ཆག་ལོ་ཆོས་རྗེ་དཔལ་གླེང་བ།

རྩོམ་པ་པོ། དགེན་ཨ་འདུས་སྐལ་བཟང་རྒྱ་མཚོ།

ཆག་ལོའི་ལམ་ཡིག་བཀླགས་རྗེས་ཀྱི་བརྗེད་བྱང་།

ཆག་ལོ་ཆོས་རྗེ་དཔལ་གྱིས་“ ཆོས་འདི་ཤེས་པ་རང་གིས་མི་ཆོག ཉམས་སུ་ལེན་དགོས་པར་གདའ། འོ་སྐོལ་འཆི་ཁར་མི་འགྱོད་པ་རེ་བྱེད་འཚལ།” གསུངས།

བགྲོད་དཀའི་ལམ་དང་ཚ་གྲང་བཀྲེས་སྐོམ་སོགས། །
ཕལ་བའི་སྐྱེ་བོས་བཟོད་དཀའི་ངལ་བ་དག །
དང་དུ་བླངས་ཏེ་འཕགས་ཡུལ་འཛིན་མའི་ལྟོར། །
བྱོན་མཛད་མཁས་གྲུབ་རྣམས་ལ་སྙིང་ནས་དད། །

ཁྱད་པར་གངས་ཅན་མུན་པའི་སྨག་རུམ་ཁྲོད། །
ཤེས་རིག་སྒྲོན་མེ་སྦར་བའི་ཤིང་རྟ་བ། །
ཐུ་མི་ལ་སོགས་སྔོན་བྱོན་ལོ་ཙཱའི་ཚོགས། །
དུས་ཀྱི་མཐར་ཡང་དྲན་པའི་ཡུལ་དུ་གྱུར། །

  ༡] ཐོག་མའི་གཏམ།

ཉེ་ལམ་དཔྱིད་ཀའི་ཉི་མ་རིང་ཞིང་། རྒྱ་གར་བྱང་རྒྱུད་དུ་ཡང་གནམ་གཤིས་ཀྱི་ཚ་དྲོད་ཉིན་རེ་བཞིན་འཕར་སྒང་ལ་སོང་། གུང་ཚིགས་རྗེས་ཚ་ཡོལ་དང་སྦྲགས་རྫོང་པའི་དཔེ་མཛོད་དུ་ཡིག་ཆ་རེ་བསྔོགས་ཏེ་བསྡད། རྣམ་ཐར་དཔེ་བསྟར་མའི་ཁྲོད་ནས་ << ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར། >> ཞེས་པའི་དེབ་ཆུང་དམར་པོ་ [1]ཞིག་མཐོང་བ་ན། ཡུན་རིང་གོང་ནས་ཞལ་གྱེས་པའི་ཆོས་ཀྱི་བཤེས་གཉེན་བགྲེས་སོང་ཞིག་དང་གློ་རྡེག་ཏུ་མཇལ་བ་ལྟ་བུའི་སྤྲོ་སྣང་སྐྱེས། དེ་སྔོན་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་[2]དང་། རྒྱ་གར་གནས་ཡིག་ལས་[3]ཆག་ལོའི་རྡོར་གདན་དཀར་ཆག་[4]དང་། ལམ་ཡིག་སོགས་[5]ཁུངས་བཙན་ཞིང་བཤད་པ་ཁ་གསལ་བའི་དཔེར་དྲངས་པ་ལམ་ཙམ་དྲན། གནད་དོན་དེ་དག་ལ་བསམ་སྟེ་ཆག་ལོའི་རྣམ་ཐར་ཞིག་མཇལ་དགོས་བསམ་པ་སྔ་མོ་ནས་ཡོད་པ་དང་། རྣམ་ཐར་འདི་ཉིད་ལ་ཤོག་ངོས་ཀྱང་བརྒྱ་དང་ལྔ་ལས་མི་འདུག་པས་ཉིན་ཤས་རིང་ལ་ཞིབ་མཇལ་བྱས་ཤིང་། དེ་ལས་འཕྲོས་པའི་གནད་དོན་ཁག་ཅིག་གཤམ་དུ་དགོད་པར་བྱའོ། །

རྣམ་ཐར་འདིའི་རྩོམ་པ་པོ་ནི། ཆག་ལོའི་ཞལ་སློབ་[6]དགེ་བསྙེན་ཆོས་དཔལ་དར་དབྱང་ཡིན། ཡི་གེ་འགར་འདི་ཆག་ལོའི་ཚ་བོ་ཡིན་ཚུལ་བྲིས་པ་ཡང་མཐོང་མོད་ཞིབ་ཏུ་རྩད་གཅོད་མ་ཐུབ་པར་ལུས། གང་ལྟར་ཤེས་ཐུབ་པ་ཞིག་ལ་འདི་ནི་ཆག་ལོ་ཆེན་པོའི་“གསུང་ཟིན་ཚད་བྲིས་ལ་འབྲི་བའི་དམ་བཅའ་ཅན་”ཞིག་ཡིན་པ་རྣམ་ཐར་གྱི་མཇུག་ཏུ་གསལ་ཞིང་། ཁོང་གིས་ལྷོ་པའི་དགེ་བཤེས་ཤེས་རབ་དབང་ཕྱུག་ལ་སོགས་པས་བསྐུལ་ངོར། ཆག་ལོའི་གདན་ས་“འཇུའི་ཕུར་སྡེབས་སུ་བརྩམས་”ཞེས་མཇུག་བྱང་དུ་བྲིས་ཡོད། ཆག་ལོའི་རྣམ་ཐར་རམ། མཚན་གཞན་ (ཆག་ལོའི་ལམ་ཡིག་) ཏུ་གྲགས་པ་འདི་ནི་ཆག་ལོ་ཉིད་ཀྱི་ཞལ་ནས་གང་ཞིག་གསུང་ཇི་ལྟ་བ་བཞིན་བྲིས་པར་བརྟེན། བསྟན་བཅོས་འདིའི་མཚན་ལ་ཡང་“བླ་མའི་གསུང་དྲི་མ་མེད་པར་བསྒྲགས་པ་”ཞེས་བཏགས་ཡོད། རྣམ་ཐར་འདི་ནི་དུས་རབས་བཅུ་གསུམ་པའི་ནང་གི་རྒྱ་གར་དང་། བལ་ཡུལ་གྱི་ནང་པའི་གདན་ས་ཁག་གི་ཆག་འཇིག་གནས་བབ་འཚོལ་ཞིབ་ཐད་ཁུངས་བཙན་པའི་དཔྱད་གཞི་གལ་ཆེན་དུ་གྱུར་པ་སྨོས་མེད་ཡིན་ནོ། །

༢] ཁ་གསལ་དོན་བསྡུས་ཀྱི་ཁྱད་ཆོས།

རྣམ་ཐར་འདིའི་འབྲི་ལུགས་ནི་དངོས་ཡོད་ལས་བརྒལ་ཏེ་ལྷ་སྒྲུང་ལྟ་བུའི་རང་བཞིན་དུ་མ་སོང་བར། ལོ་ཙཱ་བས་དངོས་སུ་ཞབས་ཀྱིས་བཅགས་པའི་བལ་ཡུལ་གྱི་འཕགས་པ་ཤིང་ཀུན་སོགས་དང་། རྒྱ་གར་རྡོ་རྗེ་གདན། ནཱལེནྡྲ། བྱ་རྒོད་པའི་ཕུང་པོའི་རི། ཡངས་པ་ཅན། རྒྱལ་པོའི་ཁབ། གཞན་ཡང་ལོ་རྒྱུས་མི་སྣ་སོ་སོའི་གནས་ཚུལ་གནད་བསྡུས་བྲིས་པ་ཁག་རྗོད་བྱེད་ཀྱི་ཆ་ནས་གོ་སླ་ཞིང་། ཚེག་ཁྱིམ་གྱི་བར་ཐག་ཉེ་བས་ཀློག་བདེ་བ། ནང་པའི་གནས་དང་གང་ཟག་གལ་ཆེའི་བརྡ་ཆད་གསར་པ་རྣམས་ལེགས་སྦྱར་དང་། བོད་སྐད་ཤན་སྦྱར་གྱིས་བཀོད་པས་ཁ་གསལ་ཞིང་འཇུག་སྤྲོ་བ། ཡུལ་སོ་སོའི་རི་ཐང་གི་བཀོད་པ་དང་། གྲོང་ཁྱིམ་དུ་ཡོད། ལམ་ཐག འཚོ་བའི་གནས་བབ། ཁྱད་པར་དུ་སྐབས་དེའི་རྒྱ་གར་དང་བལ་ཡུལ་གྱི་ཆབ་དཔལ་རིག་གསུམ་གྱི་གནས་ཚུལ་སོགས་འགྲུལ་བཞུད་ཟིན་ཐོ་འབྲི་མཁན་རྣམས་ཀྱི་མིག་དཔེ་དང་། དོ་སྣང་བྱེད་དགོས་པའི་ཁྱད་ཆོས་ཤིན་ཏུ་མང་། མདོར་ན་རྣམ་ཐར་འདི་ནི། དུས་རབས་བཅུ་གསུམ་པའི་ནང་ཆག་ལོ་ཆོས་རྗེ་དཔལ་ཐོག་མར་རིགས་རུས་གང་དུ་སྐུ་འཁྲུངས་པ་ནས་བཟུང་། ཞི་བར་མ་གཤེགས་བར་གྱི་གལ་ཆེའི་མཛད་རྣམ་ལེའུ་བཅུ་བདུན་གྱི་ནང་དུ་བསྡུས་འབྲི་བྱས་པའི་འགྲུལ་བཞུད་ཟིན་ཐོ་གྲགས་ཅན་ཞིག་ཡིན་ཞིང་། དགེ་ཆོས་ཀྱིས་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་ལམ་ཡིག་རྒྱས་པ་[7]ཞེས་གསུངས་ས་ཡང་འདི་ཉིད་ཡིན་སྙམ་མོ། །

༣]      ཆག་ལོའི་མཚན་ཅན་གྱི་ལོ་ཙཱ་བ་དུ་ཡོད།

ང་ཚོས་རྩོམ་ཡིག་གང་ཞིག་བཀླགས་ཀྱང་། ངེས་པར་ཡིད་འཇོག་དགོས་པའི་གནད་དོན་གལ་ཆེན་ཞིག་ཡོད་པ་ནི། མིང་གཅིག་ཀྱང་དུས་སྐབས་མི་འདྲ་བའི་ལོ་རྒྱུས་མི་སྣ་དེ་དག་ལ་ས་གནས་དང་། མཛད་རྗེས། དུས་ཚོད་བཅས་ཀྱི་ཁྱད་པར་གང་ཡོད་ཞིབ་འཇུག་ནན་ཏན་མ་བྱས་ཚེ་ལོ་རྒྱུས་ཕན་ཚུན་བསྲེས་ཏེ་ཀློག་པ་པོ་རྣམས་མུན་ནག་གི་ལམ་བུར་འཇུག་ཉེན་ཡོད།

ཆག་ལོའི་འོད་དཀར་བྲག་སྒྲུབ་ཕུག

དེས་ན་འདིར་ཡང་། བོད་ཀྱི་བྱུང་རབས་ཁྲོད་ཆག་ལོའི་མཚན་ཅན་གྱི་མཁས་པ་སྔ་ཕྱི་བར་གསུམ་བྱོན་པ་ལས། དང་པོའི་མཚན་ལ་ཆག་ལོ་དགྲ་བཅོམ་པ་[8] (༡༡༥༩-༡༢༡༦) ཞུ། དེ་དང་ཆག་ཆོས་རྗེ་དཔལ་ (༡༡༩༧-༡༢༦༤) གཉིས་ནི་ཁུ་དབོན་དང་བླ་སློབ་གཉིས་ཀ་ཡིན་ཞིང་། བུ་སྟོན་ [9]ཆེན་པོས་ཐོན་མི་སཾ་བྷོ་ཊ་ནས་བཟུང་། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱི་བར་བོད་ཀྱི་ལོ་ཙཱ་བ་བརྒྱ་དང་གོ་གཉིས་བགྲང་བའི་ཁྲོད་དུ་ཡང་ཆག་ལོ་ཁུ་དབོན་གཉིས་ཀ་བྲིས་ཡོད། ཆག་ལོ་གསུམ་པའམ། ཆག་ལོ་རིན་ཆེན་ཆོས་རྒྱལ[10]་(༡༤༤༧- ?)ནི། དུས་འཁོར་ཆོས་འབྱུང་དཔག་བསམ་སྙེ་མ་[11]མཛད་པ་པོ་ཡིན་ཏེ། འདི་པ་ཆག་ལོའི་མི་རྒྱུད་ཡིན་ནའང་། ཆག་ཆོས་རྗེ་དཔལ་འདས་ནས་ལོ་བརྒྱ་དང་གྱ་གྲངས་ཀྱི་རྗེས་སུ་བྱོན་པ་ཞིག་ཡིན་པས། ཆག་ལོའི་མཚན་ཐོག་ཚད་གཅིག་ཏུ་མི་འཛིན་པར་དུས་སྐབས་སོ་སོའི་མཁས་པའི་མཛད་པ་མ་འདྲེས་པར་བྱ་རྒྱུ་དེ་ཡང་ལོ་རྒྱུས་འགྲེལ་བཤད་དང་། དཔེ་ཀློག་སྐབས་གཉིས་ཀར་གནད་དོན་གལ་ཆེན་ཞིག་ཡིན། འཇམ་མགོན་ཨ་མེས་ཞབས་ཀྱིས་“ཆག་ལོ་ཆོས་རྗེ་དཔལ་ནི་དཔྱལ་ལོ་ཙཱ་བ་ལས་སྐུ་གཞོན་ཞིང་། ཆོས་རྗེ་ས་པཎ་ལས་ཅུང་བགྲེས་’’གསུངས་པ་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་ལས་ཀྱང་ས་པཎ་གྱི་ཞལ་སློབ་ལོ་ཆེན་བཞི་ངོས་འཛིན་སྐབས་“ལོ་ཆེན་བཞི་ནི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། རོང་པ་རྒ་ལོ་རྣམ་རྒྱལ་རྡོ་རྗེ། ཞང་ལོ་ཙཱ་བ་གྲུབ་དཔལ་དང་བཞིའོ། །” ཞེས་དང་། “ཆག་ལོ་ནི་ཆག་དགྲ་བཅོམ་[12]གྱི་དབོན་པོ་སྟེ་མེ་མོ་སྦྲུལ་ལོ་བྱོན། ས་པཎ་ལས་ལོ་བཅོ་ལྔས་གཞོན་”གསུངས་པ་ཨ་མེས་ཞབས་ཀྱི་གསུང་དེའི་རྒྱབ་རྟེན་དུ་གྱུར་ཡོད།

མདོར་ན་རྒྱ་གར་པཎ་ཆེན་བཅུ་གཉིས་ཀྱི་ཡོན་ཏན་མངའ་བར་གྲགས་པའི་མཁས་པ་ཆེན་པོ་འདི་བྱོན་པའི་དུས་ནི། ཕྱི་ལོ་ ༢༠༢༡ ནས་ཡར་བརྩིས་པའི་མི་ལོ་བརྒྱད་བརྒྱ་ལྔ་བཅུ་ལྷག་གི་ཡར་སྔོན་ཏེ། དུས་རབས་བཅུ་གསུམ་པ། ཕྱི་ལོ་ ༡༡༩༧ ལོར་ཡབ་ཆག་ལོ་དགྲ་བཅོམ་པའི་གཅུང་དར་མ་འབྱུང་གནས་དང་། ཡུམ་ཆོས་འབུམ་གཉིས་ཀྱི་སྲས་སུ་བོད་དབུས་ཀྱི་གཉལ་སྨད་རྟེའུ་ར་[13]པ་ཞེས་པར་ས་ཕོ་རྟ་ལ་འཁྲུངས།

