགས་འོག་མར་བབ་ཅིང་འོ་མ་ཞིག་བླངས་ནས་ལྷ་ཁང་གི་གཡས་ཀྱི་བཤམ་དུ་གཞུང་སྤྱིའི་དཀའ་གནད་ཀྱི་དཔེ་ཀློག་མཇུག་སྐྱོང་རུང་ཅུང་མ་འགོར་བར་གུང་ཚིགས་ལེན་བའི་པང་སྒྲིག་མགོ་ཚུགས།   དཔེ་ཁུག་དེར་བཞག་སྟེ་ཕྲེང་བ་ལག་གཡོན་དུ་བཟུང་།  ཕོར་བ་ལག་གཡས་ཀྱིས་ཁུར་ནས་ཆོས་ཀྱི་མཆེད་པོ་དག་ཐོད་བརྒལ་དང་འཚངས་ཀ་མེད་པའི་སྒོ་ནས་ཞི་ཞིང་དུལ་བའི་ངང་པང་སྒྲིག་འདུག་པས་ང་དེར་བསྒྲིགས་ནས་འཇམ་དབྱངས་བསྙེན་པ་འདོན་ཞོར་གུང་ཟས་འབྲས་དང་ཚོད་སྣ་མི་འདྲ་བ་བཅུ་གཉིས་ཙམ་འདུག་པས་རང་ལ་ཞིམ་པའི་སྐོར་དག་ཉུང་ཤས་རེ་བླངས། ཟ་བཞིན་པའི་སྐབས་སུ་མཆེད་གྲོགས་ཞིག་སླེབས་བྱུང་།  ཁོང་གིས་ཁུག་མ་ངའི་འཁྲིས་སུ་བཞག་ནས་གུང་ཚིགས་ལེན་དུ་ཕེབས་སོང་། དབུ་མཛད་ཀྱིས་ཐམས་ཅན་མཁྱེན་པ་ཞེས་དཀོན་མཆོག་རྗེས་དྲན་གསུང་རུང་ངས་ཡི་གེ་མེད་དུས་ཡག་པོ་ཞིག་འདོན་མི་ཤེས་པས་ཅུང་ཤེས་པ་དག་རྗེས་ཟློས་ཨེན་ཙམ་བྱས། ཟ་མ་ཟོས་རྗེས་དཔེ་ཀློག་ཅུང་འདོད་རུང་མཆེད་གྲོགས་ཁོང་དང་མཆེད་གྲོགས་གཞན་ཞིག་དང་བཅས་སླེབས་པས་ཁོང་རྣམ་གཉིས་ཀྱིས་དབུ་ཕར་གྱི་གཞུང་གང་དཀའ་མིན་དང་།   གང་དང་གང་གི་སྐོར་དཔེ་ཀློག་དགོས་ཚུལ་སོགས་གླེང་མོལ་བྱས་པས་དུས་ཚོད་བཅུ་གཉིས་དང་སྐར་མ་བཅོ་ལྔར་ཐོན་པས་དབུ་མཛད་ཀྱིས་འདོན་བྱ་འདོན་བྱུང་བས།   ངེད་ཚོ་རང་རང་འདོན་བྱ་ས་མིག་ཏུ་བསྙེགས།   སྤྱིར་ཉེ་སྔོན་འཛིན་གྲྭ་སོ་སོའི་འདོན་བྱ་གསུང་སའི་ས་གནས་གཏན་ཁེལ་བྱས་འདུག་མོད།  ང་དེར་འགྲོ་མ་མོས་ནས་འཛིན་ཁང་དུ་འདོན་བྱའི་ཡིག་ཆ་སྔོན་ལ་ཕྱེས།  ལག་གཡས་འཁོར་ལོ་དང་གཡོས་ནས་ཕྲེང་བ་བཅས་དབུ་མཛད་ཀྱི་སྒྲ་དང་བསྟུན་ནས་འདོན།   ཏོག་ཙམ་ནས་འདོན་བྱའི་དགེ་སྐུལ་ཕེབས་ཀྱིན་འདུག་པས་ང་རང་ཞེད་སྣང་དང་བཅས་མིག་ཟུར་གྱིས་བལྟས་རུང་ཁོང་རྣམ་པས་ཅི་ཡང་མ་གསུང་བར་ཤར་སེ་སྐོར་བ་ཕེབས་སོང་བས་ཞེ་སེམས་བདེ་རུ་བབ་བྱུང་།  