ཡོངས་འཛིན་དགེན་རིན་ཆེན་བཟང་པོ་མཆོག་རྗེས་དྲན།

ཡོངས་འཛིན་རྒན་རིན་ཆེན་བཟང་པོའི་རྗེས་དྲན།

ཧ་ཅང་ཡིད་སྐྱོའི་གནས་ཚུལ་ཞིག་ལ་འདི་ཟླའི་ཚེས་ ༢༣ གྱི་ཉིན་རྒྱབ་ཙམ་ལ་རྒན་རིན་ཆེན་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་སོང་། དགོངས་མ་རྫོགས་མ་ཐག་༸གོང་མ་ཁྲི་འཛིན་རིན་པོ་ཆེ་དང་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་དབུ་བཞུགས་ཀྱིས་དཔལ་ས་སྐྱ་ཆོས་སྒར་གྱི་དགེ་འདུན་པ་ཁག་ཅིག་ནས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག་གསུངས། ཕྱི་ཉིན་དེར་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་དབུ་བཞུགས་ཀྱིས་ས་སྐྱ་སློབ་གཉེར་ཁང་གི་དགེ་སློབ་ཡོངས་ནས་དམ་པ་དེ་ཉིད་ཆེད་སྨོན་ལམ་གསུངས་འདོན་གནང་། ཉིན་གསུམ་འོད་གསལ་གྱི་ངང་དུ་ཐུགས་དམ་དུ་བཞུགས་ནས་གདང་ནུབ་ཐུགས་དམ་གྲོལ། སང་ཉིན་དྷེ་ར་དྷུན་དུ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་དང་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་ཆེ་དབང་སྤྲུལ་སྐུ་རིན་པོ་ཆེ་བཅས་ནས་སྦྱིན་སྲེག་གནང་སྟེ་གདུང་མཆོད་ཕུལ་རྒྱུ་ཡིན།

འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེའི་སྐུ་སྒེར་ཡིག་ཚང་ནས།

ཕྱི་ལོ་༢༠༢༠ ཟླ་ ༠༩ ཚེས་ ༢༧ ལ།

རྒན་ལགས་ནི་ཁོ་བའོ་ཇོ་ལགས་༸གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག་གི་ཡོངས་འཛིན་དང་པོ་དང་ཁོ་བོ་ཆུང་དུས་ཀྱི་དགེ་རྒན་ཡིན། ཁོང་ནི་སྒྲོལ་མ་ཕོ་བྲང་གི་ཀ་ཆེན་ཞིག་ཡིན་ལ། རྒན་ལགས་ཀྱིས་ཁོ་བོར་བཟོད་བསྒོམ་ཆེན་པོས་སློབ་ཁྲིད་གནང་བ་མ་ཟད་དུས་རྟག་ཏུ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་ཆེ་འཆང་མཆོག་ལ་སྐུ་ཚེ་ཧྲིལ་པོར་ལྷག་བསམ་ཟོལ་མེད་ཀྱི་ཞབས་ཞུ་བསྒྲུབས་པར་ཡི་རང་དང་རྗེས་དྲན་ཞུ། རྒན་ལགས་སྐུ་གཤེགས་པ་ནི་སྒྲོལ་མ་ཕོ་བྲང་ཙམ་མིན་པར་དམ་པ་གང་གིས་བྱམས་བརྩེའི་རེག་པའི་འབྲེལ་ཐོག་ཀུན་ལ་ཧ་ཅང་གི་བློ་ཕམ་དང་གྱོང་གུད་ཆེན་པོ་ཞིག་ཡིན། ཡིན་ནའང་གནས་ཚུལ་འདིས་རང་གཞན་ཚང་མས་མི་རྟག་དྲན་བསྐུལ་གྱི་རྐྱེན་ངན་བྱང་ཆུབ་ལམ་དུ་འཁྱེར་རྒྱུའི་གོ་སྐབས་ཤིག་ཏུ་གྱུར་རྒྱུའི་རེ་བ་ཞུ་བཞིན་ཡོད།