འདི་པ་སྐུ་ཆུང་དུས་ནས་མཚན་བཟང་པོ་དང་ལྡན་པར་སྣང་སྟེ། རྣམ་ཐར་ལས། “དབུ་གདུགས་ལྟར་མཛེས་པ། སྤྱན་མཐོན་མཐིང་། ཚེམས་དཀར་མཉམ་བཞི་བཅུ་ཚང་བ། ལྗགས་སྲབ་ཡངས། སྐུ་འཚམ་ཞིང་མཛེས་པ། ཚངས་པའི་དབྱངས་དང་ལྡན་པ།”ཞེས་བཀླགས་པ་ཙམ་གྱིས་ཆག་ལོ་སྐུ་ན་གཞོན་དུས་ཀྱི་ངོ་མཚར་བའི་དཔེ་བྱད་བཟང་པོ་དག་མིག་ལམ་དུ་འཆར་ཐུབ་པ་ཞིག་བྲིས་ཡོད།

༤] མཚན་གྱི་རྣམ་གྲངས།

དམ་པ་འདི་ཉིད་ཀྱི་མཚན་དངོས་ལ་ཡེ་ཤེས་དཔལ་བཟང་པོ་ཞུ། ཆུང་དུས་ནས་ལོ་ཙཱ་བསླབས་ཏེ་མཁས་པར་གྱུར་པ་ནས་བཟུང་ཡོངས་གྲགས་སུ་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་དང་། ཆོས་རྗེ་རིན་པོ་ཆེ་ཡེ་ཤེས་དཔལ་བཟང་པོ། ཆག་ཆོས་རྗེ་དཔལ། ཆོས་ཀྱི་དཔལ། དྷརྨ་སྭ་མི་ཤྲཱི་ཞེས་ལེགས་སྦྱར་གྱི་མཚན་དང་། བསྡུས་མིང་ལ་ཆག་ལོ་དང་། ཤཱཀྱའི་དགེ་སློང་ཆོས་རྗེ་དཔལ། སྒྲ་སྒྱུར་དགེ་སློང་ཆོས་རྗེ་དཔལ། གཞན་ཡང་འགྱུར་རྩོམ་འགའི་མཇུག་བྱང་དུ་དཔལ་གྱི་མཐའ་ཅན་ཞེས་བྲིས་པ་སོགས་འབོད་ཚུལ་དུ་མ་ཡོད།

༥] “ཆག་” ཅེས་པའི་གོ་དོན།

བདག་གིས་ཞིབ་འཇུག་བྱས་པ་ལྟར་ན། ཆག་ཅེས་པ་ནི། རུས་མིང་དང་ས་མིང་གཉིས་ལས་ཕྱི་མར་ངོས་བཟུང་ན་འཆད་བདེ་བར་སྣང་སྟེ། འགོས་ལོ་ཆེན་གཞོན་ནུ་དཔལ་གྱིས་[14]ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་ཁུ་བོ་ཆག་ལོ་དགྲ་བཅོམ་པའི་རྣམ་ཐར་ཡི་གེར་“ཆག་གྲོང་དུ་སྐུ་འཁྲུངས་”ཞེས་དང་། ཡི་གེ་གཞན་དུ་ཡང་། “ཕྱི་ལོ་ ༡༩༥༣ ལོར་མེས་བཀྲ་ཤིས་དགའ་བའི་སྲས་སུ། ཆག་གྲོང་དུ་”དང་། “ཆོས་རྗེ་དཔལ་གྱི་རྣམ་ཐར་འདིར་ཡང་ལྟེའུ་རུའི་བྱང་ན་ཆག་གྲོང་”བྲིས་པས་ས་མིང་ལ་ངོས་འཛིན་དགོས་པ་ལྟ་བུ་སྣང་མོད། ས་མིང་དང་རུས་མིང་གཉིས་ལས་གང་ཞིག་སྔ་བ་སུས་འཆད་ནུས།

༦] སྔོན་འགྲོའི་སློབ་གཉེར།

གནའ་བོའི་ལོ་ཆེན་དག་གི་ཐོས་བསམ་སྒོམ་པའི་སྲོལ་བཟང་པོ་ནི་འདི་ཡིན་པར་སྣང་སྟེ། ཆག་ལོའི་ཞལ་ནས། “ཁྱེད་ཡི་དམ་གྱི་མངོན་རྟོགས་གང་ལ་མོས་པ་རེ་བློ་ལ་ཟུངས་ལ་སྒོམས། བླ་མ་ལྔ་བཅུ་པ་བཟུང་། གཞོན་ནུའི་དུས་སུ་ཡི་དམ་ལྷའི་བསྙེན་པ་ཐེབས་དགོས་པ་ཡིན། ཁོ་བོས་ཀྱང་གཞོན་ནུའི་དུས་སུ་ཡི་དམ་ལྷའི་བསྙེན་པ་འབུམ་ཚོ་ཉི་ཤུ་རྩ་དྲུག་བསྐྱལ་བས། རྒྱ་གར་ནས་མ་ཤི་བར་ལོག་ཙམ་བྱུང་བ་འདི་ཡིན་”གསུངས། དགུང་ལོ་བདུན་ནས་རྟེའུ་རར་ཁུ་བོ་ཆོས་རྗེ་ལོ་ཙཱ་བ་དགྲ་བཅོམ་པའི་དྲུང་དུ། རྒྱ་བོད་ཀྱི་ཡི་གེ་འབྲི་ཀློག་དང་། རོལ་མོ། བྲི་ཐིག་སོགས་བསླབས། བཅུ་གཅིག་པ་ལ། པཎ་ཆེན་ཤཱཀྱ་ཤྲཱི་རྟེའུ་རར་བྱོན་པ་ལ། སེམས་བསྐྱེད། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས། ལམ་རིམ་དང་། པཎ་ཆེན་ཐམས་ཅད་མཁྱེན་པའི་དཔལ་ལ་ཐུབ་པ་དགོངས་རྒྱན་གསན། བཅུ་གསུམ་པར་དགེ་བསྙེན་གྱི་བསླབ་པ་བཞེས། ཉི་ཤུའི་བར་ཁུ་བོ་དགྲ་བཅོམ་པའི་ཞབས་དྲུང་བསྟེན་ཏེ་མཁས་པར་བསླབས་སོ། །

༧] རབ་ཏུ་བྱུང་བ།

བཅོ་ལྔ་པར་དགེ་ཚུལ་མཛད་ཅིང་། སྡོམ་འབྱུང་དང་ཀུན་རིག་གི་དབང་དང་སེམས་བསྐྱེད། སྦྱོར་དྲུག་སོགས་གདམས་ཟབ་མང་པོ་གསན། ཉི་ཤུ་པ་ལ་“མོན་འགར་སྡོང་པོ་རྩའི་གཙུག་ལག་ཁང་དུ་ཁུ་བོ་ཆག་ལོ་དགྲ་བཅོམ་པས་མཁན་པོ་དང་། དགེ་རྒྱས་པ་སྟག་འདུལ་བ་འཛིན་པས་ལས་སློབ། འགར་ལྷ་སྡིངས་པས་གསང་སྟོན་མཛད་དེ་བསྙེན་པར་རྫོགས་”པ་ནས་བཟུང་། ལོ་ཙཱ་བ་རང་གི་ཞལ་ནས།“དགེ་སྦྱོར་ལ་བརྩོན་པ་དང་། དཀོར་ལ་མི་འབག་པ། གཞིས་ཁ་མི་སྤྱོད་པ། གསེར་སེ་བ་གཅིག་ནས་བྲེ་གང་ཡང་བེད་འགྱུར་དུ་མི་གཏོང་བ [15]། འཁོར་ལ་ཁྲལ་མི་སྡུད་པ། མི་སྡེའི་དཔོན་མི་བྱེད་པ་”སོགས་གངས་རིའི་ལྗོངས་ཀྱི་དགེ་སྦྱོང་ཁྲོད་ན་བཙུན་པའི་ཚད་དུ་བྱེད་པ་བྱུང་སྣང་ངོ་། །

༨] བལ་ཡུལ་དུ་ཐོག་མར་བྱོན་ཚུལ།

ཆག་ལོ་ཆེན་པོོ་དགུང་ལོ་ཉི་ཤུ་པར་ཁུ་བོའི་ཞལ་ནས། “ རྒྱ་གར་དུ་བཞུད་དགོས། དེ་ལ་བ་བརྟ་[16]ནི་ཤེས་ཟིན། མངོན་པ་ཤེས་དགོས་པས་སློབས་ཤིག་ ཅེས་དང་། རྒྱ་གར་གྱི་ཆུ་འཐུང་བ་ཙམ་གྱིས་ཀྱང་འོང་ངོ་། །  སྒྲ་བཟང་ལ་ལྕེ་བདེ་བར་འགྲོ་ ” གསུངས།

རྒྱལ་སྒྲུབ་ཕུག

དེབ་སྔོན་ལས། རྟེའུ་ར་པའི་ལོ་རྒྱུས་འཆད་སྐབས་སུ། “ཆག་ལོ་དགྲ་བཅོམ་པ་དགུང་ལོ་དྲུག་ཅུ་རྩ་བཞི་པ་མེ་ཕོ་བྱི་བ་ལ་རྟེའུ་རར་གཤེགས། དེའི་ཚེ་ཆག་ཕྱི་མས་ཉི་ཤུ་བཞེས།”ཞེས་འབྱུང་བ་ལྟར་ན། ཆག་ཕྱི་མ་ནི་ཆོས་རྗེ་དཔལ་ལ་གོ་བ་ལས་འོས་མེད་ཅིང་། ཉེར་གཅིག་པ་ལ་ཁུ་བོ་ལོ་ཙཱ་བའི་ཞལ་ཆེམས་ལྟར་བལ་ཡུལ་དུ་བྱོན་ཏེ། པཎ་ཆེན་རཏྣ་རཀྵི་ཏས་འཕགས་པ་ཤིང་ཀུན་ན་རྟེན་འགའི་རབ་གནས་མཛད་ཁར་ཕེབས་པས་མཉེས་ནས་བོད་ངོ་མཚར་ཆེ་གསུངས། དེར་ཁམས་པ་སྟོན་གྲགས་སོགས་ལ་ལོ་ཙཱ་གནང་། དེ་དག་དང་ལྷན་ཅིག་ཏུ་རྡོ་རྗེ་ཕྲེང་བ་ལ་སོགས་པའི་དབང་མང་པོ་དང་། བདེ་དགྱེས་གསང་གསུམ་སོགས་ཀྱི་གདམས་པ་གསན།

ཉེར་གཉིས་པ་ལ་མངའ་རིས་ངང་གཙང་དུ་བྱོན། ལྷ་བཙུན་གུང་ཐང་པ་མགོན་པོ་དཔལ། འཛང་ཡོན་ཏན་ཤེས་རབ། ས་སྐྱ་པཎྜི་ཏ། ཁྲོ་ཕུ་ལོ་ཙཱ་བ། མྱང་སྟོད་ལོ་ཙཱ་བ། གོ་ལུང་པ་ནམ་མཁའ་རྒྱལ་མཚན། ཡོལ་སྟོན་པདྨ་རྒྱལ་མཚན། སྣར་ཐང་པ་གྲོ་ཆེན་པོ། མཆིམས་བློ་བརྟན། དགའ་བ་གདོང་པ་དབྱར་ཉི་མ་ཀོ་བྲག་པ། འཇད་པ་རིན་ཆེན་གྲགས། ཡོལ་བ་པ‘ལ་སོགས་པའི་བཤེས་གཉེན་མང་པོའི་ཞལ་ནས་སྔགས་མཚན་ཉིད་ཀྱི་ཟབ་ཆོས་གསན་ཏེ་མཁས་པ་ཆེན་པོར་གྱུར།

དགུང་ལོ་ཉེར་ལྔ་པར་སླར་ཡང་ཁུ་བོའི་ཞལ་ཆེམས་ཐུགས་ལ་བཅངས་ཏེ་བལ་བོར་བྱོན་པ་ན། རཱ་བཱིན་དྲ་དེ་བ་སྟེ། པཎྜིཏ་ཉི་མའི་དབང་པོ་དང་། རིན་ཆེན་འཚོ་སོགས་ལ་མཇལ། འཕགས་པ་བུ་ཁམ་དང་། ཆོས་ཀྱི་དབྱངས་ཀྱི་གཙུག་ལག་ཁང་སོགས་ལྷ་རྟེན་སོ་སོའི་ངོ་མཚར་ཅན་དང་། ཆོས་ཕྱོགས་ཀྱི་འཕྲིན་ལས་སྐོར་ལ་ཐུགས་སྣང་ཞིབ་མོ་མཛད། སྔ་ཕྱི་ལན་གཉིས་ཕེབས་པ་བསྡོམས་པས་བལ་ཡུལ་དུ་ཁྱོན་ལོ་བརྒྱད་བཞུགས་པར་སྣང་།

༩] རྒྱ་གར་དུ་ཇི་ལྟར་ཕེབས་ཚུལ།

ཆག་ལོ་ཆོས་རྗེ་དཔལ་རྒྱ་གར་དུ་ཕེབས་པའི་དུས་ནི། ལོ་རྒྱུས་ཀྱི་ཆ་ནས་ཧ་ཅང་ཛ་དྲག་ཆེ་བའི་དུས་སྐབས་ཤིག་ཡིན་ཏེ། གར་ལོག་པའི་དམག་གིས་རྒྱ་གར་གྱི་ཡུལ་ཧྲིལ་པོར་དཔུང་འཇུག་བྱེད་བཞིན་པར་བརྟེན། ཆག་ལོའི་བླ་མ་མང་པོས་དགག་བྱ་མཛད་མོད། གཅིག་ནས་ཁུ་བོ་ཆག་ལོ་དགྲ་བཅོམ་པའི་ཞལ་ཆེམས་ཡིན་པ་དང་། གཉིས་ནས་བླ་མ་གྱེ་རེ་བ་དང་། ར་བཱིན་དྲ་གཉིས་ཀྱིས་ལུང་བསྟན་མཛད་དེ་ཐུགས་སྟོབས་སྤེལ་བ་བཞིན་རྒྱ་གར་དུ་ཕེབས་ཡོད། ཏེའུ་ར་པའི་དུས་འཁོར་ཆོས་འབྱུང་ལྟར་ན། ཆག་ལོ་ཆེན་པོ་དགུང་ལོ་ཉེར་དྲུག་པ་ལ་རྒྱ་གར་དུ་བྱོན་པ་གསལ་མོད་ཀྱང་། ཕྱི་ལོ་ ༢༠༡༧ ལོར་སྒོ་བུ་ཤ་བོ་ཚེ་རིང་གི་ཆག་ལོའི་སྐོར་གྱི་ཟིན་བྲིས་[17]ཤིག་ཏུ་དགུང་ལོ་སོ་དགུ་པར་རྒྱ་གར་དུ་ཕེབས་ཚུལ་བྲིས་མོད། དེའི་ཁུངས་གང་ལ་གཏུགས་མིན་མ་ཤེས་པས་དཔྱད། རིམ་གྱིས་ཏི་ར་ཧུ་ཏི་[18]སྟེ་ཚ་བའི་ཐང་དུ་འབྱོར། འདི་ལ་ཆག་ལོས་མུ་སྟེགས་ཀྱི་རྒྱལ་ཁམས་ཞེས་བྲིས་མོད། གངྒཱའི་བྱང་རྒྱུད་དུ་གཏོགས་པའི་ཡུལ་ཁམས་ཆེན་པོ་དེའི་ནང་ཤཱཀྱའི་རིགས་ཀྱང་ཡོད་ཅེས་དགེ་ཆོས་ཀྱིས་[19]གསུངས།

