སྤྱི་ལྡོག་ཞལ་བླངས་མེད་ཙང་ཕྱོགས་སྔའི་ནམ་མ་ལངས།

རྩོམ་པ་པོ། མཁན་ཆེན་བསོད་ནམས་རྒྱ་མཚོ།

སྤྱི་ལྡོག་ཞལ་བླངས་མེད་ཙང་ཕྱོགས་སྔའི་ནམ་མ་ལངས།
༄༅། །རང་བཞིན་རྒྱུ་ལ་བསམ་ན་ལྷུན་གྲུབ་སྟེ། །མཐའ་ཡས་ཡོན་ཏན་ཚོགས་རྣམས་གནས་འགྱུར་ཡིན། །དེས་ན་ལྷུན་གྲུབ་གནས་འགྱུར་མི་འགལ་ཏེ། །འདི་ནི་འབྲས་བུའི་འཁོར་འདས་དབྱེར་མེད་ཡིན། །ཞེས་པའི་ཚིགས་རྐང་དང་པོ་གཉིས་ཀྱི་སྐབས་སུ་མཁན་ཆེན་ཨ་པད་རིན་པོ་ཆེས་ལྷུན་གྲུབ་འཁོར་བ་དང་གནས་འགྱུར་མྱང་འདས་ཏེ་གཞི་འབྲས་གཉིས་འབྲེལ་མེད་རྫས་ཐ་དད་དུ་ནམ་ཡང་ཞལ་གྱི་མི་བཞེས་ཙང་ཚིགས་རྐང་ཕྱི་མ་གཉིས་ཀྱི་སྐབས་སུ་ལྷུན་གྲུབ་འཁོར་བ་དང་གནས་འགྱུར་མྱང་འདས་ཏེ་གཞི་འབྲས་ངོ་བོ་གཅིག་ཏུ་འགྱུར་མི་ཐུབ་པ་ལྟ་བུའི་སྐྱོན་གང་ཡང་མེད་དོ། །དེས་ན་སུ་གང་དག་སྐྱོན་འདུག་སེམས་མཁན་ཡོད་ན་དེ་ནི་སྔ་རྒོལ་གྱི་ནམ་མ་ལངས་པར་དགག་པའི་ཉི་མ་ཤར་བ་ཡིན་སྙམ། །

           བསྡུས་པར་ཞལ་བླངས་མེད་ཙང་ཕྱོགས་སྔའི་ནམ་མ་ལངས།

དེང་སང་བོད་ཕྱི་ནང་གཉིས་སུ་ཡོད་པའི་ས་སྐྱ་པ་རྣམས་ལ་ཁྱབ་པའི་རིན་ཆེན་སྣང་བའི་བཀའ་ཁྲིད་འོད་སྡེར་ནང་ཡོད་པ་དེ་ནི་མཁན་ཆེན་མཆོག་གི་རིན་ཆེན་སྣང་བ་ལ་འགྲེལ་ཚུལ་རྒྱས་འབྲིང་བསྡུས་གསུམ་ལས་འགྲེལ་སྟངས་བསྡུས་པ་དེ་ཡིན་ནོ། །འདིའི་ནང་དུའང་འཆད་པའི་ཚེ་གཞི་འབྲས་ལྡོག་པ་ཐ་དད་དང་འཇུག་པའི་ཚེ་གཞི་འབྲས་ངོ་བོ་གཅིག་པའི་གནད་མང་དུ་གསུངས་བཞིན་དུ་དབྱེར་མེད་དུ་འགྱུར་མི་ཐུབ་བོ་ཞེས་ཐག་བཅད་པ་ནི་གྱ་ཚོམ་དུ་སྨྲས་པའོ། །འོ་ན་བཀའ་ཁྲིད་དེ་བསྡུས་པ་ཡིན་པའི་རྒྱུ་མཚན་མང་ན་ཚིག་ཚོགས་ཆེ་བས་རྒྱུ་མཚན་གཅིག་ཤོད་དང་ཞེ་ན། འོད་སྡེར་ནང་དུ་རང་བཞིན་ལྷུན་གྲུབ་ཀྱི་དོན་རང་བཞིན་རྣམ་དག་གི་དོན་ཡིན་གསུངས་ནའང་རང་བཞིན་རྣམ་དག་གི་དོན་ཁོ་བོ་ཅག་ལ་གསུངས་པ་ནང་བཞིན་མ་གསུངས་པ་དེ་ཡིན་ནོ། །དེས་ན་དེང་སང་ཚང་མ་ལ་ཡོད་པའི་འོད་སྡེར་གྱི་ནང་དུ་བཞུགས་པའི་བཀའ་ཁྲིད་དེ་དད་གུས་དང་གཟུ་བོའི་བློས་ལེགས་པར་ཉན་དང་མཉན་ན་མཁན་ཆེན་མཆོག་སྒྲོ་སྐུར་གྱི་ཡུལ་དུ་མི་འགྱུར་བ་ནི་མངོན་སུམ་ཚད་མ་ཡིན་ནོ། །དེང་དུས་ཕེབས་པའི་ས་སྐྱ་པའི་མཁས་པའི་ཁྲོད་ནས་རྗེ་བཙུན་གོང་མའི་གསུང་འབུམ་དང་ངོར་ཆེན་རྡོ་རྗེ་འཆང་གི་གསུང་འབུམ་དང་ཚར་ཆེན་རྡོ་རྗེ་འཆང་གི་གསུང་འབུམ་དང་ཀུན་མཁྱེན་གྱི་གསུང་འབུམ་ཆ་ཚང་ཡིག་འབྲུ་ན་གཅིག་ཀྱང་མ་ཆད་པར་མཐར་ཆགས་སུ་འགྲེལ་ཐུབ་མཁན་ནི་མཁན་ཆེན་ཨ་པད་རིན་པོ་ཆེ་ཁོ་ན་མ་གཏོགས་གཞན་མེད་པའི་དཔང་པོ་ནི་ས་སྟེང་མཛེས་པའི་མཛེས་རྒྱན་དམ་པ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་འཆང་ཆེན་པོ་མཆོག་དང་ངོར་ཆེན་རྒྱལ་བའི་རྒྱལ་ཚབ་མཁན་ཆེན་རྡོ་རྗེ་འཆང་ཤར་ཆེན་ཀླུ་ལྡིང་པ་རྣམ་གཉིས་ཡིན། གུས་རང་གི་མཇལ་སྣང་ལའང་མཁན་ཆེན་མཆོག་ནི་སྤྱིར་མདོ་དང་སྔགས། ཁྱད་པར་བོད་ཀྱི་ཆོས་བརྒྱུད་བཞི་ཀའི་གཞུང་། ཡང་སྒོས་སྙན་བརྒྱུད་དང་དེའི་ནང་ནས་གསུང་ངག་ལམ་འབྲས། ཡང་སྙིང་ལྟ་བ་འཁོར་འདས་དབྱེར་མེད་ལ་ཤིན་ཏུ་མཁས་པར་བདག་གིས་མཇལ། དེའི་མཚོན་བྱེད་དཔེ་མཚོན་གཅིག་ནི། གུས་དང་ཆོས་གྲོགས་བསྟན་འཛིན་གཉིས་ལ་མཁན་ཆེན་མཆོག་གིས་ཤིན་ཏུ་བཀའ་དྲིན་ཆེན་པོའི་སྒོ་ནས་ཟབ་ལམ་མན་ངག་མཆོག་འགྱུར་རྡོ་རྗེ་རྣལ་འབྱོར་མའི་བཀའ་ཁྲིད་དབུ་ནས་ཞབས་བར་ལྟ་བ་འཁོར་འདས་དབྱེར་མེད་རྐྱང་རྐྱང་དང་སྦྱར་ནས་གསུངས་པ་དེ་ཡིན་ནོ། །གལ་སྲིད་མཁན་ཆེན་མཆོག་གི་སྐོར་རྒྱས་པར་ཤེས་འདོད་ན་དེང་སང་གུས་ཀྱིས་འབྲི་བཞིན་པའི་མཁན་ཆེན་མཆོག་གི་རྣམ་ཐར་ལ་སྒུགས་མཛོད། །

         འབྲིང་པོར་ཞལ་བླངས་མེད་ཙང་ཕྱོགས་སྔའི་ནམ་མ་ལངས།

