འཆར་སྣང་དམ་དུམ།

                གུ་དཔལ་ཤིས། ཡུལ་ཤུལ།

རླུང་གི་མེ་ཏོག་འདར་བས།།
ཚོར་བའི་ནམ་མཁའ་བཤུམ་འོང་།།
ལས་ཀྱིས་འཁྲིགས་པའི་སྤྲིན་པ།།
ས་ཕྱོགས་གང་དུ་བཞུད་འགྲོ།།
ཡུལ་དེའི་རི་དང་ནགས་ཚལ།།
དགའ་སྐྱོ་རྡུལ་སྨག་ཨེ་འཚུབ།།

མེ་ཏོག་ཆར་འཇམ་འདོད་རུང་།།
ཙག་གི་རུས་གཟེར་རྒྱུག་འོང་།།
ལས་འཕྲོ་འཆད་ཚུལ་མ་འདྲི།།
སྨུག་དང་ན་བུན་གྲོང་རེད།།
ཞེ་ཡི་དགའ་སྐྱོ་རི་མོ།།
ཕབ་ནས་ཚར་ས་མི་འདུག།

སེམས་ཀྱི་སྤང་ལ་བཙུགས་པའི།།
སྣང་བའི་མེ་ཏོག་དཀར་དམར།།
དུས་ཀྱི་འགྱུར་བག་ཚ་རུང་།།
རྙིད་འགྲོའི་ཐུགས་ཁྲལ་མ་གནང་།།
ཚེ་ཡི་བསགས་པའི་སྨོན་ལམ།།
ལས་ཀྱིས་ཁྱོད་དང་སྦྲེལ་ཡོད།།

ཡིད་ཀྱི་དུང་བའི་གཞུང་ན།།
བརྩེ་བའི་མཚོ་ཆུང་བཅུས་ཡོད།།
མཚོ་ལ་བབས་པའི་ངང་ངུར།།
ཚེ་འདིའི་ཐོབ་སྐལ་ཡིན་པས།།
ལས་དབང་སུ་དང་ཉེ་བར།།
ཞེ་ཁྲལ་དགོས་ཡ་མི་འདུག།

ཞེན་ཆགས་ནང་གི་ཡི་གེ།
སུ་ལ་སྟོན་ཐབས་མི་འདུག།
སུས་ཀྱང་བསུབ་ཐབས་མི་འདུག།
མིག་གི་རྫོང་ཁར་ལྟུང་བའི།།
ཞེ་འདྲིས་པགས་འདྲིས་ཡིན་པའི།།
ཁྱོད་རང་བརྗེད་དུས་མི་འདུག།

རླུང་དང་རླུང་བུ་བསྡེབས་ནས།།
ཆར་དང་སྤྲིན་པར་བརྫུས་ནས།།
ཡུལ་དེའི་རྣང་ཞིག་ཁ་རུ།།
འབབ་རྒྱུ་བྱུང་བ་ཡིན་ན།།
ཚེ་ཡི་རྟེན་འབྲེལ་འོད་ཟེར།།
སྡིག་དང་གྲང་བས་མ་འཛིངས།།

ཁ་བའི་མེ་ཏོག་དཀར་དཀར།།
ལུས་སེམས་དཀར་རྒྱུ་བྱུང་ན།།
སྐྱེ་བ་ཚེ་ཐོག་འདི་ཡི།།
ཡིད་ཀྱི་སྨོན་པ་གྲུབ་ཡིན།།
རིང་གོམས་འཁྲུལ་བག་རྒོད་པས།།
རྣམ་རྟོག་གཅུན་ས་མ་རེད།།

ངག་གི་རོལ་མོའི་ནང་གི།
བྱིན་རླབས་སྒྲ་དབྱངས་སྟོང་ལྡན།།
ཡིད་ཀྱི་རྣ་བས་ཚོར་རུང་།།
ད་དུང་ཚིམས་པར་མ་བྱུང་།།
སྣང་བའི་གྲོག་རོང་ལྕེབས་པས།།
ལུས་སེམས་གདུང་བས་མནར་བྱུང་།།

མི་ཚེ་ལ་མགོའི་དར་ལྕེ།།
ཟད་ནས་ཚར་ལ་འདུག་ཀོ།
ཁྱོད་ཀྱི་སྣང་བའི་རྒྱབ་རིར།།
ད་དུང་གཟུགས་པར་འདོད་དམ།
སེམས་ཀྱི་ཤ་རུས་བརླན་རུང་།།
སྨུག་དང་གྲིབ་མ་འཐབ་འོང་།།

༢༡༤༧ ༩ ༡༣

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*