དེ་ནས་མི་ཁྱིམ་འབུམ་དྲུག་ཡོད་པའི་གྲོང་ཁྱེར་པ་ཏ་ལ་སྟེ། དེང་སང་རྒྱ་གར་བ་རྣམས་ཀྱིས་ Patna པཊ་ཎ་རུ་འབོད་པ། སྔོན་གྱི་དུས་སུ་ཆོས་རྒྱལ་མྱ་ངན་མེད་ཀྱི་རྒྱལ་ས་སྐྱ་ནར་བུའི་གྲོང་ཁྱེར་ལ་བྱོན། ལྕགས་རི་བདུན་དང་། འོབས་ཉེར་གཅིག་སོགས་ངོ་མཚར་པའི་གྲོང་ཁྱེར་གྱི་བཀོད་པ་དང་། འཇིགས་སུ་རུང་བའི་མ་ཧེ་གཡག་རྒོད་དང་འདྲ་བས་ཉེན་པ་སོགས་ཀྱང་བྲིས་ཡོད། ཡངས་པ་ཅན་དུ་སྒྲོལ་མ་རང་བྱོན་མཇལ་ཏེ་རྨི་ལྟས་ངོ་མཚར་ཅན་བྱུང་ཞིང་། དེར་དགོངས་ཏེ་ཆག་ལོ་ཉིད་ཀྱི་ཞལ་ནས། “ལམ་གྲོགས་བགྲོད་པར་དཀའ་ཡང་གར་ལོག་དང་། ། ནགས་ཀྱི་མ་ཧེས་ཉེན་ཡང་རྣམ་འཕྲུལ་གྱིས། ། རྡོ་རྗེ་གདན་མཐོང་གེགས་སུ་མ་གྱུར་པ། །དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །”ཞེས་པའི་ཚིགས་བཅད་བརྩམས་ཏེ་རང་གི་ཁུ་བོ་ཆག་ལོ་དགྲ་བཅོམ་པས་ཟབ་ཆོས་འཚོལ་སླད་རྨི་ལམ་ཚུན་ཆད་དུ་སྙིང་སྟོབས་དང་སྤོབས་པ་སྩལ་པའི་བཀའ་དྲིན་ལ་རྗེས་དྲན་གནང་ཡོད།

སྐབས་དེར་ཡངས་པ་ཅན་ནས་རྡོར་གདན་བར་དུ་ཉིན་ལམ་བརྒྱད་ཙམ་ཡོད་ཅིང་། ལམ་ནས་གངྒཱ་བརྒལ་རྒྱུ་ནི། དེང་སང་ལྟར་སྟབས་བདེ་མ་ཡིན་ཏེ། “སྔ་མོ་ནས་གྲུ་ལ་ཕྱིན་ཀྱང་ཕ་རོལ་དུ་དགོང་མོ་ལས་མི་སླེབས་” ཞེས་དང་། “ནཀྲ་གཡག་རྒོད་ལྟ་བུ་ཡོད་,, གསུངས། དགེ་ཆོས་ཀྱིས་[20] “ཆག་ལོའི་ལམ་ཡིག་ཏུ་གངྒ་བརྒལ་ཏེ་ཕྱི་ཉིན་རྒྱ་གར་དུ་སླེབས་”ཅེས་པ་བྲིས་ཚུལ་གསུངས་མོད། རྣམ་ཐར་འདི་ཉིད་ཆག་ལོའི་ལམ་ཡིག་རྒྱས་བསྡུས་གང་རུང་ལ་བརྩིས་པའི་དབང་དུ་བྱས་ཚེ། དགེ་ཆོས་ཀྱིས་མཇལ་བའི་ལམ་ཡིག་དེ་ནི་ངེས་པར་གཞན་ཞིག་ཡིན་འདུག་སྟེ། འདིར་ནི་“གངྒའི་ཕ་རོལ་ན་ཡུལ་མ་ག་དྷ་ཡོད་དེ། ”ཞེས་པ་ཙམ་ལས་དགེ་ཆོས་ཀྱིས་གསུངས་པའི་ཚིག་དེའི་གྲིབ་མ་ཙམ་ཡང་མི་སྣང་ངོ་། ། དེ་ལྟ་ནའང་ཡང་འདི་ཉིད་ཆག་ལོའི་ལམ་ཡིག་ཡིན་པ་ནི་འཇམ་མགོན་ཨ་མེས་ཞབས་ཀྱིས་བརྟག་གཉིས་འགྲེལ་པར་[21]ནཱ་རོ་པའི་འཁྲུངས་ཡུལ་ངོས་འཛིན་སྐབས་ཆག་ལོའི་ལམ་ཡིག་ཁུངས་སུ་དྲངས་པས་རྟོགས་ནུས་སོ། ། དེ་ནས་མ་ག་ངྷར་བྱོན། རྒྱལ་པོའི་ཁབ་ཏུ་པཎ་ཆེན་ཡ་ཤོ་མི་ཏྲ་ལ་སྒྲ་རྩིས་སྨན་དཔྱད། ཟློས་གར། གྲུབ་སྙིང་སྐོར་གསན།

ཆག་ལོ་ཆེན་པོ་རྒྱ་གར་རྡོ་རྗེ་གདན་ལ་བྱོན་པའི་དུས་སྐབས་ནི། “གནས་འདི་ཧ་ཅང་དར་རྒྱས་ཀྱི་སྐབས་ཡིན་པར་སྣང་སྟེ། དགེ་སློང་སུམ་བརྒྱ་ཙམ་རེ་རྒྱུན་དུ་དཀོན་གཉེར་གྱི་ཚུལ་དུ་བཞུགས་”ཤིང་། དབྱར་གནས་ཀྱི་སྐབས་སོགས་སུ་གྲྭ་བ་ཁྲི་ཕྲག་[22]ཡོད་ཅིང་། “འཕང་དུ་ཁྲུ་སུམ་ཅུ་སོ་ལྔ་ཡོད་པའི་དྲི་གཙང་ཁང་ལ་མཇལ། དབུ་རྩེ་ཤིན་ཏུ་མཐོ་བས་ཉིན་ལམ་གཉིས་ཀྱི་ས་ནས་ཀྱང་མཇལ་ཐུབ་”སོགས་གསུངས་པ་འདིས། གནའ་དུས་ཀྱི་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་མཐོ་ཚད་དང་། ཡུལ་དབུས་ཀྱི་སའི་བཀོད་པ། བསྟན་པའི་གནས་བབ་ཚུན་ཆད་གསལ་བརྗོད་བྱས་ཡོད།

དད་པའི་རྟེན་མཆོག་ངོ་མཚན་ཅན་“བྱང་ཆུབ་ཆེན་པོའི་སྐུ་དེའི་ལྷ་ཁང་ཡང་མུ་སྟེགས་ཀྱིས་མི་བཤིག་པའི་ཐབས་སུ་སྒོ་སོ་ཕག་གིས་བརྩེགས་པ་ཞལ་ཞལ་བྱས་ཤིང་། དེའི་རྩར་སྐུ་ཚབ་ཏུ་རྫུས་མ་གཅིག་བཞག ཕྱི་སྒོ་འདམ་ཞལ་བརྒྱབ་ནས་དེར་དབང་ཕྱུག་ཆེན་པོའི་སྐུ་གཅིག་བྲིས་”པ་དང་། གར་ལོག་[23]པའི་དམག་གི་འཇིགས་པས་ཡུལ་མི་ཐམས་ཅད་བྲོས་ནས་ཡུལ་སྟོངས་ཤིང་། ལོ་ཙཱ་བ་ཡང་རེ་ཞིག་ནགས་སུ་ཡིབ་དགོས་བྱུང་”ཚུལ་སོགས་ཀྱིས་ནི། བརྩེ་མེད་ཀྱི་དམག་དཔུང་འཇིགས་སུ་རུང་བ་ཞིག་གནས་འདིར་འབྱོར་ལ་ཉེ་བའི་གནས་བབ་སྐྱོ་ལྷང་ངེ་བ་དེ་ཡིད་ལ་གསལ་པོར་འཆར་ཐུབ་ཅིང་། དེ་སྔོན་ཡང་ཕྱི་ལོ་ ༡༢༠༡ ཙམ་ནས་བཟུང་གདུག་རྩུབ་ཅན་གྱི་དམག་དཔུང་དེ་དག་གི་རྐྱེན་པས། མཁས་པའི་འབྱུང་གནས་དཔལ་ནཱལེནྡྲ་དང་། ཨོ་ཏན་ད་པུ་རི། བིཀྲ་མ་ཤཱི་ལཱ[24]། འོད་མའི་ཚལ་སོགས་ནང་པའི་གཙུག་ལག་ཁང་མང་པོ་གཏོར་བཅོམ་བྱས་པས། ཁ་ཆེ་པཎ་ཆེན་ (1127-1225 ) སོགས་མཁས་གྲུབ་མང་པོ་གྲོ་མོ་བརྒྱུད་ནས་ཕྱི་ལོ་ 1204 བོད་དུ་བྱོན་སྣང་ངོ་། །

རྡོ་རྗེ་གདན།

རིམ་གྱིས་དམག་ས་གནས་གཞན་དུ་སོང་བ་དང་མ་ཧཱ་བོ་དྷི་བྱང་ཆུབ་ཆེན་པོའི་སྐུ་དང་། བྱང་ཆུབ་ཀྱི་ཤིང་། དེ་བཞིན་གཤེགས་པའི་ཚེམས། སྒྲོལ་སྐུ་སྣ་ཚོགས[25]། ཐུབ་པ་ཆེན་པོའི་ཞབས་རྗེས་[26]། མྱ་ངན་མེད་ཀྱི་རྡོ་རིང་[27]སོགས་ངོ་མཚར་ཅན་གྱི་རྟེན་རྣམས་མཇལ་ཚུལ་དང་། བྱང་ཆུབ་ཆེན་པོའི་སྐུ་རྟེན་གྱི་ཁྱད་ཆོས་དང་། ཇི་ལྟར་བྱུང་བའི་ལོ་རྒྱུས། གཞན་ཡང་། ཆུང་ས་ནས་ལྷ་ཁང་གི་དཀོན་གཉེར་སིང་གྷ་གླིང་པའི་ཉན་ཐོས་ཁོ་ནས་བྱེད་པ་དང་། རྒྱ་གར་བས་གཙུག་ལག་ཁང་གི་སྒོ་ཕྱོགས་གང་དུ་གཏོད་ཚུལ། བྱང་ཆུབ་ཆེན་པོའི་སྐུ་རྟེན་མཇལ་བའི་མྱོང་བ[28]། བྱང་ཆུབ་ཤིང་ལ་མཆོད་པ་བྱ་ཚུལ། ཡུལ་དབུས་སུ་ཉི་མ་ཤར་ལུགས། མཆོད་རྟེན་གྱི་ཤར་སྒོའི་མར་མེའི་མཆོད་སྡོང་ཚེ་འབར་མ་ཚུན་ཆད་ཞིབ་ཏུ་བྲིས་པས་ནི། དུས་ཕྱིས་བོད་ཀྱི་མཁས་པ་ཚོས་ཡུལ་སྐོར་ཟིན་ཐོ་འབྲི་ལུགས་ལ་མིག་དཔེ་དང་། རྨང་རྡོ་བརྟན་པོ་ཞིག་བཏིང་བར་སྣང་སྟེ། རིག་རལ་གྱི་རྡོར་གདན་རྣམ་བཤད་རྒྱན་གྱི་མེ་ཏོག་[29]དང་། དགེ་འདུན་ཆོས་འཕེལ་གྱི་སིང་གྷ་ལའི་ལམ་ཡིག་དང་། རྒྱ་གར་གནས་ཡིག་སོགས་བཀླགས་པས་ཀྱང་ཤེས་སོ། །

ཆག་ལོ་ཙཱ་བ་རྡོར་གདན་དུ་བཞུགས་པའི་ཉིན་གཅིག་བུད་དྷ་སི་ན་[30]སྟེ། བཅོམ་ལྡན་འདས་ཀྱི་སྐུ་ཞང་རྒྱལ་པོ་ལྷ་བརྟན་གྱི་རྒྱུད་པར་གྲགས་པ་ཁོང་། དཔུང་དམག་ལྔ་བརྒྱ་དང་བཅས་གླང་པོ་ཆེའི་སྒལ་བར་རིན་པོ་ཆེའི་ཁྲི་དང་བཅས་པ་བྱོན་ཚུལ་དང་། རྒྱལ་པོ་ཆེན་པོ་དེས་ཆག་ལོ་ཙཱ་བ་སོགས་ལ་ཕྱག་བྱས་ཚུལ་སོགས་ཀྱིས་ནི། རང་རེའི་ཡུལ་དུ་ཡང་སྔོན་ཆོས་རྒྱལ་ཁྲི་རལ་ཀྱིས་དགེ་འདུན་པར་ཚད་མཐོན་པོའི་བསྙེན་བཀུར་མཛད་པའི་རྣམ་ཐར་དྲན་པར་བྱས་སོ། །

རྡོར་གདན་དུ་བཞུགས་སྐབས་ཆག་ལོས་ཤེར་ཕྱིན་གྱི་རྒྱ་དཔེ་ཞིག་ཁྱེར་ནས་བྱོན་པ་ན། “དཀོན་གཉེར་གྱིས་ཁྱེད་དགེ་སློང་ལེགས་པོ་གཅིག་འདུག་པ་ལ། ཐེག་ཆེན་གྱི་ཆོས་རྒྱབ་ཏུ་ཁྱེར་པ་མ་ལེགས་ཞེས་དང་། ཆག་ལོས་སྒྲོལ་མའི་སྐུ་ལ་ཕྱག་མཛད་པས། ཁྱེད་དགེ་སློང་ལེགས་པ་ཞིག་འདུག་པ་ལ། ཁྱིམ་པ་ལ་ཕྱག་བྱེད་པ་མ་ལེགས་སོ་ ”ཟེར་བ་དང་། དགེ་སློང་ཁྲི་ཕྲག་བཞུགས་པའི་སྐབས་དེར་ཡང་ཡུལ་དབུས་སུ་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མིན་པའི་ལུགས་འཛིན་པ་མང་བར་སྣང་། ཉིན་ཞིག་ལོ་ཙཱ་བས་མཆོད་རྟེན་སྐོར་ལམ་དུ་བྱོན་སྐབས། ཚེམས་ལེགས་པ་དང་སམ་སྐྲི་ཏའི་སྐད་ལ་ཐོགས་པ་མེད་པས། བོད་ཡིན་པ་ཡིད་མ་ཆེས་པ་ན། འགའ་རེས་བོད་ཡིན་པའི་རྟགས་སུ་ལྷམ་གོན་པ་དང་། དེའི་རྟགས་སུ་ཞབས་སེན་ཀྱོང་ངེར་ཡོད་པའི་སྒྲུབ་བྱེད་བཀོད་ལུགས་སོགས་མཇལ་སྐབས། དགེ་ཆོས་ཀྱིས། “ལྷུང་བཟེད་ནག་པོ་ཅན་རྣམས་ནི་ཅི་ལ་ཡང་འཁུ་འཕྲིག་ཟ་[31]” ཞེས་གསུངས་པ་ཅིས་མ་བདེན་སྙམ་པ་བྱུང་།