འོ་ན་རིན་ཆེན་སྣང་བའི་འགྲེལ་སྟངས་འབྲིང་པོ་དེ་ཇི་ལྟར་ཡིན་ཞེ་ན། ཡོངས་རྫོགས་བྲིས་ན་ཡིག་ཚོགས་ལ་འཇིགས། བྱས་ཙང་མཚན་གཞིའི་དོད་དུ་འགའ་ཞིག་ཞུ་གི་ཡིན། དེ་ཡང་མཁན་ཆེན་མཆོག་གི་ཞལ་སྔ་ནས། འཆད་པའི་སྐབས་ཡིན་ཙང་ཚིགས་རྐང་དང་པོ་གཉིས་ཀྱི་སྐབས་སུ་ལྷུན་གྲུབ་འཁོར་བ་དང་གནས་འགྱུར་མྱང་འདས་ཏེ་གཞི་འབྲས་གཉིས་ལ་དེ་བྱུང་གི་འབྲེལ་བ་ཡོད། དེའི་ཚེ་གཟུགས་ལ་སོགས་དང་ལས་རྒྱུ་འབྲས་ལ་སོགས་ཡང་དག་ཀུན་རྫོབ་ཡིན་པ་དང་རྒྱུད་གསུམ་ལ་མཆོག་དམན་གྱི་ཁྱད་པར་ཡོད་པ་དང་ཐ་སྙད་དུ་འཁོར་འདས་དབྱེར་མེད་མ་ཡིན་པ་དང་ཡོད་ན་ཀྱེ་རྡོར་ཡིན་པས་མ་ཁྱབ་པ་དང་འདི་ཉིད་འཁོར་བ་ཡིན་པ་དང་འདི་ཉིད་མྱང་ངན་འདས་པ་མིན་པ་སོགས་རྒྱས་སྤྲོས་ངང་་གསུངས་སོ། །དེ་བཞིན་དུ་ཚིགས་རྐང་ཕྱི་མ་གཉིས་ཀྱི་སྐབས་སུ་ལྷུན་གྲུབ་འཁོར་བ་དང་གནས་འགྱུར་མྱང་འདས་ཏེ་གཞི་འབྲས་གཉིས་ལ་ངོ་བོ་བདག་གཅིག་གི་འབྲེལ་པ་ཡོད། དེའི་ཚེ་གཟུགས་ལ་སོགས་པ་དང་ལས་རྒྱུ་འབྲས་ལ་སོགས་རྣམས་ལོག་པའི་ཀུན་རྫོབ་ཡིན་པ་དང་རྒྱུད་གསུམ་ལ་མཆོག་དམན་གྱི་ཁྱད་པར་མེད་པ་དང་ཐ་སྙད་དུའང་འཁོར་འདས་དབྱེར་མེད་ཡིན་པ་དང་འདི་ཉིད་མྱང་འདས་ཡིན་པ་དང་ཡོད་ན་ཀྱེ་རྡོར་ཡིན་པས་ཁྱབ་པའི་སྐབས་ཡིན་ནོ། །མདོར་ན་ཚིགས་རྐང་ཕྱི་མ་གཉིས་ཀྱི་སྐབས་དེ་ནི་རྙིང་མ་པས་ཐ་སྙད་དུའང་ལས་རྒྱུ་འབྲས་མེད་ཅེས་པ་དང་ས་སྐྱ་པས་ཐ་སྙད་དུའང་འཁོར་འདས་དབྱེར་མེད་ཡིན་ཞེས་པ་གཉིས་དོན་གཅིག་ཡིན་པར་བསྟན་པའི་སྐབས་ཡིན་ནོ་ཞེས་མཁན་ཆེན་མཆོག་གིས་ཐུགས་བརྩེ་ཆེན་པོའི་སྒོ་ནས་གསུངས་སོ། །དེ་བཞིན་དུ་ཚིགས་རྐང་བཞི་ཡི་སྤྱི་དོན་ལ་མཁན་ཆེན་མཆོག་གི་ཞལ་སྔ་ནས། ཚིགས་རྐང་དང་པོ་གཉིས་ཀྱི་སྐབས་སུ་གཞི་འབྲས་གཉིས་ལྡོག་པ་ཐ་དད་དང་་ཚིགས་རྐང་ཕྱི་མ་གཉིས་ཀྱི་སྐབས་སུ་གཞི་འབྲས་ངོ་བོ་གཅིག་ཡིན་ཙང་རྙིང་མ་པ་དང་གཞན་སྟོང་པ་གཉིས་དང་མི་འདྲ་སྟེ། རྙིང་མ་པ་དང་གཞན་སྟོང་པ་རྣམས་ཀྱིས་སྦྱང་གཞི་དང་སྦྱང་བྱ་གཉིས་ནམ་མཁའ་དང་སྤྲིན་བཞིན་དུ་ངོ་བོ་ཐ་དད་དུ་འདོད་དོ། །དེའང་སྦྱང་གཞི་བདེ་གཤེགས་སྙིང་པོ་དང་སྦྱང་བྱ་མ་དག་པའི་ཕུང་ཁམས་སྐྱེ་མཆེད་དེ་ཚོ་ཡིན་གསུངས་པ་རེད། རང་ལུགས་སྦྱང་གཞི་དང་སྦྱོང་བྱེད་གཉིས་ངོ་བོ་གཅིག་ལ་ལྡོོག་པ་ཐ་དད་རེད། སྦྱང་གཞི་ཞེས་བྱ་བ་ནི་ཐ་མལ་དུ་འཛིན་པའི་རྣམ་རྟོག་འཇུག་པའི་གཞི་དང་དེ་ཉིད་ལྷ་དང་ཡེ་ཤེས་སུ་བསྒོམ་ན་ལྷ་དང་ཡེ་ཤེས་སུ་འགྱུར་བ་ཞིག་ལ་འཇོག སྦྱང་བྱ་ཟེར་རྒྱུ་དེ་ཐ་མལ་དུ་འཛིན་པའི་རྟོག་པ་དང་གྱ་ནོམ་ལྷར་ཞེན་པའི་རྣམ་རྟོག་དེ་ཚོ་རེད། དེ་འདྲའི་རྣམ་རྟོག་དེ་འདུ་ཤེས་ཀྱི་ཕུང་པོ་རེད། དཔེར་ན་གཟུགས་ཕུང་སྦྱོང་བའི་སྐབས་སུ་དེ་ཐ་མལ་དུ་འཛིན་པའི་རྣམ་རྟོག་དེ་སྦྱང་བྱ་ཡིན། ཡིན་ནའང་ཐ་མལ་དུ་འཛིན་པའི་རྟོག་པ་ཁོ་རང་འོད་དཔག་མེད་ཀྱི་སྦྱང་གཞི་ཆགས་འགྲོ་གི་རེད། དེས་ན་སྦྱང་བྱ་ཡིན་ན་སྦྱང་གཞི་ཡིན་པས་ཁྱབ་པ་རེད། དེས་ན་དེ་གཉིས་ངོ་བོ་གཅིག་པ་ཡིན་ཞེས་མཁན་ཆེན་མཆོག་གིས་བྱམས་བརྩེ་ཆེན་པོའི་སྒོ་ནས་གསུངས་སོ། །

           རྒྱས་པར་ཞལ་བླངས་མེད་ཙང་ཕྱོགས་སྔའི་ནམ་མ་ལངས།

འོ་ན་རྒྱས་པ་ལ་དགའ་མཁན་ལ་ཇི་ལྟར་གསུངས་ཞེ་ན། མཁན་ཆེན་མཆོག་གི་ཞལ་སྔ་ནས། ཚིགས་རྐང་དང་པོ་གཉིས་ཀྱི་སྐབས་སུ་རྒྱས་འདེབས་ལྔ་དང་རྒྱ་གསུམ་དང་བསྲེ་བ་བཞི་དང་དག་པ་གསུམ་དང་གནས་པ་བཞི་དང་བདག་ཉིད་ཅན་གསུམ་དང་ལྔ་བསྲེས་དང་དྲུག་བསྲེས་དང་བདུན་བསྲེས་ལ་སོགས་ཀྱི་སྐད་ཆ་མེད། འདིའི་སྐབས་སུ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ནས་གསུངས་པ་དང་ལམ་དུས་བསྐྱེད་རིམ་གྱི་སྦྱང་གཞི་ཕུང་པོ་ལ་སོགས་ཀྱི་རྣམ་གཞག་མི་འདྲ། གང་ཡིན་ཞུ་ན། དང་པོ་ནི་མངོན་པ་གོང་འོག་ལུགས་དང་ཕྱི་མ་ནི་ལམ་འབྲས་རང་ལུགས་ཐུན་མོང་མ་ཡིན་པ་ཡིན་ནོ། །དེའང་འཆད་པའི་ཚེ་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལྟར་རུང་ཞེས་ལེགས་པ་རྡོ་རྗེ་འཆང་གིས་གསུངས་གསུངས། དེ་བཞིན་དུ་རྒྱུད་གསུམ་ཕྱེ་ནས་བཤད་པའི་སྐབས་ཡིན་ཙང་རྒྱུ་རྒྱུད་ཐབས་ཤེས་ཟུང་འཇུག་ལ་ངོས་འཛིན་རྒྱུ་མེད་པ་ལ་སོགས་ཤིན་ཏུ་ཞིབ་པར་གསུངས། ཚིགས་རྐང་ཕྱི་མ་གཉིས་ཀྱི་སྐབས་སུ་རྒྱས་འདེབས་ལྔ་དང་རྒྱ་གསུམ་དང་བསྲེ་བ་བཞི་དང་དག་པ་གསུམ་དང་གནས་པ་བཞི་དང་བདག་ཉིད་ཅན་གསུམ་དང་ལྔ་བསྲེས་དང་དྲུག་བསྲེས་དང་བདུན་བསྲེས་ལ་སོགས་ཀྱི་གནད་དོན་ཤིན་ཏུ་ཞིབ་པར་གསུངས། ཡིན་ནའང་ཡོངས་རྫོགས་ནི་བྲིས་ན་ཚིག་ཚོགས་ལ་འཇིགས། དེའི་ནང་ནས་རྒྱ་གསུམ་དེ་མཚན་གཞིའི་དོད་དུ་ཞུ་གི་ཡིན། གསང་སྔགས་བླ་མེད་ཀྱི་སྐབས་སུ་ཐ་མལ་པའི་སྣང་བ་ལུས་ཡིན་ནའང་འདྲ། སེམས་ཡིན་ནའང་འདྲ། དེ་ཚོ་ལ་ཀུན་བཏགས་ཟེར་གྱི་ཡོད་རེད། ཐ་སྙད་དུའང་ཁས་མི་ལེན་པའི་ལོག་པའི་ཀུན་རྫོབ་རེད། དཔེར་ན་རྫོགས་ཆེན་པས་བཤད་པ་ལྟར་དེའི་ཚེ་ལས་རྒྱུ་འབྲས་ཐ་སྙད་དུའང་ཁས་མི་ལེན་གསུངས་རྒྱུ་རེད། ག་རེ་རེད་ཟེར་ན། ལས་རྒྱུ་འབྲས་དེ་རྣམས་ཕུང་པོ་ལྔའི་ནང་ནས་འདུ་བྱེད་ཀྱི་ཕུང་པོའི་ཁོངས་རེད། དེ་རྣམས་དོན་ཡོད་གྲུབ་པ་དང་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་སྦྱང་གཞི་རེད། དེ་ཚོ་ཐ་སྙད་དུའང་ཁས་མི་ལེན། ཐ་སྙད་དུ་ཁས་ལེན་རྒྱུ་དེ་དོན་ཡོད་གྲུབ་པ་དང་བྱ་བ་སྒྲུབ་པའི་ཡེ་ཤེས་དེ་ཚོ་རེད། བྱས་ཙང་ཀུན་བཏགས་ཟེར་ན་མ་དག་པའི་སྣང་བ་དེ་ཚོ་རེད། དཔེར་ན་རང་མི་བསྐྱོད་པར་སྒོམ་པ་དེ་མ་དག་སྣང་བ་ལྷ་རུ་སྒོམ་པ་ཡིན་ཙང་དེ་ལ་ཀུན་བཏགས་ལ་གཞན་དབང་གི་རྒྱ་ཞེས་གསུངས་པ་རེད། གྲུབ་མཐའ་སུས་བཤད་ཀྱང