རྒོད་ནག་པོ། དཀར་མཛེས།
ཟབ་མོ་དྲན་གདུང་རྒྱ་མཚོའི་གཏིང་ཁུད་དེ་འགྲིམས་ནས། །
སྐྱོ་གདུང་ལྗོན་ཤིང་ནག་པོའི་རྩ་བ་རུ་འཇུས་ཚེ། །
ཚོར་བ་སྐྱེན་གྱིས་བྲིས་པའི་ཐ་སྙད་ཀྱི་ཕྲེང་བ། །
ངག་གི་ལྷ་ལམ་ཡུལ་ནས་འདི་སྐད་དུ་འཐོར་རོ། །
དུང་བ་དཀར་པོའི་བརྩེ་སེམས་རླུང་བུ་ལ་བསྐྱོན་ཏེ། །
ཆ་མེད་མི་ཡི་ལུང་པར་རྟ་མཆོག་བཞིན་རྒྱུགས་ཚེ། །
མི་ཚོགས་རྒྱ་མཚོ་འདྲ་བོའི་རྦ་རླབས་ཀྱི་རྩེ་ནས། །
ཆུ་སྐྱེས་མེ་ཏོག་རྐང་གཅིག་ཡིད་དབང་དུ་ཐོགས་བྱུང་། །
ཕར་ལ་ཅི་བཤད་མེད་པས་མིག་ཟུང་གིས་མ་ལྟས། །
ཚུར་ལ་སྟ་གོན་མེད་པས་ངོ་གདོང་ཡང་མ་ངོམས། །
འཇིག་རྟེན་སྐུད་པ་སྟོང་གི་རྐྱ་མ་ཡི་སྣེ་ནས། །
བརྩེ་ལྡན་མཛེས་མའི་བཟོས་པའི་མེ་ཏོག་ཅིག་བཞད་སོང་། །
ཚེ་གཅིག་འགྲོགས་པའི་དམ་བཅའ་འུ་གཉིས་སུ་མེད་ཀྱང་། །
ལན་གཅིག་འཛོམས་པའི་ཐིག་ལེ་སྙིང་དབུས་སུ་ཕབས་པས། །
རི་ཆུ་འབུམ་གྱིས་ཆོད་པའི་ཡུལ་ལྗོངས་ཀྱི་བར་ནས། །
འཁྲེངས་ཞེན་མདའ་མོ་མྱུར་མ་ཁྱོད་ཕྱོགས་སུ་འཕུར་སོང་། །
དུང་བའི་སྙིང་གཏམ་སེམས་ཀྱི་ཤོག་ངོས་སུ་བྲིས་ཤིང་། །
དྲན་པའི་གདུང་བ་སྙིང་སྡུག་སྙན་ངག་ལ་སྐུར་ཏེ། །
གྱེས་བྲལ་སྡུག་བསྔལ་ལོ་ཟླའི་མེ་ལོང་ནང་འཆར་ཚེ། །
གློ་རྡེག་དྲན་པའི་ན་ཟུག་སྙིང་ཁུང་ནས་རྒྱུ་བྱུང་། །
ལུས་སེམས་གཙང་མས་དམ་ཚིག་མཆོད་པ་ཞིག་ཕུལ་ཏེ། །
འཁོས་ཆུང་སྙིང་སྡུག་ལྷན་ཏུ་རང་ཁ་ཙམ་གསོ་བཞིན། །
ཉམ་ཆུང་བྱིའུ་འི་ཚོགས་ལ་སྙན་ངག་རེ་བྲིས་ནས། །
འཇིག་རྟེན་སྒྱུ་མའི་གླིང་ནས་དལ་དལ་ངང་ཆས་བསམ། །
ཚོད་མེད་ཞེ་སྡང་མེ་ལྕེའི་རྦ་རླབས་ཀྱི་ངོགས་ནས། །
དཀར་མཛེས་པད་དཀར་མེ་ཏོག་འཛུམ་འཛུམ་གྱིས་གྲོལ་ཏེ།།
སྨན་ཆུང་སྙིང་ལ་རྗེ་མོའི་རང་གཤིས་དེ་ཉམས་ཚུལ། །
མི་མཛེས་གཏམ་གྱིས་ཁྱེར་ནས་བདག་ཡིད་ལ་བཞག་སོང་། །
མི་རྟག་སྡུག་བསྔལ་གཏན་ཏུ་བྲལ་མཁན་ཞིག་མེད་ཀྱང་། །
སྙིང་སྡུག་མཛའ་མོའི་ལས་ལ་བསྐོས་ཐང་འདི་ལྕི་དྲགས། །
རང་གཤིས་ཨ་འཇམ་ཚལ་དཀར་བདག་ཡིད་ལ་སྡུག་འང་། །