མཁས་པའི་འབྱུང་གནས་ནཱལེནྡྲར་ཕེབས་པ་ན། གར་ལོག་གི་དམག་བྱུང་བས་ཡུལ་མི་རྒྱལ་པོ་དང་བཅས་པ་ཐམས་ཅད་ཀྱང་བྲོས། པཎ་ཆེན་རཱ་ཧུ་ལའི་ཞལ་ནས། “ང་ལོ་དགུ་བཅུ་ལོན་པས་འབྲོས་སུ་མེད་པ་ཡིན་མོད། ཁྱོད་མི་འབྲོས་པ་གླེན་གསུང་པ་ལ། ཆག་ལོས་ང་བསད་ཀྱང་བླ་མའི་དྲུང་ལས་གཞན་དུ་མི་འགྲོ་བྱས་པས། དམ་ཚིག་ཅན་དུ་དགོངས་ནས་གཏིང་ནས་མཉེས། དེ་ནས་བླ་མ་ཁུར་ནས་གར་ལོག་གི་དམག་རྣམས་གཉན་པོར་ལྟ་བའི་མགོན་པོའི་ལྷ་ཁང་[32]དུ་གདན་དྲངས། ཞེས་དང་། ཏུ་རུ་ཥཀའི་དམག་སུམ་བརྒྱ་ཙམ་མཚོན་ཆ་ཟིང་རེ་བ་བྱུང་སྟེ། བཀྲོང་ངེས་འདུག་ཀྱང་མ་རྙེད་པས་སྐྱེངས་ནས་ལོག་སོང་།”གསུངས། པཎ་ཆེན་གྱི་ཞབས་ལ་གཏུགས་ཏེ་ཀ་ལཱ་པ། འདུལ་བ་ཏིང་ངེ་འཛིན་རྒྱལ་པོ། དུས་འཁོར་བདེ་དགྱེས་གསང་འདུས་སོགས་ཟབ་ཆོས་མང་པོ་གསན།

ཆག་ལོས་ནཱལེནྡྲ་ནི་རྒྱལ་པོས་བཞེངས་པར་བཤད་ཅིང་། དེའི་རྒྱུ་མཚན་དུ་“སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིན་ཆེན་ཕྲེང་བའི་ལུང་[33]། སྔོན་གྱི་རྒྱལ་པོའི་ཆོས་ཀྱི་གཞི། ། ཞེས་དྲངས་ཤིང་། དེ་ན་དབུ་རྩེ་ཆེན་པོ་བདུན་དབུས་སུ་བསྒྲིགས་པ་ཡོད། གཉིས་མ་གཏོགས་པ་རྒྱལ་པོས་བཞེངས། གཉིས་སློབ་དཔོན་ཆེན་པོ་གཉིས་ཀྱིས་རེ་རེ་བཞེངས་པ། དེའི་ཕྱི་རོལ་བྱང་ཕྱོགས་ན་ཨཱརཱ་མི་ཀ་ཞེས་པའི་གཙུག་ལག་ཁང་ཆུང་བ་བརྒྱད་ཅུ་ཙམ་ཡོད། དེ་ཕལ་ཆེར་རྒྱལ་པོས་བཞེངས། ལ་ལ་བཙུན་མོས་བཞེངས་པའོ། །”ཞེས་དང་། “སྤྱིར་གཙུག་ལག་ཁང་བརྒྱད་ཅུ་རྩ་བཞི་ཡོད་པ་ལ། ད་ལྟ་མི་ཁྱིམ་བརྒྱད་ཅུ་རྩ་བཞི་ཡོད།”ཅེས་སོགས་བྲིས་ཤིང་། ཆག་ལོ་ནཱལེནྡྲར་མ་བྱོན་གོང་ནས་གར་ལོག་གིས་ནཱལེནྡྲའི་གདན་ས་གཏོར་བཤིགས་ཚབས་ཆེན་བཏང་ཟིན་པའི་ཚུལ་གསལ་པོར་བྲིས་ཡོད།

ནཱལེནྡྲར་ཇོ་བོ་ཁ་སརྤ་ཎའི་རྡོ་སྐུ་དང་། འཇམ་དཔལ་མཇིང་ཡོན། ཡེ་ཤེས་མགོན་པོའི་རྡོ་སྐུ་རང་བྱོན། སྒྲོལ་མ་རྒྱན་མེད་བཅས་ཀྱི་སྐོར་དང་། སློབ་དཔོན་ཟླ་གྲགས་དང་། ཙན་དྲ་གོ་མཱི་གཉིས་བགྲོ་གླེང་མཛད་པའི་རྣམ་ཐར་དང་། སངས་རྒྱས་ཀྱི་བསྟན་པ་ལ་སྟོབས་ཀྱི་སྒོ་ནས་བཀའ་དྲིན་འགྲན་ཟླ་བྲལ་བ་སྐྱོང་མཁན་ཆོས་རྒྱལ་མྱ་ངན་མེད་[34]ཇི་ལྟར་ལུང་བསྟན་པའི་ཚུལ། མཐུ་སྟོབས་ཀྱི་དབང་ཕྱུག་གྲུབ་ཆེན་བིར་ཝ་པས་[35]ངོ་མཚར་བའི་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ་མུ་སྟེགས་པའི་དམར་མཆོད་ཀྱི་རྒྱུན་ཆེན་པོ་བཅད་པའི་སྐོར་དང་། སྙན་ངག་པ་གྲགས་ཅན་ནག་མོའི་ཁོལ་གྱི་ལོ་རྒྱུས་སོགས་ཡིད་དབང་མེད་དུ་འགུག་པའི་ལོ་རྒྱུས་ངོ་མཚར་ཅན་དག་ཀྱང་བྲིས་ཡོད་ཅིང་། ནཱལེནྡྲའི་བྱང་ཕྱོགས་ཀྱི་ནགས་ཁྲོད་ན་ཡོད་པའི་ན་རོ་པའི་སྒྲུབ་གནས་ཕུ་ལ་ཧ་རིར་ཡང་བྱོན། ཡུལ་དབུས་སུ་ཁྱོན་ལོ་གཉིས་བཞུགས། ལོ་ཙཱ་བ་འདིས་དགུང་ལོ་བདུན་ནས་བཟུང་ཞེ་ལྔ་བར་དུ་སྣག་སྨྱུག་དང་མི་འབྲལ་བའི་དམ་བཅས་ཏེ། བོད་ཀྱི་རིག་གནས་ལ་ཕན་པའི་ཡིག་འཇོག་མང་དུ་མཛད་པ་ནི་ཡི་གེ་བ་སྤྱིའི་སྤྱན་ལྟོས་སུ་ཆེའོ། །

བྱ་རྒོད་ཕུང་པོའི་རིར་ཕེབས་སྐབས་གཅན་གཟན་གྱི་འཇིགས་པ་སེལ་སླད་རྔ་རྡུང་མཁན་དང་། དུང་འབུད་མཁན་སོགས་གླས་ཏེ་ཅུང་འུར་སྒྲ་དང་བཅས་ཕེབས་པ་དང་། གངྒཱ་བརྒལ་སྐབས་མཉན་པས་གསེར་བསམ་སྟེ་ལྷུང་བཟེད་འཕྲོག་སྐབས་ལོ་ཙཱ་བས་རྒྱལ་པོ་ལ་གཏུག་གི་ཡིན་ཞེས་ཁ་ཕོ་བསྒྲགས་པ་སོགས་ནི་ཞིབ་འདང་བྱས་ན་ཅུང་དགོད་སྤྲོ་བ་ཞིག་ཡོད།

མདོར་ན། བྱ་རྒོད་ཕུང་པོའི་རི་ནི། བདག་ཅག་གི་སྟོན་པས་བཀའ་ཆོས་གནང་སའི་གནས་བྱིན་ཅན་ཞིག་ཡིན་ཞིང་། ཉམས་དགའ་བའི་རི་ཆུང་འདི་ལ་ཁོང་གིས་སྟོན་པའི་ཆོས་ཁྲི་ཞེས་གསུངས་པ་ནི་ཧ་ཅང་ཡིད་ལ་འཐད་པ་ཞིག་གོ ། ཆག་ལོ་ཆེན་པོས། “བྱ་རྒོད་ཕུང་པོའི་རི་དེ་མཐོན་པོ་མེད། སྤྱིར་རྒྱ་གར་ན་རི་མེད།”ཅེས་གསུངས་པ་དང་། ས་པཎ་གྱིས། “བྱ་རྒོད་ཕུང་པོའི་རི་ལ་ཡང་། ། མཐོ་བ་ཟླུམ་པ་ལ་སོགས་བཤད། ། བོད་ཀྱི་ཐང་ཆེན་ཇི་བཞིན་དུ། ། འཕགས་པའི་ཡུལ་གྱི་རི་ཆེན་ཡིན།[36]།”གསུངས་པ་གཉིས་ཚིག་གི་བརྗོད་ཚུལ་ཙམ་ལས་དོན་གྱི་གནད་གཅིག་ཏུ་སྣང་ངོ་། །

༡༠]  ཟབ་ཆོས་ཀྱི་རྒྱུན་སྤེལ་ཚུལ།

ཡངས་པ་ཅན།

ཏེའུ་ར་པའི་དུས་འཁོར་ཆོས་འབྱུང་[37]ལྟར་ན། ཆག་ལོ་ཆེན་པོ་དགུང་གྲངས་ཉེར་དྲུག་པར་རྒྱ་གར་དུ་ཕེབས་ཏེ་ཁྱོན་ལོ་གཉིས་བཞུགས་པ་ལྟར་ན། ཕྱི་ལོ་ ༡༢༢༧ ཙམ་ལ་ཆག་ལོ་ཆེན་པོ་ཡུལ་དབུས་སུ་བཞུགས་ཏེ་དཔལ་ནཱལེནྡྲར་བླ་མ་དགྲ་གཅན་འཛིན་བཟང་པོའི་ཞལ་ནས་ཟབ་ཆོས་འཚོལ་ཞིབ་བྱེད་པའི་དུས་ཚོད་དང་ཏག་ཏག་འཁེལ་ཡོད་ཅིང་། དེའི་སྐོར་འཇམ་མགོན་ཀོང་སྤྲུལ་གྱིས་[38] “དུས་འཁོར་གྱི་ཇོ་ཙ་མི་རྭ་འབྲོ་གཉིས། ། པཎ་ཆེན་ཆག་དཔྱལ་རོང་ལུགས་མང་བྱོན་པའི།། ཞེས་དང་། ཆག་ལོ་ཆོས་རྗེ་དཔལ་གྱིས་རཱ་ཧུ་ལ་ཤྲཱི་བྷ་དྲ་དང་ཛི་ན་རཀྵི་ཏ་སོགས་ལ་དབང་བཤད་དང་མན་ངག་ཆ་ཚང་ཞུས་པ་ལས་ ”ཆག་ལུགས་དར་ཚུལ་གསུངས་ཡོད། དགུང་ལོ་ཉེར་བརྒྱད་པར་ཕྱིར་བལ་ཡུལ་དུ་ཕེབས་ཏེ། པཎ་ཆེན་རེ་ཝེནྟྲ་པ་ལས་སླར་ཡང་གཞུང་གདམས་ངག་མང་དུ་གསན། རངྒ་ཎ་བི་ཧ་རར་བིཀྲ་མ་ཤཱི་ལཱའི་ཆོས་དཔོན་པཎ་ཆེན་ཛི་ན་རཀྵི་ཏ་དང་། སྠི་བི་ཧ་རར་བི་བྷཱུ་ཏི་ཙནྟྲ་དང་། མ་ཎི་ཀ་ཤྲཱི་ཛྙཱ་ན་དང་། དྷརྨ་ཤྲཱི་དང་། མ་ནོ་ར་ཐ་གུཔྟ་དང་། གཽ་ཏ་མ་ཤྲཱི་ཛྙཱ་ན་རྣམས་ལས། རིག་པའི་གནས་ལྔ་སྡེ་སྣོད་གསུམ་རྒྱུད་སྡེ་བཞིའི་གཞུང་བཤད་དབང་གདམས་ངག་མང་དུ་གསན། ཁྱད་པར་དུ་ཛི་ན་རཀྵི་ཏ་ལ་དུས་འཁོར་རྒྱུད་འགྲེལ་གསན་ཅིང་འགྱུར་ཡང་མཛད། བི་བྷཱུ་ཏི་ལ་རྒྱུད་བཤད་དང་། ལྷག་པར་ཤ་ཝ་ར་ལུགས་ཀྱི་སྦྱོར་དྲུག་སོགས་ཟབ་ཆོས་མང་དུ་གསན་པ་ལས། འདིར་དཔེ་མཚོན་ཙམ་དྲངས་ན། ས་སྐྱ་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་དཔལ་གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་གྱི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ཟབ་ཡངས་ཆོས་སྒོ་འབྱེད་པའི་རིན་པོ་ཆེའི་ལྡེ་མིག་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་ལས[39]། ‘’ལོ་ཙཱ་བ་བལ་ཡུལ་དུ་བྱོན་པས། པཎྜི་ཏ་ནིསྐ་ལཾ་ཀ་ནི་གཤེགས། དེའི་སློབ་མ་ར་ཝེནྟྲ་བྷ་དྲ་ཞེས་བྱ་བ་ལ། གཤིན་རྗེའི་གཤེད་ལྷ་ལྔ་མ་དང་བཅུ་གསུམ་མ་གཉིས་ཀའི་དབང་ཞུས། སྔར་དཔྱལ་གྱིས་བསྒྱུར་བའི་གཞུང་རྣམས་ལ་འགྱུར་བཅོས་དང་། སྔར་མ་འགྱུར་བ་བིར་ཝ་པས་མཛད་པའི་གཏོར་ཆོག བློ་བཟང་སྙིང་པོས་བྱས་པའི་མངོན་རྟོགས་རྒྱས་པ། བདག་བྱིན་གྱིས་བརླབས་པའི་རིམ་པ། གྲུབ་ཆེན་དཔལ་འཛིན་གྱིས་མཛད་པའི་བཅུ་གསུམ་མའི་བསྐྱེད་པའི་རིམ་པ་ལས་ཚོགས་དང་བཅས་པའི་ཡིག་ཆ་བརྒྱད་ཙམ་འགྱུར། འགྱུར་ཤིན་ཏུ་ལེགས། རྫོགས་པའི་རིམ་པ་ཤིན་ཏུ་སྤྲོས་མེད་སོགས་ནི་སྦས་པ་ཡིན་ནམ་མ་བསྒྱུར། མཉམ་མེད་སྙིང་རྗེའི་རྣལ་འབྱོར་གྱི་གཞུང་ཟུར་དུ་བཀོལ་ནས་གསུངས་པའི་རྒྱུན་ད་ལྟ་ཡང་ཡོད་”ཅེས་དང་། ཨ་མེས་ཞབས་ཀྱིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་ཅེས་བྱ་བ་ལས་“ཡང་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་བལ་པོ་མ་ན་ཀ་ཤྲཱི་ཛྙ་ན་ལ་འཕགས་ལུགས་ཀྱི་དབང་བཀའ་རྡོ་རྗེ་ཕྲེང་བས་བདག་བྱས་པ་གཅིག་དང་། སྒྲོན་གསལ་གྱི་ལུང་། རིམ་ལྔའི་ཁྲིད་བཀའ་རྣམས་ཞུས་ཤིང་། ཐང་པོ་ཆེར་དར་བར་བྱས་ནས་ད་ལྟ་ཡང་ཡོད་དོ། །” ཅེས་དང་། “ཡང་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་བལ་པོའི་པཎྜི་ཏ་ར་ཝེནྟྲ་པ་ལ་ཞུས་ནས། གསང་བ་འདུས་པའི་བཤད་བཀའ་དང་། དབང་བཀའ་རྣམས་དེའི་སློབ་མ་ཆག་གྲགས་པ་གྲུབ། དེའི་སློབ་མ་ཇོ་བཙུན་མེ་འབར་རྣམས་ལ་བརྒྱུད་པ་སོགས་བྱུང་། ཞེས་དང་། “པཎ་གྲུབ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པ་ལས་རྡོ་རྗེ་ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ་དར་ཞིང་རྒྱས་པར་མཛད། ”ཅེས་དང་། ཇོ་ནང་ཏཱ་ར་ན་ཐའི་གཤིན་རྗེ་གཤེད་ཀྱི་ཆོས་འབྱུང་ལས[40]། “པཎྜི་ཏ་དཱ་ན་ཤཱི་ལས་བི་རཱུ་པ་དང༌། དཔལ་འཛིན་གྱིས་གཞུང་མང་པོ་རང་འགྱུར་མཛད། དེའི་རྗེས་སུ་ལོ་ཉི་ཤུ་ཙམ་སོང་བ་ན། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས། བི་རཱུ་པ་དང་དཔལ་འཛིན་དང༌། བློ་གྲོས་བཟང་པོ་སོགས་ཀྱིས་མཛད་པའི་གཞུང་མང་དུ་བསྒྱུར། ལུགས་གཉིས་ཀའི་དབང་བཀའ་དང་ལག་ལེན་དར་རྒྱས་སུ་མཛད། རྫོགས་རིམ་ནི། རིམ་པ་ལྔའི་དག་སྦྱོར་ཙམ་གྱི་རྫོགས་རིམ་མ་གཏོགས། འཁྲིད་ཚུལ་རྒྱས་པའི་ལག་ལེན་ནི་མེད་དོ། །དེ་ལས་ཅུང་ཟད་འཕྱི་བར་གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། ཆག་ལོའི་བླ་མ་ར་བེནྡ་པ་ལ་ཡང་ཐུག ཁྱད་པར་དུ་དརྤན་ཨཱ་ཙརྱ་སྤྱན་དྲངས་ཏེ་བིར་ཝ་པའི་སྤྲོས་མེད། དཔལ་འཛིན་གྱི་རྣལ་འབྱོར་བཞི་རིམ་སོགས་གཞུང་ཕྲན་གསར་པ་མང་དུ་བསྒྱུར་ཞིང༌། རྫོགས་རིམ་གྱི་མན་ངག་འཁྲིད་ཚུལ་ཁྱད་པར་ཅན་མཐའ་རྒྱས་སུ་བྱུང༌། ཆག་ལུགས་ཀྱི་སྐོར་རྣམས་སྔར་ནས་ཁོང་རང་ལ་བཞུགས། འགྱུར་བཅོས་ནི་མ་མཛད་དོ། །དེ་ལྟར་ན་དཔྱལ་ལོ། དཱ་ན་ཤཱི་ལ། ཆག་ལོ། གློ་བོ་ལོ་ཙཱ་བ་སྟེ་བཞི་པོ་དེས་གཤེད་དམར་གྱི་དབང་མན་ངག་ལག་ལེན་རྣམས་མཐའ་རྒྱས་སུ་མཛད།”ཅེས་དང་། ཏེའུ་ར་པའི་ཆོས་འབྱུང་ལས། “ཆོས་རྒྱལ་འཕགས་པའི་བཀའ་བཞིན་དཔོན་ཆེན་ཤཱཀྱ་བཟང་པོས་ས་སྐྱར་གདན་དྲངས། ཚོགས་དུང་བཏགས་ཏེ་དགེ་འདུན་འདུས་པ་རྒྱ་མཚོ་ལ་ཆོས་གསུངས་དུས་འཁོར་རྒྱུད་འགྲེལ་གྱི་བཤད་པ་ཡང་གནང་”ཞེས་དང་། འཇམ་མགོན་ཀོང་སྤྲུལ་གྱི་ཞལ་[41]ནས། “ཡང་ཆག་ཆོས་རྗེ་དཔལ་གྱིས་པཎྜིཏ་རེ་བེནྡྲ་པ་སོགས་བསྟེན་ནས་འདུས་པ་གསན་པ། འུ་ཡུག་ཀུང་རབ་བླ་མ་དཔལ་སོགས་ལ་བཤད་པ་ནས་ཉེ་བར་བརྒྱུད་དེ་ཆག་ལུགས་སུ་གྲགས་” གསུངས་ཤིང་། དེ་སྔོན་དུས་འཁོར་ལ་མི་མོས་པའི་བཅོམ་ལྡན་རིག་རལ་[42]སོགས་ངེས་ཤེས་འདྲོངས་པར་མཛད་ཅིང་། ཆག་ལོ་ཆེན་པོས་རྒྱ་གར་གྱི་ཆོས་ཚུལ་ཇི་སྙེད་ཅིག་གངས་རིའི་ལྗོངས་སུ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དར་སྤེལ་མཛད་པའི་ཚུལ་མཐའ་དག་ནི་འདིར་རེ་རེ་བཞིན་སྨོས་ཀྱིས་མི་ལང་ངོ་། །