་ཀུན་བཏགས་ཟེར་རྒྱུ་དེ་ཐ་སྙད་དུ་ཁས་ལེན་དུ་མི་རུང་བ་དང་གཞན་དབང་ཟེར་རྒྱུ་དེ་ཐ་སྙད་དུ་ཡང་དག་ཀུན་རྫོབ་དང་ཡོངས་གྲུབ་ཟེར་རྒྱུ་དེ་དེ་ཡི་གནས་ལུགས་ཡིན། གསང་སྔགས་བླ་མེད་ཀྱི་བསྐྱེད་རིམ་གྱི་སྐབས་སུ་མ་དག་པའི་སྣང་བ་དེ་ཀུན་བཏགས། ལྷ་ཡིན་པ་ནི་གཞན་དབང་། ལྷའི་གནས་ལུགས་སྤྲོས་པ་དང་བྲལ་བ་ཡིན་པ་དེ་ཡོངས་གྲུབ་ཡིན་གསུངས། ལྷ་མི་བསྐྱོད་པ་དེ་ཡི་དབུ་ཐོག་ཏུ་ཡང་བསྐྱར་མི་བསྐྱོད་པའི་རིགས་ཀྱི་བདག་པོ་གཅིག་བཞུགས་ཡོད་རེད། དེ་ལ་གཞན་དབང་ལ་གཞན་དབང་གི་རྒྱ་ཞེས་གསུངས་པ་རེད། རིགས་གང་ཡིན་པ་དེ་ངོ་ཤེས་པའི་ཆེད་དུ་དེ་ཡི་དབུ་ཐོག་ལ་ཡང་མི་བསྐྱོད་པ་ཡིན་ན་རྡོ་རྗེ་དང་འོད་དཔག་མེད་ཡིན་ན་པདྨ་ལ་སོགས་ཡིན་པ་རེད། དེ་ནི་ལྷ་ཡི་ངོ་བོ་སྤྲོས་པ་དང་བྲལ་བ་ཡིན་ཞེས་པའི་དོན་དག་རེད། འདི་ལ་གཞན་དབང་ལ་ཡོངས་གྲུབ་ཀྱི་རྒྱ་ཞེས་གསུངས་སོ། །འདིའི་སྐབས་སུའང་ཚིགས་རྐང་དང་པོ་གཉིས་ཀྱི་སྐབས་སུ་གཞི་འབྲས་ལྡོག་པ་ཐ་དད་ཁོ་ན་དང་ཚིགས་རྐང་ཕྱི་མ་གཉིས་ཀྱི་སྐབས་སུ་གཞི་འབྲས་གཉིས་ངོ་བོ་གཅིག་ཁོ་ན་གསུངས་པས་མཁས་པ་ཁྱེད་ཀྱི་དགོངས་པ་ལ་བྱུང་བ་དེ་མཁན་ཆེན་མཆོག་གི་དགོངས་པ་མ་ཡིན་ནོ། །

          ཞལ་བླངས་མེད་ཙང་དེ་ལྟར་མི་རུང་གསོལ་བ་འདེབས།

དེས་ན་མཁན་མཆེན་མཆོག་གི་དགོངས་པ་ལ་མེད་བཞིན་དུ་རེད་འདུག་གོ་ཞེེས་སྤོབས་མཐོའི་སྒོ་ནས་གསུངས་པ་ནི་མཁས་པའི་མཛེས་རྒྱན་མ་ཡིན་ནོ། །དེས་ན་སྤྱི་བོར་ཐལ་མོ་སྦྱར་ནས་དེ་ལྟར་མི་གནང་བའི་གསོལ་བ་འདེབས་བཞིན་པ་ལགས་ན་དེ་དོན་བཞིན་དགོངས་བསྟི་ཞུ། །

         བགྲོ་གླེང་འདོད་ན་དེ་མཐུན་མཛད་པར་གསོལ་བ་འདེབས།