བཞིན་ནག་ཆོས་རྒྱལ་ཁུ་བོའི་མཁར་རྫོང་ལ་བཞུད་ཀྱང་། །
རང་སེམས་སྒོ་མོའི་བར་ནས་བཞུད་པ་རང་མི་འདུག།
རབ་མཛེས་རྗེས་ཆགས་སྤྱན་ཟུང་རི་དྭགས་ཀྱི་མིག་དེར། །
བརྩེ་དུང་བདུད་རྩི་སྔོན་མོ་ཆར་ཆུ་བཞིན་བརྡོལ་བ། །
རྟོག་བཏགས་སེམས་པའི་ངོས་སུ་རི་མོ་ལྟར་བརྐོས་ཡོད། །
མ་བཅོས་མཛེས་སྡུག་ཞལ་རས་ཟླ་བ་དང་འདྲ་བར། །
བདག་ཡིད་ནམ་མཁའི་ཀློང་ན་མཛེས་མཛེས་ངང་རྒྱུ་འང་། །
གནག་སྣུམ་སྐྲ་ལོའི་ལྗོན་པ་འཚུབ་རླུང་གིས་རྒོལ་ཚུལ། །
དྲན་ན་རུས་རྐང་འདི་ལ་ན་ཟུག་ཅིག་ལྡང་འོང་། །
དུང་དུང་སྙན་ངག་ལྟ་བུའི་ཡིད་འོང་གི་གསུང་སྐད། །
ཁ་མིག་སྙིང་ལ་སྡུག་པའི་བྲང་གཞུང་གི་མྱོས་བུམ། །
ད་ནས་མི་ཡུལ་འདི་ནས་གཏན་བྲལ་དུ་གྱུར་ན། །
ཞེན་པའི་སྤྲིན་པ་དཀར་པོ་ཡལ་བ་རང་མི་འདུག།
མཉེན་ལྕུག་ལག་སོར་ཕྲ་མོའི་གཡོ་འགུལ་དེ་བསམ་ན། །
ཕྲ་མོ་འཇའ་དབྱིབས་ཅན་གྱི་སྨིན་མ་དེ་བསམ་ན། །
དགའ་བ་འབུམ་གྱིས་ཕྱུག་པའི་དགོད་ལུགས་དེ་བསམ་ན། །
སྐྲ་ལོ་རྒྱབ་དུ་ཕྱར་ནས་ངུ་སྟངས་དེ་བསམ་ན། །
མིག་ཟུང་དལ་གྱིས་བཙུམ་པའི་དགའ་ཞེན་གྱི་མཚོན་ལུགས། །
མདངས་རྒྱས་ངོ་གདོང་དམར་པོའི་འཇོ་སྒེག་གི་མངོན་སྟངས། །
མཆུ་ཏོ་འཁྱོག་ལ་མཛེས་པའི་གཡེར་བག་གི་ཆུང་ཚུགས། །
མཛེས་སྡུག་གི་ཁྲི་མ་འབུམ་གྱི་སྣང་བརྙན་གྱིས་ཁྱབ་པ། །
ཡལ་བ་མི་སྲིད་ད་དུང་ཉི་མ་ལྟར་འཆར་ན། །
སེམས་པའི་གསེང་ནས་འབོར་བ་རི་བོང་རྭའི་ཟླ་བོ། །
ནག་ཁོལ་ཕོ་ཉ་འདབ་ལྡན་སྤྲིན་དཀར་གྱི་རྟ་ཕོ། །
ཁྱོད་ཀྱིས་སྡུག་བསྔལ་སྟོང་གི་འབྱུང་ཁུངས་ཞིག་ཤེས་ན། །
ང་ཡི་སྙིང་སྡུག་ལྷ་མོ་འཕྲིན་པ་ཞིག་ཁྱེར་ནས། །
སྙན་པའི་ཚིག་གི་མུ་ཏིག་དབྱངས་རྟ་རུ་འདྲེན་རོགས། །
སྒེག་ཉམས་སྟོང་གིས་ཕྱུག་པའི་བརྩེ་ལྡན་གྱི་བུ་མོས། །
དུང་ཞེན་གཡུ་ཡི་ཕྲེང་བ་ཕྱག་གཡས་སུ་བཟུང་ནས། །
བརྩེ་དུང་མ་ཎིའི་དབྱངས་རྟ་གྲེ་འགྱུར་གྱིས་བགྲངས་སོང་། །
2021.8.18 ཉིན་སྟག་ལུང་རི་བོའི་ཉེ་འདབས་སུ་བྲིས།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།