༡༡] ཆོས་རྗེ་ས་པཎ་སོགས་མཁས་པས་བསྔགས་ཚུལ།

རྒྱ་གར་ནས་ཕྱིར་ཕེབས་སྐབས་ཏི་ར་ཧུ་ཏིར་ཚ་ནད་ཀྱིས་ཟླ་གཉིས་རིང་སྙུང་སྟེ་མལ་དུ་ལུས་པ་སོགས་སྐུ་ཚེགས་ཆེན་པོ་བྱུང་། ལོ་ཙཱ་བ་བལ་ཡུལ་དུ་བྱོན་པ་ན། ང་བརྒྱད་མ་མཛད་དེ་མཁས་པ་གཞན་དག་གཟུགས་བརྙན་ཡིན་གསུངས་མཁན་ཆོས་རྗེ་ས་པཎ་གྱིས་སྐུལ་མ་གནང་བ་ལྟར་ཆག་ལོས་བསྒྱུར་མཛད་པའི་མཚན་བརྗོད་ཀྱི་འགྲེལ་པ་བདུད་རྩིའི་ཐིགས་པ་དང་རྒྱ་དཔེ་གཉིས་ས་པཎ་ལ་བསྐུར། ཁོང་གིས་གཟིགས་པ་ན། ཆག་ལོའི་འགྱུར་རྩལ་གྱིས་ཐུགས་འཕྲོག་སྟེ་དུས་ཕྱིས་ཞལ་མཇལ་སྐབས་“ལོ་ཙཱ་བ་རིན་ཆེན་བཟང་པོའི་རྟིང་ལ་ཁྱེད་ལས་མཁས་པ་མ་བྱུང་ངེས་པ་ཡིན།”ཞེས་དང་། “ང་ཡང་རྒྱ་གར་དུ་མ་བཏང་པས་ཡབ་མེས་གོང་མ་རྣམས་སྐུ་དྲིན་ཆེ་ལ་ཆུང་དུ་བྱུང་གསུངས་[43]ནས་རྣམ་པ་ཀུན་ཏུ་བསྔགས་པ་ཆེར་མཛད་ཅིང་། ཕྱིས་ཧོར་བོད་ཀྱི་རིག་པ་དོན་གཉེར་ཅན་དག་ལ་ཡང་ཡོན་ཏན་སློབ་པར་འདོད་ན་ཆག་ལོ་ཙཱ་བ་ཁོང་ལ་གཏུགས་ཤིག་”ཅེས་འབོད་སྐུལ་མཛད་པས་ས་སྐྱ་པའི་དགེ་བཤེས་མང་པོ་ཆག་ལོའི་ཞབས་ལ་གཏུགས་པར་གཞིགས་ན། སྒྲ་སྒྱུར་གྱི་རྒྱལ་པོ་ཆག་ལོའི་མཁྱེན་རབ་ཀྱི་དཔལ་ཐུན་མོང་མ་ཡིན་པའི་རྣམ་ཐར་རྟོགས་ཐུབ། བལ་ཡུལ་ནས་ཡང་དོག་ཏུ་ཕེབས། དེར་ནག་ཚོ་ལོ་ཙཱ་བའི་གདན་སར་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་བརྩམས་ཏེ་ས་པཎ་ལ་ཞུ་ཡིག་ཕུལ་ཡོད་ཅིང་། དེ་ལས་ང་ཚོས་རྟོགས་ཐུབ་པ་ནི། ཆག་ལོ་ཙཱ་བས་ཐོག་མར་སྡོམ་གསུམ་རབ་དབྱེའི་མཚན་སྙན་ཐོས་པ་དང་། བར་དུ་དཔེ་མཇལ་ཇི་ལྟར་བྱུང་པ། ཐ་མར་ཐེ་ཚོམ་ཅི་ཡོད་རྣམས་ས་པཎ་ལ་ཞུ་ཡིག་ཏུ་བྲིས་པ་དང་། ཞར་བྱུང་སྡོམ་གསུམ་རབ་དབྱེའི་དཔེ་དག་པ་ཞིག་ཀྱང་གནང་སྦྱིན་ཡོང་བའི་སྐུལ་མ་ཞུས་པའི་ཞུ་ཡིག་འདི་བཀྲ་ཤིས་གྲགས་ཞེས་པའི་ཕྱག་ཏུ་བསྐུར་ཡོད་ཅིང་། ས་པཎ་གྱིས་དེའི་ལན་གནང་བ་ས་སྐྱ་བཀའ་འབུམ་ [44]ན་ཆག་ལོའི་ཞུ་ལན་ཞེས་པ་གསལ། ཏེའུ་ར་པའི་དུས་འཁོར་ཆོས་འབྱུང་ལས[45]། “པཎ་ཆེན་དཱ་ན་ཤཱི་ལ་ཡར་ཀླུང་སྟག་ཚལ་དུ་མཇལ་བས་ཁྱོད་རྒྱ་གར་དུ་ཕྱིན་པས་མཁས་པ་ཆེན་པོའི་ཆེན་པོར་འདུག ང་བོད་དུ་བསྡད་པས་བ་ལང་དུ་སོང་། ཁྱེད་མཁས་གྲགས་པས། ངའི་སྤུ་ལངས་པ་ཡིན་” ཞེས་དང་། ཆག་ལོའི་ལམ་ཡིག་ལས[46]། “ པཎྜིཏ་དཱ་ན་ཤཱིལ་སྒྲུབ་ཐབས་བསྡུས་པའི་རྒྱ་དཔེ་ཡོད་མེད་འདྲི་བ་ལ་བྱོན་ཏེ། ཆུ་བ་བེར་ཅིག་དང་། ལྒ་པི་པི་ལིང་[47]ཕུལ་ནས་རྒྱུད་བླའི་མཆོད་བརྗོད་སཾ་སྐྲི་ཏའི་སྐད་དུ་གསུངས་པ་ན། མཁས་མཁས་ང་བས་ཁྱོད་མཁས་པར་འདུག ”ཅེས་ཆག་ལོ་ཆེན་པོར་བསྔགས་པ་མཛད་ཚུལ་བྲིས་ཡོད། འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསུང་ [48]ན་ཡང་། མ་ཆགས་ལོ་བདག་ཚ་ཟེར་བྱེད་སོགས་ཀྱིས། ། མཆོད་པའི་གནས་གྱུར་ཆོས་ཉིད་རྡོ་རྗེ་ཡིས། ། ལྟ་ངན་རི་འཇོམས་གདུལ་བྱའི་དཔལ་གྱུར་པ། ། བསྒྲུབ་པ་བཟང་པོ་ཁྱོད་ནི་རྒྱལ་གྱུར་ཅིག ། ཅེས་དང་། འཕགས་པ་རིན་པོ་ཆེ་རྒྱ་ཡུལ་ནས་བོད་དུ་ཕེབས་པའི་ལམ་དུ་ཆག་ལོ་མྱ་ངན་ལས་འདས་པའི་ཞུ་ཡིག་འབྱོར་བ་ན། “ཐུགས་སྐྱོ་ནས་སྤྱན་ཆབ་བསིལ་ཞིང་། ཆག་ལོ་ཆེན་པོ་མངོན་ཤེས་ལ་ཐོགས་པ་མི་འདུག་ ” གསུངས། དུས་ཕྱིས་སྨྲ་བའི་སེངྒེ་རོང་སྟོན་ཆེན་པོས་ཀྱང་། “འཕགས་པའི་ཡུལ་དུ་དཀའ་སྤྱད་དུ་མ་ཡིས། །རབ་ཏུ་བགྲོད་ནས་གཞུང་ལུགས་མན་ངག་རྣམས། །ལེགས་པར་འདོམས་པའི་རྗེ་བཙུན་ཆོས་རྗེ་དཔལ། །སྒྲ་བསྒྱུར་ཕུལ་ཕྱིན་སྐད་གཉིས་སྨྲ་བ་ལ། །མཁས་པ་ཀུན་གྱི་གཙུག་གི་རྒྱན་གྱུར་ཏེ། །“ཞེས་སོགས་རྨད་དུ་བྱུང་བའི་འོད་ཟེར་ [49]ཞེས་ཆག་ལོའི་མཁས་བཙུན་བཟང་པོའི་རྣམ་ཐར་ལ་སྙན་ངག་གི་མཆོད་པ་ཕུལ་ཡོད་ཅིང་། ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ཀྱི་རྣམ་ཐར་ [50]ལས། “ཆག་ལུགས་འདི་ནི་འགྱུར་བདེ་ཞིང་མཁས་པར་ཡང་གྲགས་པ་ཡིན་”ཞེས་སོགས་ཡོངས་གྲགས་ཀྱི་མཁས་གྲུབ་མང་པོས་བསྔགས་པ་ལྟར། ཆག་ལོའི་རྣམ་ཐར་ཕལ་མོ་ཆེ་ནི་གང་ཟག་དཀྱུས་མ་ཞིག་གིས་ལོ་ཟླ་མང་པོར་དཀའ་སྤྱད་སྡུག་རུས་མཛད་དེ་མཁས་པར་གྱུར་ཅིང་། དེ་རྗེས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་དེ་འཛིན་དང་བཅས་པ་བསྐྱངས་པའི་བརྒྱུད་རིམ་ཙམ་ལས། དབུ་ནས་མཇུག་བར་དུ་འཕགས་པ་ག་གེ་མོའི་སྤྲུལ་བས་འགྲོ་དོན་ཡིན་ལུགས་དང་། རྫུ་འཕྲུལ་གྱིས་རྒྱ་གར་དུ་གཤེགས་ཚུལ་སོགས་གང་ཟག་སྒེར་གྱི་དག་སྣང་སྣ་ཚོགས་དང་། འུད་བརྗོད་ཤ་སྟག་གིས་བྲིས་པའི་བོད་ཀྱི་རྣམ་ཐར་གཞན་ལས་ནི་ཤིན་ཏུ་ངོ་མཚར་བ་ཡོད་དོ། །

