༧སྐྱབས་མགོན་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེས་རིམས་འགོག་སྨན་ཁབ་སྦྱིན་གཏོང་གནང་བ།

དེ་ཡང་༧སྐྱབས་མགོན་འཁོང་གདུང་ཛྙ་ན་བཛྲ་རིན་པོ་ཆེའི་ཡིག་ཚང་ནས་གསལ་བསྒྲགས་སྤེལ་གནང་མཛད་པ་བཞིན། འདས་པའི་ཟླ་བ་གཅིག་ཙམ་རིང་༸སྐྱབས་མགོན་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་དང་བདག་མོ་བསོད་ནམས་དཔལ་སྐྱིད་ལགས་ནས་མཁོ་གྲུབ་ཐབས་ཤེས་གནང་བ་ལྟར་འདི་ཟླའི་ཚེས་ ༡༢།༡༣ ཉིན་གཉིས་ནང་ དྷེ་ར་རྡུན་དུ་ཡོད་པའི་ས་སྐྱའི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་དང་དེ་བཞིན་རཱ་ཛ་པུར་དང་ར་ཡི་པུར་གནས་བསྡོད་བོད་མི་དང་ས་སྐྱའི་སློབ་གཉེར་ཁང་གི་ཉེ་འདབས་སུ་ཡོད་པའི་རྒྱ་གར་གྲོང་གསེབ་གཉིས་ཀྱི་ཡུལ་མི་བཅས་དེ་སྔ་ཏོག་དབྱིབས་འགོག་ཁབ་མ་ཐོབ་པ་ཁག་ཅིག་ལ་འགོག་ཁབ་སྨིན་སྦྱིན་དུ་བསྩལ་གནང་མཛད་པ་རེད།
 
 
ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེས་སྨན་ཁབ་བཞེས་གནང་བ། 
 
 
རིམས་ནད་འདིས་ལོ་ཤས་ནང་རྒྱ་གར་ནང་མི་འབུམ་ཕྲག་མང་པོའི་ཚེ་སྲོག་འཕྲོག་པ་དང་ད་དུང་ཡང་རིམས་རླབས་གསུམ་པ་འབྱུང་རྒྱུའི་སྔོན་དཔག་བྱེད་པ་བཞིན་པའི་ཛ་དྲག་གནས་ཚུལ་ལ་གཞིག་པས་རིན་པོ་དང་བདག་མོ་སྐུ་ཞབས་རྣམ་གཉིས་ནས་རང་ནུས་གང་ཅོག་གིས་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་རིམས་ནད་ལས་སྲུང་བའི་སྤྱི་ཚོགས་ཞབས་ཞུའི་དགོངས་པ་རིང་ནས་བཞེས་ནས་ཡོད་པ་མ་ཚད། ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་༤༢ པ་མཆོག་གི་ཐུགས་རྗེ་བཀྲིན་ལ་རྟེན་ནས་འདས་པའི་ཉིས་གཉིས་ནང་འགོག་ཁབ་སྨན་སྦྱིན་གྱི་རིམ་པ་དང་པོའི་ལས་གཞི་དེ་བར་ཆད་མེད་པ་ཚག་ཚུད་ངང་ལེགས་གྲུབ་བྱུང་སོང་།
 
 
 
 
 
 
 
དེ་དང་འབྲེལ་བའི་སྒོ་ན་སྐབས་འདིར་བདག་མོ་སྐུ་ཞབས་ཀྱི་ཡབ་ཁམས་རིགས་ཚང་ཨོ་རྒྱན་ལགས་དང་རོ་བར་ཊི་ཧན་གཙོས་པའི་སྦྱིན་བདག་རྣམས་ལ་ཐུགས་རྗེ་ཆེ་ཞུ། དེ་བཞིན་ལས་རིམ་འདིར་དངོས་སུ་ཕྱག་ལས་གནང་མཁན་ས་སྐྱ་ཆོས་སྒར་གྱི་དབུ་འཛིན་བསོད་ནམས་ཆོས་རྒྱལ་ལགས་དང་སྒྲོལ་མ་ཕོ་བྲང་གི་ལས་བྱེད། ས་སྐྱ་སློབ་གཉེར་ཁང་གི་དགེ་སློབ། ཨ་ནེ་འཇམ་དབྱངས་དབང་མོ་ལགས། ཌེ་བིཊ་སྐལ་བཟང་ལགས། ཚེ་རིང་སྒྲོལ་དཀར་ལགས། ར་པུར་བུད་མེད་ཚོགས་པའི་ལས་བྱེད་དང་། སྐུ་ཞབས་པདྨ་ཆོས་བཟང་ལགས་དང་བོད་མིའི་གཞི་ཆགས་ཁག་གི་མི་མང་ཚང་མར་མཉམ་རུབ་གནང་བར་ཐུགས་རྗེ་ཆེ་ཞུ། གཞན་ཡང་པུར་ཀུལ་ས་གནས་འགོ་གཙོ་ལྕམ་སྐུ་ཨར་ཏི་ཇོ་ཤི་དང་སྐུ་ཞབས་ཤི་ཝང་རྣམ་གཉིས་ནས་ས་ཆ་གཡར་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་དེ་བཞིན་སྐུ་ཞབས་ཨན་ཀིཊ་དང་སཎ་ཌིབ་བཅས་ཡུལ་མི་རྣམས་ནས་མཐུན་རྒྱུར་གནང་བར་བཀྲིན་ཆེ་ཞུ། མ་ཟད་མེག་སི་སྨན་ཁང་ནས་དུས་ཐོག་ཁབ་དང་སྨན་ཞབས་ཡོ་ཆས་བཅས་ཚང་མ་མཁོ་གྲུབ་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
 
རིན་པོ་ཆེས་དུས་རྒྱུན་ནས་ངོས་རང་ཚང་མ་ཕན་ཚུན་ལྟོས་ནས་འཚོ་བ་ཡིན་ལ། རང་རང་གི་བདེ་སྡུག་གི་གཞན་ལ་རྟེན་པ་ཡིན་པས་རང་གཞན་ཚང་མས་གཅིག་ཕན་གཅིག་གྲོགས་གནང་གལ་ཆེ་བ་ཡིན་གསུངས། འགྲོ་ཀུན་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་བཅས།
འཁོན་གདུང་ཛྙ་ན་བ་ཛྲའི་སྐུ་སྒེར་ཡིག་ཚང་ནས་༢༠༢༡ ཟླ་ ༦ ཚེས་ ༡༣ བཟང་པོར།

གསལ་བཤད། པར་དང་གསར་འགྱུར་གྱི་ནང་དོན་ཡོང་ཁུངས་༧སྐྱབས་མགོན་འཁོན་གདུང་སྐུ་གཞོན་ཛྙ་ན་བཛྲ་རིན་པོ་ཆེའི་ངོ་དེབ།

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*