རྒན་ལགས་ཀྱི་སྐུ་ཚེ་ནི་དོན་དངོས་སུ་སྔོན་བྱོན་གོང་མའི་རྣམ་ཐར་རྗེས་འཇུག་སློབ་མའི་ཉམས་ལེན་ཞེས་པར་གྱུར་ཡོད། གང་གི་སྐུ་ཚེ་ཧྲིལ་པོར་རང་ཉིད་དམའ་ས་བཟུང་ཞིང་རང་དོན་དོར་ཏེ་གཞན་དོན་འབའ་ཞིག་ལ་གཞོལ་བའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ཉམས་སུ་བཞེས་པ་ཡིན་ལ། ཁོང་གི་བྱམས་བརྩེ་དང་དྭངས་གཙང་ལྷེད་མེད་ཀྱི་དགོངས་པ། ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་ཆེ་འཆང་མཆོག་དང་རྒན་ལགས་དབར་བླ་སློབ་གྱི་འབྲེལ་བ་ནི་སྔོན་བྱུང་ལོ་རྒྱུས་ཀྱི་གཏམ་དུ་མ་གཏོགས་སྙིགས་དུས་མཇལ་དུ་མེད་པའི་རང་བཞིན་རེད།

འདིར་དམ་པ་གང་གི་རྗེས་དྲན་ཞུ་བཞིན་འདས་པའི་ལོ་ཤས་ནང་རྒན་ལགས་མཇལ་སྐབས་ཀྱི་སྐུ་པར་འགའ་ཞིག་ཀུན་གྱི་གསོས་སུ་སྤྱན་ལམ་དུ་འབུལ་བཞིན་ཡོད། སྐུ་པར་འདི་དག་བསྒྲོན་སྐབས་ཀྱི་མཇལ་ཕྲད་རྣམས་སུ་ངོས་རང་ནས་རྒན་ལགས་དང་ལྷན་དུ་འདས་པའི་ལོ་རྒྱུས་མ་འོངས་པའི་ལས་འཆར་ད་ལྟའི་ལས་གཞི་བཅས་མདོར་ན་རང་ངོས་ནས་དཔལ་བརྩེ་བ་ཆེན་པོའི་བསྟན་པ་རིན་པོ་འཛིན་སྐྱོང་སྤེལ་གསུམ་ཆེད་ཅི་ནུས་ཞབས་ཞུ་བསྒྲུབ་དང་སྒྲུབ་མུས་ཡིན་པའི་སྙན་སེང་ཞུས་པ་ཡིན།

རྒན་ལགས་དགོངས་པ་མ་རྫོགས་ཀྱི་ཉིན་ཤས་གོང་ལ་མཇལ་སྐབས་སུའང་ཞལ་འཛུམ་དང་བཅས་གང་ཉིད་སྐུ་ཚེ་ཐར་ཕྱིན་པ་དང་། ཐུགས་འགྱོད་དང་མྱ་ངན་སོགས་གང་ཡང་མེད་པར་ཐུགས་བློ་བདེ་པོ་ཡིན་པར་ངོས་རང་དང་བདག་མོ་སྐུ་ཞབས་ལ་བཀའ་གནང་བྱུང་། རྒན་ལགས་ལ་དུང་ཞིང་བརྩེ་བ་ཀུན་ལ་རྒན་ལགས་ཀྱི་སྐུ་ཚེའི་མཐའ་མ་ཐུགས་བདེ་པོའི་ངང་དགོངས་པ་རྫོགས་སོང་བས་ཚང་མ་ཐུགས་བློ་བདེ་པོ་གནང་རོགས་གནང་ཞུ་རྒྱུ་ཡིན།

རྒན་ལགས་ཀྱི་བཀྲིན་རྟག་ཏུ་དྲན་བཞིན་སྐྱེ་བ་འདིར་དམ་པ་གང་དང་མཇལ་ཞིང་ཐུགས་བརྩེའི་ཟིན་པའི་སྐལ་བཟང་བྱུང་བ་བཞིན་སླད་ཀྱང་སྐྱེ་བ་གཞན་དུ་མཇལ་བའི་སྨོན་འདུན་ཞུ།།

འཁོན་གདུང་ཛྙ་ན་བཛྲས་ ཕྱི་ལོ་༢༠༢༠ ཟླ་ ༠༩ ཚེས་ ༢༧ ལ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*