དཔལ་ནཱ་ལེན་དྲ།

སྐུ་ཚེའི་སྨད་དུ་ཡང་དོག་ནས་གཉལ་དུ་ཕེབས་སྐབས། རྒྱ་དཔེ་སོགས་པུ་ཏི་བརྒྱ་ཕྲག་དུ་མ་མཛོ་ཁལ་མང་པོ་བཀལ་ཏེ་བྱོན་པ་ན། གཞན་གྱིས་ཡིད་མི་ཆེས་པ་ལྟ་བུ་བྱུང་། དེ་ནས་ཡར་ཀླུང་སྟག་ཚལ། སོལ་ནག་ཐང་པོ་ཆེ[51]། གུང་ཐང་། འཇུ་ཕུར། རི་གུད། ཁྲ་འབྲུག ས་སྐྱ། གཉལ་གྱི་ཏེའུ་ར་སོགས་སུ་མདོ་སྔགས་རིག་གནས་དང་བཅས་པའི་བཀའ་ཆོས་མཛད་དེ་ཞལ་སློབ་མང་དུ་བསྐྱངས་ཤིང་། ཁྱད་པར་དུ་རྒྱལ། འདྲེན་ཕུ། ལྷས་ལྡིངས། འོ་དཀར་བྲག་[52]བཅས་སུ་ཐུགས་དམ་མཛད་ཅིང་། ཐུན་མཚམས་སུ་ཊཱིཀ་མཛད་པ་དང་“དེ་སྔར་བོད་དུ་མ་འགྱུར་བའི་གཙུག་ལག་དགུའི་རྒྱུད་བསྒྱུར་[53]”བ་སོགས་བོད་གངས་ཅན་པའི་བསྟན་འགྲོར་སྨན་པའི་འཕྲིན་ལས་རྒྱ་ཆེར་མཛད་མཐར། “དགུང་གྲངས་དྲུག་ཅུ་རེ་བདུན་[54]པར་ཕྱི་ལོ་ (1264) ཤིང་ཕོ་བྱི་བའི་དགུན་ཁ་དབོ་ཟླ་བའི་ཚེས་བཅུ། རེས་གཟའ་ལྷག་པ། སྐར་མ་ནམ་གྲུའི་དུས་བྱེད་པར་” ཆག་གོང་མའི་གདན་ས་ཏེའུ་རར་ས་གཡོ་བ་དང་། དྲི་བཟང་འཐུལ་བ་སོགས་ངོ་མཚར་བའི་རྟགས་དང་བཅས་ཞི་བར་གཤེགས། དེ་སྐབས་ཀྱི་གནས་ཚུལ་རྣམ་ཐར་འབྲི་པ་པོས་འདི་ལྟར་བྲིས་ཡོད་དེ། “འཇིག་རྟེན་སྒྲོན་མེ་ཉི་མ་འདྲ་བ་ནུབ། ། སྒྲ་དང་ས་གཡོས་རྒྱལ་ཁམས་ཀུན་གྱིས་ཚོར། ། དྲི་བཟང་སྔ་ན་མེད་པ་ལྟེའུ་རར་བྱུང་། ། ལ་ལས་ལྷའི་སིལ་སྙན་ཐོས་པའང་བྱུང་། [55]། ”ཞེས་པ་ནི་རང་བཞིན་བརྗོད་པའི་རྒྱན་ནོ། ། གདུང་ལས་དཔལ་གཤིན་རྗེ་གཤེད་དམར་པོ་དང་། རིགས་ལྔའི་ཕྱག་མཚན་སོགས་ངོ་མཚར་བའི་འདས་རྟགས་ཀྱང་བྱུང་ངོ་། །

༡༢] ཆག་ལོས་བསྟེན་པའི་བླ་མ་ཁག

ཁུ་བོ་ཆག་ལོ་དགྲ་བཅོམ་པ་དང་། ས་སྐྱ་པཎྜི་ཏ། ཁྲོ་ཕུ་ལོ་ཙཱ་བ། སེ་ལོ་ཙཱ་བ། མྱང་སྟོད་ལོ་ཙཱ་བ་སོགས་ལོ་ཆེན་རྣམས་དང་། གུང་ཐང་ལྷ་བཙུན་པ་མགོན་པོ་དཔལ[56]། འཛང་ཡོན་ཏན་ཤེས་རབ། གྲོ་སྟོན་བདུད་རྩི་གྲགས། གོ་ལུང་པ་ནམ་མཁའ་རྒྱལ་མཚན། ཡོལ་སྟོན་པདྨ་རྒྱལ་མཚན། སྣར་ཐང་པ་གྲོ་ཆེན་པོ། མཆིམས་བློ་བརྟན། དགའ་བ་གདོང་པ་དབྱར་ཉི་མ་ཀོ་བྲག་པ། འཇད་པ་རིན་ཆེན་གྲགས། ཡོལ་སྟོན་པ་ལས་རྩིས། དྲོ་ཆུང་ཟེར་སྒོམ་སོགས་མང་པོ་བསྟེན།

དེའི་ཚུལ་ཡང་། དེབ་སྔོན་ལས། “སྤྱིར་པཎྜི་ཏ་ཆེན་པོ་བཅུ་གཉིས། བོད་ཀྱི་ལོ་ཙཱ་བ་བཞི། མཁས་བཙུན་ཉི་ཤུ་རྩ་གཅིག་ལ་སོགས་པ་ལ་ཆོས་གསན་”ཞེས་གསུངས་པ་ལྟར། པཎ་ཆེན་བཅུ་གཉིས་སྐུ་ཚེའི་གོ་རིམ་གྱི་དབང་དུ་བྱས་ན་འདི་དག་ཡིན་པར་སྣང་སྟེ། བོད་དུ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི[57]། བལ་ཡུལ་དུ་པཎ་ཆེན་རཏྣ་རཀྵིཏ[58]། པཎ་ཆེན་རྡོ་རྗེ་གདན་པ་རེ་ཝེནྡ། མ་ག་དྷ་རྒྱལ་པོའི་ཁབ་ཏུ་པཎ་ཆེན་ཡ་ཤོ་མི་ཏྲ[59]། ར་ཝེནྟྲ་བྷ་དྲ[60]སྟེ་ཉི་མའི་དབང་པོའི་འོད་ཟེར། བི་བྷཱུ་ཏི[61]། ནཱལེནྡྲའི་པཎ་ཆེན་གནས་བརྟན་རཱ་ཧུ་ལ་ཤྲཱི་བྷ་དྲ[62]། བིཀྲ་མ་ཤཱི་ལཱའི་ཆོས་དཔོན་པཎ་ཆེན་ཛི་ན་རཀྵི་ཏ་[63]། པཎ་ཆེན་ཨ་བྷ་ཡ་ཀ་ར། པཎ་ཆེན་མ་ཎི་ཀ་ཤྲཱི་ཛྙཱ་ན་[64]དང་། དྷརྨ་ཤྲཱི། མ་ནོ་ར་ཐ་གུཔྟ། སྠི་བི་ཧ་རར་བི་བྷཱུ་ཏི་ཙནྟྲ[65]སོགས་རྒྱ་གར་དང་བལ་ཡུལ་གྱི་མཁས་གྲུབ་[66]མང་པོའི་ཞབས་ལ་གཏུགས་ཏེ་མཁས་པའི་མཁས་པར་གྱུར་ཏོ། །

ལོ་ཆེན་འདིར་མཁས་བཙུན་བཟང་པོའི་རྣམ་ཐར་རྨད་དུ་བྱུང་བའི་ཐོག་ས་པཎ་ཁུ་དབོན་གཉིས་ཀྱིས་འགྲན་ཟླ་བྲལ་བའི་གཟིགས་པ་མཛད་པས་ཧོར་དུ་ཡང་སྙན་པས་ཁྱབ་སྟེ། རྒྱལ་པོ་གོ་སེ་ལས་དཔོན་ཤི་ཤ་ཐ་སྤྱན་འདྲེན་དུ་འབྱོར་ནའང་། ཞབས་ཀྱི་སྙུང་གཞིར་ཁ་གཡར་ཏེ་ཧོར་དུ་མ་ཕེབས་པ་ནི། རྗེ་ཉིད་ཀྱིས་མི་སྡེའི་དཔོན་མགོ་མི་བྱེད་པའི་དམ་བཅའ་མཛད་པས་ཀྱང་ཡིན་སྙམ་མོ། །

༡༣] ཆག་ལོའི་ཞལ་སློབ་གྲགས་ཆེ་བ་ཁག

འགྲོ་མགོན་ཆོས་རྒྱལ་འཕགས་པ། བཅོམ་ལྡན་རིག་པའི་རལ་གྲི། གློ་བོ་ལོ་ཙཱ་བ། གཡག་སྡེ་ལོ་ཙཱ་བ། གོ་ལུང་པ་མདོ་སྡེ་དཔལ་རྒྱལ་མཚན་དང་། གཡུང་ཕུག་པ་རྒྱལ་མཚན། ཆུ་མིག་པ་ཆེན་པོ། ཤར་པ་རྡོ་རྗེ་འོད་ཟེར། ཤར་པ་ཡེ་ཤེས་རྒྱལ་མཚན། དཔོན་ཆེན་ཀུན་དགའ་བཟང་པོ། དུས་འཁོར་བ་ཡེ་ཤེས་རིན་ཆེན་དགེ་བ། ཆག་ལོའི་ལམ་ཡིག་ཞུ་སྒྲིག་པ་འཇུ་བ་སྟོན་པ་ཆོས་དཔལ་དར་དཔྱང་སོགས་ཆོས་ཀྱི་བཤེས་གཉེན་མང་དུ་བྱོན།  མང་ཡུལ་དུ་བཞུགས་སྐབས་“གནས་གཞི་བརྒྱད་ཅུ་ཐམ་པའི་ལྡེ་མིག་ཉིན་གཅིག་ལ་ཕྱག་ཏུ་ཕུལ་”བ་སོགས་འཆད་ཉན་སྒོམ་སྒྲུབ་ཀྱི་གྲྭ་མང་དུ་བསྐྱངས་ཚུལ་སོགས་ནི། ལམ་ཡིག་དང་ཏེའུ་ར་པའི་ཆོས་འབྱུང་སོགས་སུ་གསལ།

ཅེས་པའང་སྒྲ་སྒྱུར་གྱི་རྒྱལ་པོ་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གླེང་བ་ལས་ཆག་ལོའི་ལམ་ཡིག་སྐོར་གྱི་རབ་ཏུ་བྱེད་པ་དང་པོའོ། །

སྨྲས་པ།

ཚ་བའི་ནད་དང་གངྒཱའི་ཆུ་ཀློང་དང་། །
མ་ཧེ་སྨྱོན་པའི་འཇིགས་པ་དང་དུ་བླངས། །
གར་ལོག་དམག་གིས་ཕྱིར་ལྡོག་མ་ནུས་པའི། །
ཆོས་རྗེ་དཔལ་ཁྱེད་དཔའ་བོའི་ཡང་རྩེ་ཡིན། །

གོམས་སྟབས་རེ་རེར་རྒྱལ་ཁའི་གཏམ་རྒྱུད་བྲིས། །
འགྱུར་ཡིག་རེ་རེས་མུན་པའི་འཇིགས་པ་བསལ། །
ཤེས་བྱའི་འཇིག་རྟེན་སྐྲུན་པའི་ལོ་ཙཱ་བ། །
ཆག་ལོའི་ལམ་ཡིག་མཇལ་འདི་སྐལ་བ་བཟང་། །

གཞོན་ནུའི་དུས་ནས་མཁས་པའི་རྒྱལ་ས་ཟིན། །
ཁུ་བོའི་བཀའ་བཞིན་རྒྱལ་ཁམས་རིགས་པས་བསྐོར། །
ལེགས་སྦྱར་ཐོགས་མེད་སྨྲ་བའི་དབུས་པ་ཁྱེད། །
གངས་རིའི་དབྱིངས་སུ་འཛུམ་པའི་སྐར་ཆེན་ཉིད། །

འདི་ནི་བླུན་པོ་དག་ལ་མི་མཁོ་ཡང་། །
རང་གི་མེས་པོའི་མཛད་བཟང་དྲན་པ་དང་། །
དྲིན་ལན་རིག་པས་འཇལ་བའི་གཞོན་ནུ་ཚོར། །
བྱུང་རབས་མཇལ་བའི་ཟིན་ཐོར་ཁོ་བོས་བྱས། །

ཅེས་པའང་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་མཆོག་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར་མཇལ་རྗེས་རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་བྱེས་ཀྱི་གདན་ས་གོང་དཀར་རྡོ་རྗེ་གདན་ཞེས་ཕྱོགས་བཞི་སཱ་ལའི་ནགས་ཚལ་ཆེན་པོས་ཀུན་ནས་མཛེས་ཤིང་། དུས་བཞིར་མེ་ཏོག་གི་མཛེས་སྡུག་དང་གཡུ་སྦྲང་གི་གླུ་སྐད་ཉམས་མི་སྲིད་པའི་དབེན་ཁྲོད་ཉམས་དགའ་བ་དེར་ཨ་འདུས་སྐལ་བཟང་རྒྱ་མཚོས་རང་དང་སྐལ་བ་མཉམ་པའི་བོད་རིགས་གཞོན་ནུ་དག་ལ་ཅུང་ཟད་རེ་ཕན་དུ་རེ་བའི་བློས་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་མཇུག་རྫོགས་པར་སྦྱར་བ་དགེའོ། །

ཟུར་ལྟའི་ཡིག་ཆ།

༡]      ཆག་ལོའི་རྣམ་ཐར། པཎ་ཆེན་འོས་སྤྲུལ་གྱིས་ཞུ་སྒྲིག་བྱས་པ། ཝ་རཱཎཱསི། ཕྱི་ལོ་ ༡༩༦༩

༢]      ས་སྐྱ་བཀའ་འབུམ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ཕྱི་ལོ་ ༢༠༠༧

༣]      བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༧

༤]      སྡེ་དགེ་བསྟན་འགྱུར།-Esukhia/derge-kangyur

༥]      ཨ་མེས་ཞབས་ཀྱི་བཀའ་འབུམ།  ཀྲུང་ཀོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༨

༦]      མང་ཐོས་བསྟན་རྩིས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༧

༧]      ཏེའུ་ར་པའི་དུས་འཁོར་ཆོས་འབྱུང་། ཆག་ལོ་རིན་ཆེན་ཆོས་རྒྱལ་གྱིས་མཛད་པ།

༨]      རོང་སྟོན་བཀའ་འབུམ། རྫོང་སར་ཆོས་ཀྱི་བློ་གྲོས་པར་མ།

༩]      དེབ་ཐེར་སྔོན་པོ། ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༢

༡༠]     ཀོང་སྤྲུལ་གྱི་ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༢

༡༡]     དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ། པོད། དང་པོ། གསུམ་པ། ཕྱི་ལོ་ ༢༠༠༡

༡༢]     ཆག་ལོའི་རྣམ་ཐར། རྫོང་རྩེ་སྤྲུལ་སྐུས་རྩོམ་སྒྲིག་ཞུས་པ། བྲིས་མ། ཕྱི་ལོ་ ༡༩༨༠

༡༣]     སྒོ་བུ་ཤ་བོ་ཚེ་རིང་གིས་བྲིས་པའི་ཆག་ལོའི་སྐོར་གྱི་ཟིན་ཐོ་སྔ་ཕྱི་གཉིས།

དཔྱད་ཡིག་དང་ཞབས་མཆན། 

[1]  དཔེ་དེབ་འདི་ནི། པཎ་ཆེན་འོས་སྤྲུལ་གྱིས་མ་ཡིག་ཏུ་ཡོད་པའི་ཡིག་ནོར་བརྒྱ་དང་བཞི་ཙམ་བཅོས་ཏེ་ཞུ་སྒྲིག་གིས་ཕྱི་ལོ་༡༩༦༩ ལོར་ཝ་རཱ་ཎཱ་སི་ནས་པར་བཏབ་པ་ཞིག་ཡིན།

[2] དགེ་ཆོས་ཀྱི་གསུང་འབུམ། པོད། དང་པོ། གསེར་ཐང་། ཤོག་གྲངས་ ༣༥༡ པར། ཆེས་ཞིབ་མོའི་རྒྱུས་བཤད་པ་དེ་འདྲ་ཆག་ལོས་རྡོ་རྗེ་གདན་གྱི་བཤད་པ་ཙམ་ལས་སུས་ཀྱང་མ་གསུངས་པར་སྣང་། ཞེས་བྲིས་ཡོད།

[3]  དཔེར་ན། རྡོ་རྗེ་གདན་ལྟ་བུར་མཚོན་ན་ཡང་། ལོ་སྟོང་གི་སྔར་བྱོན་པའི་རྒྱའི་བཙུན་པ་པཱ་ཧེན་དང་། ཐང་སན་ཙང་དང་།  ཨི་ཙང་རྣམས་ཀྱི་ལམ་ཡིག་དང་། བོད་ཀྱི་ལོ་ཙཱ་བ་ཆག་ཆོས་རྗེ་དཔལ་གྱི་ལམ་ཡིག་རྒྱས་པ། བཅོམ་ལྡན་རིག་རལ་གྱི་རྡོ་རྗེ་གདན་རྒྱས་བཤད་རྣམས་དང་། དེར་མ་ཟདསྣར་ཐང་དགོན་ན་རྡོ་ནག་ལས་གྲུབ་པའི་རྡོ་རྗེ་གདན་གྱི་གནས་བཀོད་རྒྱ་གར་ནས་གདན་དྲངས་པ་ཞིག་དང་། ཞེས་སོགས་བྲིས་ཡོད།  དགེ་ཆོས་ཀྱི་བཀའ་འབུམ། པོད། ༣]  པའི་ནང་ཚན་རྒྱ་གར་ལམ་ཡིག ཤོག་གྲངས་ ༣༢༠ པར་གསལ།