འདོན་བྱ་གྲོལ་རྗེས་རྒྱལ་སྤྱིའི་ཚོང་ཁང་དུ་ཉུལ་ཙམ་བྱས་ནས་ངོ་སྣུམ་ཞིག་ཉོས་ཏེ་རང་ཁྱིམ་ཕྱིན།  ངེས་སྒྲོན་རྩ་བ་ཅུང་འདོན་ནས་འཆད་འགྲེལ་ལ་ལྟ་ཁུལ་བྱས།  དུས་ཚོད་བཅུ་དྲུག་གི་སྟེང་མཁན་ཉན་རོང་ཚུལ་ཁྲིམས་ཀྱིས་ཚིག་གསལ་ཐལ་ཟློག་གི་ཆོས་ཁྲིད་ཞུ་རུ་སོང་།  ཁོང་གིས་ཁ་གསལ་གོ་བདེ་ཟབ་རྒྱས་གཏིང་ཕྱིན་པ་ཞིག་གིས་ངང་ནས་རྟེན་ཅིང་འབྲེལ་འབྱུང་གི་དོན་དང་མཐའ་བཞི་སྐྱེ་འགོག་གི་རིགས་པ་དང་སྦྱོར་བ་བཀོད་ཚུལ་སོགས་ཀྱི་དཀའ་གནད་འགའ་གསེད་བཀྲོལ་གནང་སོང་བས་དེར་ཉན།  དུས་ཚོད་བཅུ་བདུན་དང་སྐར་མ་དགུ་བཅུ་ཡས་མས་སུ་གྲོལ་བྱུང་བས་ཐད་ཀར་རྩོད་གྲྭར་སོང་།   གང་ཟག་གི་བདག་མེད་རྟོགས་པ་ལ་ཉེ་བར་མཁོ་བའི་ཕུང་སོགས་རགས་པ་བདེན་མེད་རྟོགས་ཚུལ་སྐོར་རྩོད་ཁུལ་བྱས་པས་དུས་ཚོད་གཅིག་ཙམ་པོ་གང་ནས་བུད་སོང་ཡང་ཧ་མ་གོ་ཡང་།  རྩོད་པའི་ཡང་སྙིང་འདི་ཞེས་ཅི་ཡང་རྙེད་མ་སོང་།   དེ་ནས་རྩོད་སྤུངས་ལ་ཅུང་ཉན་པས་སྐྱེ་བ་མེད་པ་དང་འགགས་པ་མེད་པ་གཉིས་སྔ་ཕྱི་གང་ཡིན་སྐོར་རྩོད་ཀྱིན་འདུག་པས་དེ་ནི་ཟླ་བ་གྲགས་པས་ཚིག་གསལ་གྱི་ནང་དུ་རྩོད་སྤོང་བྱས་ཟིན་པས་དམིགས་བསལ་གྱི་དོགས་གནད་ཅི་ཡང་མེད་པ་འདྲ།   ཚུར་ཁྱིམ་དུ་ཐོན་རྗེས་སྨན་བླ་སྐྱབས་ཀྱིས་བྲིས་པའི་འཛམ་གླིང་ཡོངས་རྩེ་ནས་ཤར་བའི་གསེར་གྱི་སྐར་ཚོམ་ཞེས་པའི་གཞས་ཚིག་གི་དེབ་ལ་ལྟ་བཞིན་དབྱངས་ཅུང་ཤེས་པ་འགའ་ལ་དབྱངས་དང་བསྡེབས་ནས་ཁ་ཤས་ངག་ཏུ་ལེན་ཁུལ་བྱས་ནས་དུས་ཚོད་ཅུང་འགོར་སོང་བ་འདྲ།  སུར་སྔོན་ཞིག་བརྔོས་ནས་འབྲས་དང་ལྷན་དུ་ཟོས།   ངེས་སྒྲོན་གྱི་དྲི་བ་དྲུག་པའི་འཆད་འགྲེལ་མཇུག་ཕུད་དེ།   མདོ་མཛངས་བླུན་གྱི་ལེའུ་རེ་ཟུང་བལྟས་པས་དུས་ཚོད་ཉེར་གསུམ་ཐོན་ལ་ཉེ་བས་ཉིན་ཐོ་འབྲི་མགོ་བརྩམས།

ལྕགས་གླང་ལོའི་ཟླ  ཚེས ༡༣ ཉིན།  ༢༠༢༡  ༢༡

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*