གུས་རྨོངས་བདག་ལ་ནི་མཁན་ཆེན་མཆོག་གི་སྐུ་མདུན་ནས་སྡེ་སྟོན་སྤྲུལ་སྐུ་རིན་པོ་ཆེས་མཛད་པའི་ལྟ་བ་འཁོར་འདས་དབྱེར་མེད་སྒོམ་ཚུལ་གནད་ཉེར་གསུམ་ཞེས་བྱ་བའི་བསྟན་བཅོས་དང་ལྟ་བ་འཁོར་འདས་དབྱེར་མེད་དང་སྦྱར་བའི་ལམ་དུས་བདུད་རྩི་ཐིགས་པའི་བཀའ་ཁྲིད་ཤིན་ཏུ་རྒྱས་པར་ཐོབ་པ་མ་ཟད་གནད་དོན་རེ་རེ་བཞིན་ཟིན་བྲིས་བཏབ་ནས་ཡོད། བྱས་ཙང་གུས་མཉམ་ད་དུང་ཞལ་བླངས་དང་འབྲེལ་ཏེ་བགྲོ་གླེང་གནང་འདོད་ན་ཁྱེད་ཀྱིས་ཀྱང་གོང་གི་བསྟན་བཅོས་གཉིས་པོ་ལ་འགྲེལ་པ་ལེགས་ཤིང་མ་ནོར་བ་ཞིག་བརྩམས་ནས་གུས་རྨོངས་ལ་བསྐུར་རོགས་གནང། གུས་ཀྱིས་དེ་མཇལ་ནས་འོས་པར་འདུག་ན་བགྲོ་གླེང་ཞུ་གི་ཡིན། དེ་མིན་སྙིང་པོ་མེད་པས་གུས་ཀྱིས་ད་ཕྱིན་གང་ཡང་ཞུ་གི་མིན། ཡང་གོང་གི་བསྟན་བཅོས་གཉིས་པོ་དེ་ཡི་གེའི་ཚོགས་མང་དྲགས་འདུག་ན་སྡོམ་གསུམ་འཁྲུལ་སྤོང་གི་མཆོད་བརྗོད་ལས། དཔལ་ལྡན་རང་བཞིན་བདེ་བའི་གོ་སྐབས་གཞོམ་མེད་ནང་གི་བདག་ཉིད་ཧཱུྃ་གི་དངོས། །བདེ་བའི་ཐབས་མཆོག་སྨིན་བྱེད་དབང་གིས་བཛྲ་གསུམ་གྱི་སྲུང་བ་བླ་མེད་བསྒྲུབས། །མི་འགྱུར་བདེ་བའི་ཕཊ་ཀྱིས་མཚན་རྟོག་འགགས་པའི་སྦུབས་ལས་སྙིང་པོ་གསལ་འཐོན་པ། རྒྱུད་གསུམ་ངོ་བོ་དབྱེར་མེད་མངོན་གྱུར་འཇམ་དབྱངས་བླ་མའི་ཞབས་ཀྱི་པདྨོོར་འདུད། །ཅེས་པའི་བཀའ་ཁྲིད་ཀྱང་ཤིན་ཏུ་ཞིབ་པར་བདག་གིས་ཐོབ་ཅིང་འདི་ཡང་ལྟ་བ་འཁོར་འདས་དབྱེར་མེད་དང་འབྲེལ་བའི་མཆོད་བརྗོད་ཡིན་ནོ། །བྱས་ཙང་ཁྱེད་ཀྱིས་ཀྱང་འདི་ལ་འགྲེལ་པ་ལེགས་ཤིང་མ་ནོར་བ་ཞིག་བརྩམས་ནས་གུས་རྨོངས་ལ་བསྐུར་རོགས་གནང། གུས་ཀྱིས་དེ་མཇལ་མཚམས་བགྲོ་གླེང་ཞུ་འོས་སུ་མཐོང་ན་བགྲོ་གླེང་ཞུ་གི་ཡིན་ནོ་ཞེས་པ་འདི་ནི་མཁན་ཆེན་ཨ་པད་རིན་པོ་ཆེའི་ཞལ་སློབ་ཐམས་ཅད་ཀྱི་གྲལ་མཐར་འཁོད་པའི་གྱི་ན་བ་རྨོངས་རྒན་བསོད་ནམས་རྒྱ་མཚོས་བློ་ཤིན་ཏུ་ཕམ་བཞིན་པའི་ངང་ནས་བྲིས་ཏེ་ཕུལ་ལོ།། །།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*