[4] དཔེ་ཆ་འདི་RESEARCH INSTITUTE PATNA པཊ་ན་རིག་གཞུང་ཉམས་ཞིབ་ཁང་གི་དཔེ་མཛོད་དུ་ཡོད་་ཅེས་པཎ་ཆེན་འོས་སྤྲུལ་གྱིས་ཆག་ལོའི་རྣམ་ཐར་ཞུ་སྒྲིག་བྱས་པ་དེའི་གླེང་བརྗོད་ཤོག་གྲངས་ [ཁ་] པའི་ནང་བྲིས་ཡོད་ཅིང་། ཉེ་ལམ་བདག་གིས་དཀར་ཆག་དེའི་སྐོར་ལ་དོ་སྣང་ཡང་ཡང་བྱས་པ་ན། ཨ་རི་བ་ངག་དབང་སྐལ་ལྡན་ལགས་ཀྱིས་བྲིས་པའི་པཊ་ཎ་དཔེ་མཛོད་ཁང་གི་བོད་ཀྱི་དཔེ་རྙིང་ཐོ་ཡིག་ཏུ་གསལ་བའི་རྡོར་གདན་དཀར་ཆག་དང་། ལམ་ཡིག་ཅེས་བཀོད་པ། དུས་ཕྱིས་སྐྱེས་སར་ཀླུ་སྒྲུབ་ཀྱིས་རྩོམ་སྒྲིག་བྱས་པའི་རྡོར་དཀར་ཆག་གསུམ་མ་དཔེ་གཅིག་ལས་བྱུང་བའི་ཡི་གེ་ཡིན་པ་ར་སྤྲོད་གསལ་པོ་བྱུང་།

[5]  དགེ་ཆོས་ཀྱིས་རྒྱ་གར་གནས་ཡིག་ཏུ་ཆག་ལོའི་ལམ་ཡིག་རྒྱས་པ་ཞེས་གསུངས་ལུགས་ལ་དཔྱད་ན། མིག་སྔར་མཛད་བྱང་མི་གསལ་བའི་རྡོར་གདན་དཀར་ཆག་ཅེས་པ་འདི་ཆག་ལོའི་ལམ་ཡིག་བསྡུས་པ་ཡིན་ནམ་སྙམ་མོ། །

[6] དུང་དཀར་རིན་པོ་ཆེས་རྩོམ་པ་པོ་འདི་ཆག་ལོའི་དྲུང་ཡིག་ཡིན་ཞེས་བྲིས་འདུག

[7]  དགེ་ཆོས་ཀྱི་གསུང་འབུམ་པོད་གསུམ་པ། རྒྱ་གར་རྫོང་སར་བཤད་གྲྭའི་པར་མ། ཕྱི་ལོ་ ༢༠༠༡ ཤོག་གྲངས་ ༣༢༠

[8]  འདིས་ནི་ཞང་ལོ་ཙཱ་བ་སོགས་བོད་ཀྱི་བླ་མ་བཅོ་ལྔ་བརྟེན། ཁྱད་པར་སྟེངས་པ་ལོ་ཙཱ་བ་ལས་སྒྲ་དང་ལོ་ཙཱ་བསླབས།  གསང་འདུས་དང་དུས་འཁོར་སོགས་གསན། མལ་གྲོ་འདུལ་འཛིན་ལས་བསྙེན་པར་རྫོགས། རྒྱ་གར་དུ་འབྱོན་པའི་བར་ཆད་ཞི་སླད་ཁ་སརྤ་ཎི་བསྒྲུབས་པས་གྲུབ་རྟགས་ཐོན་པ་དང་། བདེ་མཆོག་གི་ལྷ་ཚོགས་ཀྱིས་ཞལ་གཟིགས་པ་སོགས་ངོ་མཚར་བའི་མཛད་པ་མང་། རྒྱ་གར་དུ་རྡོ་རྗེ་གདན་པ་ཆུང་བ་སོགས་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཏེ་འགྱུར་མང་པོ་མཛད།  འདི་ལ་ཞལ་སློབ་ཆག་ཆོས་རྗེ་དཔལ་དང་། རྒྱ་གར་གྱི་པཎ་ཆེན་དྷརྨ་ཤྲཱི་ལ་སོགས་པའི་ཐུགས་སྲས་སྙན་གྲགས་ཅན་མང་དུ་བྱོན། སྐུ་ཚེ་ཧྲིལ་པོར་རྡོར་དཀར་གདན་གཅིག་མཛད་པ་སོགས་ངོ་མཚར་བའི་རྣམ་ཐར་ཡོད། དེབ་སྔོན། སྨད་ཆ། ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༢ ཤོག་གྲངས་ ༡༢༢༦

[9]  བུ་སྟོན་ཆོས་འབྱུང་། ཀྲུང་གོ་བོད་ཀྱི་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༨ ཤོག་གྲངས་ ༢༡༠

[10]  འབྲས་སྤུངས་དགོན་པའི་དཔེ་རྙིང་དཀར་ཆག མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༤ ཤོག་གྲངས་ ༤༦༠/ ༤༧༣/ ༤༨༦/ ༥༢༥/  ༥༣༡/ ༥༦༧/  ༩༥༢/ ༩༦༠/ ༩༦༡/ བཅས་ཀྱི་ནང་རྗེ་འདིས་བརྩམས་པ་དང་འགྱུར་མཛད་པ་གང་ཡིན་མི་གསལ་བའི་དཔེ་ཆ་མང་པོའི་མཚན་བྱང་བཀོད་ཡོད་ཅིང་། ཤེས་རབ་རྒྱ་མཚོའི་དཔེ་དཀོན་གྱི་ཐོ་ཡིག་ལས། དུས་འཁོར་སྐོར་ནང་རྗེ་འདིས་མཛད་པའི་དུས་འཁོར་ཆོས་འབྱུང་དཔག་བསམ་སྙེ་མ་དང་། ཤམ་བྷ་ལའི་ཞིང་བཀོད་གཉིས་རིམ་བཞིན་བཀོད་ཡོད།

[11] དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ། དཔེ་ཆ་འདིའི་མཚན་གཞན་ལ་ཏེའུ་ར་པའི་དུས་འཁོར་ཆོས་འབྱུང་ཞེས་ཀྱང་གྲགས།

[12] འདིས་གསང་འདུས་དང་དུས་འཁོར་སོགས་གསན་ཡུལ་གྱི་བླ་མ་སྟེངས་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་རྡོར་གདན་དུ་བྱོན་སྐབས་བོད་ཀྱི་ལོ་ཙཱ བ་རྩ་མི་སངས་རྒྱས་གྲགས་པ་དང་ཞལ་མཇལ། ཁོང་གི་དྲུང་དུ་ལོ་བཅུ་བཞུགས། ཕྱིས་སུ་སླར་ཡང་རྒྱ་གར་དུ་ཕེབས་སྐབས་རྩ་མི་སྐུ་གཤེགས་ཟིན། སྔ་ཕྱིར་རྒྱ་གར་དུ་ལན་གསུམ་བྱོན། འདུལ་བ་རང་གི་རྣམ་བཤད་དང་། ཉི་ཁྲི་གཞུང་འགྲེལ་སོགས་བསྒྱུར།   བྱེ་བྲག་བཤད་པ་ཆེན་མོ་བསླབས་ཏེ་འགྱུར་མགོ་བཙུགས་ཀྱང་མཇུག་མ་གྲུབ་པར་སྣང་།  དགུང་ལོ་བརྒྱད་ཅུ་གྱ་བཞིར་བཞུགས་ཚུལ་སོགས་འདིའི་སྐོར་རྒྱས་པར་མཁྱེན་འདོད་དག་གིས་དེབ་སྔོན། སྨད་ཆ། ཝཱ་ཎ་བཛྲ་བིདྱ་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༢ ཤོག་གྲངས་ ༡༡༢༤

[13]  འདི་ལ་དེབ་སྔོན་དུ་རྟེའུ་ར་ཞེས་དང་། ཆག་ལོའི་རྣམ་ཐར་དུ་ལྟེའུ་ར་པ། ཞེས་བྲིས་ཡོད།

[14]  དེབ་ཐེར་སྔོན་པོ། སྨད་ཆ། ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༢ ཤོག་གྲངས་ ༡༢༢༦

[15]  འདི་ནི་ལོ་ཙཱ་བས་གསེར་ཁྱེར་ནས་རྒྱ་བལ་གྱི་ཡུལ་དུ་ཕེབས་སྐབས་ཡོན་བདག་གི་ནོར་མཐའ་དག་ཆོས་ཁོ་ནའི་སླད་གཏོང་བ་ལས་ཆུད་ཟོས་སུ་མི་འགྱུར་བའི་ཕྱིར་མཛད་པའི་དམ་བཅའ་ཞིག་གོ །

[16]  འདིའི་དོན་འཚོལ་རྒྱུ།

[17]  http://ti.zangdiyg.com/article/detail/id/7365/words/ཆག་ལོ.html གངས་ལྗོངས་ཉི་གཞོན་དྲ་ཚིགས།

[18]  དགེ་ཆོས་ཀྱིས། “ ཏིརཧིཏ་ནི་བྲཱིཛའི་ཡུལ་དང་། ཡངས་པ་ཅན་ལ་སོགས་པའི་གངྒཱའི་བྱང་གངས་ཅན་གྱི་རྒྱུད་ལ་ཐུག་པའི་བར་དེ་དག་ལ་ཟེར་,,  གསུངས། དགེ་ཆོས་གསུང་པོད། དང་པོ། གཏམ་རྒྱུད་གསེར་ཐང་། རྒྱ་གར་རྫོང་སར་པར་མ། ཕྱི་ལོ་ ༢༠༠༡ ཤོག་གྲངས་ ༦༠ དང་། དགེ་ཆོས་ཀྱི་གསུང་པོད་གསུམ་པ། དེབ་ཐེར་དཀར་པོ། ཤོག་གྲངས་ ༢༣༡ དུ་ཡང་ཏིརཧིཏའི་སྐོར་འགྲེལ་བཤད་ཁ་གསལ་ཅན་བྲིས་ཡོད།
terai དེང་སང་བལ་ཡུལ་གྱི་རྒྱལ་ཁབ་ཧྲིལ་པོ་གངས་ཅན་པ་དང་། རི་ཐེམ་པ། རྒྱ་ཐང་བ་བཅས་ས་ཚིགས་གསུམ་ལ་ཆ་བགོས་བྱས་པའི། ཐང་ཆེན་ལ་གནས་པའི་ཡུལ་སྡེ་སྤྱིའི་མིང་ལ་གོ་བ་ཡིན་ནོ། །

[19] དགེ་ཆོས་ཀྱིས་ “ ཏིརཧིཏ་ནི་གངྒཱའི་བྱང་ནས་རི་ནག་པོ་རྒྱུད་ལ་ཐུག་གི་བར་ཡུལ་སྤྱི་ལ་ཟེར་ཞིང་ད་ལྟ་ཡང་མིང་དེ་ཀར་གནས། ཡུལ་དེའི་ཁོངས་སུ་གྱད་དང་། ཤཱཀྱ་དང་། ལི་ཙ་བི། བྲི་ཛི། ཀནྱཀུབྫ་ལ་སོགས་པའི་ཡུལ་མིང་ཆེན་དུ་མ་ཡང་འདུས།  གསུངས། དགེ་ཆོས་ཀྱི་གསུང་པོད་གསུམ་པ། དེབ་དཀར། ཤོག་གྲངས་ ༢༣༡

[20]  དགེ་ཆོས་ཀྱི་གསུང་འབུམ། རྒྱ་གར་རྫོང་སར་པར་མ། པོད་གསུམ་པ། དེབ་དཀར། ཤོག་གྲངས་ ༢༣༣

[21] ཚུལ་བཞི་སྔོན་དུ་འགྲོ་བ་དང་བཅས་པའི་དཔལ་ཀྱཻ་རྡོ་རྗེའི་རྩ་རྒྱུད་བརྟག་པ་གཉིས་པའི་ཚིག་འགྲེལ་རྒྱུད་བཤད་བསྟན་པ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ་ལས། “ གནོད་བྱེད་འདི་མ་བཟོད་པར་ནཱ་རོ་ཏ་པའི་འཁྲུངས་ཡུལ་ཁ་ཆེ་ཡིན་པར་ནན་གྱིས་བསྒྲུབས་ཤིང་། པུཥྤ་ཧ་རི་ཡང་ཁ་ཆེ་ན་ཡོད་པར་འདོད་པ་ནི། ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་དང་། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་བཟང་པོའི་ལམ་ཡིག་སོགས་དང་འགལ་བས་རང་བཟོ་འབའ་ཞིག་ཡིན་པར་ངེས་སོ། ། ,, འབྱུང་ངོ་། །

[22] ཆག་ལོའི་རྣམ་ཐར། ཕྱི་ལོ་ ༡༩༦༩  ཤོག་གྲངས་ ༤༥

[23] གར་ལོག་ཅེས་པའི་སྒྲ་དེ་ནི། དབྱི་སི་ལན་ཆོས་ལུགས་ཀྱི་གཙོ་བདག་མི་རབས་གཉིས་པ་ཀ་ལིབ་ཨུ་མར་གྱིས(སྤྱི་ལོ༦༣༤ནས༦༤༤བར)ལོ་བཅུ་གཅིག་ཙམ་སྲིད་དབང་བཟུང་རིང༌། ཨ་ཧྥེ་རི་ཀའི་བྱང་ཕྱོགས་ཀྱི་ཨེ་ཇིད་དང༌། སི་རི་ཡ། ཨ་རབ་སོགས་དབང་འོག་ཏུ་བསྡུས་པ་དེར་རྒྱ་གར་གྱི་ལོ་རྒྱུས་ཐོག་ཀ་ལིབ་ཀྱི་རྒྱལ་ཁབ་ཏུ་འབོད་ཅིང༌། ཀ་ལིབ་ཅེས་པའི་སྒྲ་དེ་ནི་ཨ་རབ་ཀྱི་སྐད་ཡིན་པ་དང༌། གོ་དོན་ནི་སྐུ་ཚབ་དང༌། བརྒྱུད་འཛིན་པ་ཞེས་པའི་དོན་ཡིན། སྒྲ་དེ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་སྐབས་ཟུར་ཆག་ནས་གར་ལོག་ཅེས་འབོད་པ་བྱུང་ཚུལ་དང་། གར་ལོག་གི་དམག་གིས་ཡུལ་དབུས་བརླག།    ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དགུང་ལོ་དོན་ལྔར་ཕེབས་པ་རབ་བྱུང་གསུམ་པའི་ལྕགས་བྱ(༡༢༠༡)ལོར་ཏུར་ཀིའི་རྒྱལ་པོ་ཤ་ཧ་བུ་དན་གྱི་དམག་དཔུང་རྒྱ་གར་དུ་སླེབས་ཏེ་རྒྱ་གར་མ་ག་དྷིའི་མངའ་ཁོངས་ཡོངས་རྫོགས་དབང་བསྒྱུར་བྱས་ཚུལ་སོགས་དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དེབ་གཟུགས།  ཤོག་གྲངས་ ༤༩༢   པར་གསལ།

[24] སངས་རྒྱས་དངོས་སུ་མཇལ་མྱོང་མཁན་གྱི་བྲམ་ཟེ་མོས། སངས་རྒྱས་དང་སྐུ་འདི་གཉིས་ཀྱི་ཁྱད་པར་ནི། དབུ་ཡི་གཙུག་ཏོར་མི་མངོན་མིན་དང་། སྤྱོད་ལམ་རྣམ་བཞི་མཛད་མིན། ངག་ཏུ་ཆོས་གསུང་མིན། རྟག་ཏུ་འོད་འཕྲོ་མིན་སོགས་སྐུ་འདིའི་ཁྱད་དུ་འཕགས་པའི་ཡོན་ཏན་སྐོར་ཆག་ལོའི་རྣམ་ཐར། ཕྱི་ལོ་ ༡༩༦༩  ཤོག་གྲངས་ ༣༤ དང་། བཅོམ་ལྡན་རིག་རལ་གྱི་རྡོར་གདན་རྣམ་བཤད་རྒྱན་གྱི་མེ་ཏོག་དང་། མཛད་བྱང་མི་གསལ་བའི་རྡོར་གདན་དཀར་ཆག་གཉིས་ཀར་གསལ།

[25] རྡོར་གདན་སྒྲོལ་མ་ལྷ་ཁང་དུ་ཞལ་འགྱུར་ཏཱ་རཱ་དང་། ཆུ་ཀླུང་སྒྲོལ་མ། ཧ་ཧ་ཏཱ་རཱ་བཅས་ཡོད་གསུངས།  ཆག་ལོའི་རྣམ་ཐར། ཕྱི་ལོ་ ༡༩༦༩ ཤོག་གྲངས་ ༤༨

[26] ཆོས་རྗེ་ལོ་ཙཱ་བའི་ཕྱག་སོར་ལྔ་ཡོད་པ་ཞབས་རྗེས་ཀྱི་རྒྱ་ལ་རིང་ཐུང་མཐོ་བཞི་དང་། ཟབས་སུ་སོར་བཞི་ཁུང་མོར་ཡོད་པ་རྡོ་དེ་ཤིན་ཏུ་མཁྲེགས་པ་དཀར་པོ་ཧྲུམ་ཧྲུམ་ཡོད་གསུངས།  ཆག་ལོའི་རྣམ་ཐར། ཕྱི་ལོ་ ༡༩༦༩ ཤོག་གྲངས་ ༤༡

[27]  དེའི་སྐོར་ལམ་འདོམ་གསུམ་ཚུན་རྡོ་ཐལ་གྱིས་བྱུགས། དེའི་ནུབ་ངོས་ཀྱི་སྐོར་ལམ་ན་རྡོ་རིང་གཅིག་ཡོད་དེ་སྔོན་བཅུ་གསུམ་ཙམ་ཡོད་པ་ཏུ་རུ་ཀའི་དམག་གིས་བཅག་ནས་ད་ལྟ་འདོམ་བདུན་ཡོད། ཞེང་ལ་འདོམ་གསུམ་གྱིས་འཁོར་བ་གཅིག་ཡོད། དེའི་སྟེང་ན་མཆོད་རྟེན་གཅིག་ཡོད། དེ་ནི་ལྷས་བྱས་པའི་ཕྱག་རྟགས་ཡིན། ཆག་ལོས་མཛད་པར་གྲགས་པའི་རྡོར་གདན་དཀར་ཆག  ཕྱི་ལོ་ ༢༢༠༩

[28]  “ གན་དྷོ་ལའི་ནང་ན་མ་ཧཱ་བོ་དྷཱི་བྱང་ཆུབ་ཆེན་པོའི་སྐུ་དེ་ཆེ་ཆུང་ཞལ་ལ་ཁྲུ་དོ་ཡོད། དེ་འདྲ་བའི་སྐུ་དེ་ལྟ་བས་ཆོག་མི་ཤེས་པ། དེ་ནས་གཞན་དུ་འགྲོ་སྙིང་མི་འདོད་པ། རིངས་ཀྱང་དེར་ལུས་འགྲོ་བ་ཇི་ལྟར་དད་པ་ཆུང་ཡང་སྐུ་དེའི་མདུན་དུ་མོས་གུས་མི་སྐྱེས་པའམ་འཆི་མ་མི་འཚེར་མི་སྲིད་” གསུངས། ཆག་ལོའི་རྣམ་ཐར། ཕྱི་ལོ་ ༡༩༦༠ ཤོག་གྲངས་ ༣༣

[29] འདི་ལ་ལེའུ་ལྔ་ཡོད་ཅིང་། རྡོར་གདན་རྣམ་བཤད་འདི་བཅོམ་ལྡན་རིག་རལ་གྱིས་རྡོར་གདན་དཀར་ཆག་ཅེས་པའི་གནའ་བོའི་རྩོམ་ཡིག་དེར་དཔེ་བལྟས་ཏེ་བྲིས་པ་ཞིག་ཡིན་པ་དེ་གཉིས་ཞིབ་ཏུ་མཇལ་བས་ཤེས།

[30]  ཆག་ལོའི་ལམ་ཡིག  ཕྱི་ལོ་ ༡༩༦༩ ཤོག་གྲངས་ ༣༠

[31]  དགེ་ཆོས་ཀྱི་གསུང་འབུམ། དེབ་གཉིས་པ། གཏམ་རྒྱུད་གསེར་ཐང་ལས་སིངྒལའི་ལོ་རྒྱུས་སྐོར། བོད་ལྗོངས་བོད་ཡིག་དཔེ་རྙིང་པར་སྐྲུན་ཁང་། ཕྱི་ལོ་ ༡༩༩༠ ཤོག་གྲངས་ ༧༣

[32]  མགོན་པོའི་སྐུ་དེ་ཞལ་གཅིག་ཕྱག་བཞི་པ། ཆེ་ཆུང་མི་བས་ཆེ་ཙམ་པ། མིས་སྣུམ་ཉེད་བྱས་པས་སྔོ་ཀྲེད་ཀྲེད་པ། ལྟེ་བའི་ཐད་ཀར་མགོ་གཏུགས་ནས་བྱིན་རླབས་ཞུས་ནས་ཟད་པ་ལ། རྡོ་སྲན་ཟན་མདོག་ཏུ་སྣང་སོགས་བྲིས་སོ། ། ཆག་ལོའི་རྣམ་ཐར། ཕྱི་ལོ་ ༡༩༦༩ ཤོག་གྲངས་ ༧༦

[33] ཆག་ལོའི་རྣམ་ཐར། ཕྱི་ལོ་ ༡༩༦༩ ཤོག་གྲངས་ ༦༨

[34] ཆག་ལོའི་རྣམ་ཐར། ཕྱི་ལོ་ ༡༩༦༩ ཤོག་གྲངས་ ༤༨ ནས་ ༥༤ བར་གསལ།

[35] ཆག་ལོའི་རྣམ་ཐར། ཕྱི་ལོ་ ༡༩༦༩ ཤོག་གྲངས་ ༥༦

[36]  དཔལ་བརྩེགས་བོད་ཡིག་ཞིབ་འཇུག་ཁང་གིས་བསྒྲིགས་པ། ས་སྐྱ་བཀའ་འབུམ། པོད་ ༢༥ ཤོག་གྲངས་ ༣༡༨

[37]  དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ། མཛད་པ་པོ། ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ།

[38] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༢ ཤོག་གྲངས་ ༢༤༨

[39] གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་གྱི་ཆོས་འབྱུང་།

[40] རྒྱུད་རྒྱལ་གཤིན་རྗེ་གཤེད་སྐོར་གྱི་ཆོས་འབྱུང་རྒྱས་པ་ཡིད་ཆེས་ངོ་མཚར་ཞེས་བྱ་བ།

[41] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༢ ཤོག་གྲངས་ ༢༣༥

[42] བཅོམ་ལྡན་རིག་རལ་དུས་འཁོར་ལ་མི་མཉེས་པའི་སྐོར་དེ་དགེ་ཆོས་ཀྱི་གསུང་འབུམ། པོད་གསུམ་པ། རྒྱ་གར་རྫོང་སར་བཤད་གྲྭའི་པར་མ། ལེགས་སྦྱར་བང་མཛོད། ཤོག་གྲངས་ ༥༣༢ པར་གསལ།

[43] ས་པཎ་གྱིས་ “ སྐུ་དྲིན་ཆེ་སྟེ། ཆོས་དང་ལོངས་སྤྱོད་དང་མ་འབྲལ་བར་མཛད། ཆུང་སྟེ། རྒྱ་གར་དུ་མ་བཏང་,, གསུངས་པ་འདིས་ས་པཎ་ཁོང་རིགས་པའི་འབྱུང་གནས་རྒྱ་གར་དུ་ཕེབས་འདོད་ཆེན་པོ་ཡོད་པ་བསྟན་ཡོད་ཅིང་། དེ་ལས་མཁས་པ་རྣམས་དུས་ནམ་ཡང་ཡོན་ཏན་གྱིས་ངོམས་མ་མྱོང་བའི་རྣམ་ཐར་དེ་མཇལ་ཐུབ།

[44] ཕྱི་ལོ་ ༢༠༠༧ ལོར་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པ། ས་སྐྱ་བཀའ་འབུམ། མེས་པོའི་ཤུལ་བཞག་དཔེ་ཚོགས། དེབ་གྲངས་ ༡༥ ཤོག་གྲངས་ ༤༧༨ པར་གསལ།

[45] དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ། མཛད་པ་པོ། ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ།

[46] པཎ་ཆེན་འོས་སྤྲུལ་གྱིས་ཞུ་སྒྲིག་བྱས་པའི་ཆག་ལོའི་ལམ་རྣམ་ཐར། ཕྱི་ལོ་ ༡༩༦༩ པར་བཏབ་པ། ཤོག་གྲངས་ ༩༣

[47] འདི་དབྱིབས་ནར་གཟུགས་ཅན་གྱི་སྔོ་སྨན་ཞིག་གི་མིང་ཡིན་སྐད།

[48]  ཕྱི་ལོ་ ༢༠༠༧ ལོར་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པ། ས་སྐྱ་བཀའ་འབུམ། མེས་པོའི་               ཤུལ་བཞག་དཔེ་ཚོགས། དེབ་གྲངས་ ༢༢ པའི་ཤོག་གྲངས་ ༣༣༦

[49]  རོང་སྟོན་བཀའ་འབུམ། པོད་[ ཀ་པ] རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱིས་པར་དུ་སྐྲུན་པ། ཤོག་གྲངས་ ༢༡༨

[50]  ཁྱབ་བདག་འཁོར་ལོའི་མགོན་པོ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཡོན་ཏན་རིན་པོ་ཆེ་འདུས་པའི་རྒྱ་མཚོ་འཕེལ་བར་བྱེད་པ་ཕུན་ཚོགས་བདུད་རྩིའི་ཆར་རྒྱུན་ཞེས་པར་གསལ།

[51]  ཁ་ཆེ་པཎ་ཆེན་གདན་ས་འདིར་ཕེབས་ཏེ་བསྟན་རྩིས་མཛད་པ་ན། སྟོན་པ་སྐུ་གཤེགས་ནས་ལོ་ཆིག་སྟོང་བདུན་ལྔ་བཅུ་དང་། ཟླ་གཉིས་དང་ཕྱེད། ཉི་མ་ལྔ་འདས་ཞེས་གསུངས། དེབ་སྔོན། སྨད་ཆ། ཤོག་གྲངས་ ༡༢༣༨

[52]  སྒོ་བུ་ཤ་བོ་ཚེ་རིང་གི་ཆག་ལོའི་སྐོར་གྱི་ཟིན་བྲིས་གཉིས་པའི་ནང་གནས་འདིའི་པར་རིས་བཀོད་ཡོད།

[53]  ཆག་ལོའི་རྣམ་ཐར། ཕྱི་ལོ་ ༡༩༦༩ ཤོག་གྲངས་ ༩༧

[54]  འགོས་ལོ་ཙཱ་བས་ཤིང་ཕོ་བྱི་བའི་ལོ་དེ་རེ་བརྒྱད་ལ་བརྩིས་ཡོད། དེབ་སྔོན། སྨད་ཆ། ཝཱ་ཎ་བཛྲ་བིདྱ་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༢ ཤོག་གྲངས་ ༡༢༣༡

[55]  ཆག་ལོའི་རྣམ་ཐར། ཕྱི་ལོ་ ༡༩༦༩ ཤོག་གྲངས་ ༡༠༠

[56] འདི་ལས་མངོན་པ་ཀུན་བཏུས་དང་། འཕགས་སྐོར་རྔོག་ལུགས་སོགས་གསན་ཚུལ། དེབ་སྔོན།   སྨད་ཆ། ཝཱ་ཎ་བཛྲ་བིདྱ་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༢ ཤོག་གྲངས་ ༡༢༢༩

[57]  འདིའི་དྲུང་དུ་སེམས་བསྐྱེད། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས། ལམ་རིམ་སོགས་གསན།

[58]  འདིའི་དྲུང་ནས་བདེ་མཆོག་ལྷ་བཅུ་གསུམ་མའི་དབང་སོགས་གསན།

[59]  འདིའི་དྲུང་དུ་སྒྲ་རྩིས་སྨན་དཔྱད། ཟློས་གར། གྲུབ་སྙིང་སྐོར་གསན།

[60]་  འདིའི་དྲུང་ནས་གསང་འདུས་དང་། གཤིན་རྗེའི་གཤེད་ལྷ་ལྔ་མ་དང་བཅུ་གསུམ་མ་སོགས་གསན།

[61]   འདིའི་དྲུང་ནས་རྒྱུད་བཤད་དང་། ལྷག་པར་ཤ་ཝ་ར་ལུགས་ཀྱི་སྦྱོར་དྲུག་གསན་པས་མཚོན་ཆོས་སྐོར་མང་པོ་གསན།

[62]   འདིའི་དྲུང་ནས་དུས་འཁོར་གྱི་དབང་བཤད་མན་ངག་ཆ་ཚང་ཞུས།

[63]་   འདི་ལས་ཀྱང་དུས་འཁོར་རྒྱུད་འགྲེལ་གསན་ཅིང་འགྱུར་ཡང་མཛད།

[64]  འཕགས་ལུགས་ཀྱི་དབང་བཀའ་རྡོ་རྗེ་ཕྲེང་བ་དང་། སྒྲོན་གསལ་གྱི་ལུང་། རིམ་ལྔའི་ཁྲིད་བཀའ་སོགས་ཞུས།

[65]  འདི་ལས་ཀྱང་རྒྱུད་འགྲེལ་གསན།

[66] ཆག་ལོ་ཆེན་པོས་ཆོས་གསན་ཡུལ་གཙོ་བོ་ནི། པཎ་ཆེན་བཅུ་གཉིས་དང་། ལོ་ཙཱ་བ་བཞི། མཁས་བཙུན་ཉི་ཤུ་བཅས་ཡིན་ཚུལ་ཕྱི་ལོ་ ༡༩༦༩ ལོར་པཎ་ཆེན་འོས་སྤྲུལ་གྱིས་རྩོམ་སྒྲིག་ཞུས་པའི་ཆག་ལོའི་ལམ་ཡིག ཤོག་གྲངས་ ༩༣ པར་གསལ་ཞིང་། བོད་དུ་དར་བའི་གསར་རྙིང་གི་ཆོས་སྐོར་བགྲོ་གླེང་གི་ཆེད་དུ་རྒྱ་གར་གྱི་ཕྱི་ནང་གི་པཎྜིཏ་བརྒྱད་ཅུ་ལྷག་གི་ཞབས་ལ་གཏུགས་ཚུལ་སྔགས་ལོག་སུན་འབྱིན་གྱི་སྐོར། ཆག་ལོ་ཙཱ་བ་དང་འགོས་ཁུག་པ་ལྷག་བཙས་སོགས་ཀྱིས་མཛད་པ། དཔལ་ལྡན་འབྲུག་གཞུང་ཐིམ་ཕུ། ཕྱི་ལོ་ ༡༩༧༩ ལོའི་ལག་ཕྲིས་མ། ཤོག་གྲངས་༤

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*