ཁ༽ རྡོ་རྗེ་འཇིགས་བྱེད་རྭ་ལུགས་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་དངོས་གྲུབ་མི་ཟད་འདྲེན་པའི་ཤིང་རྟ།

༄༅། །རྡོ་རྗེ་འཇིགས་བྱེད་རྭ་ལུགས་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་དངོས་གྲུབ་མི་ཟད་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།  ༄༅། །སྭ་སྟི་བི་ཛ་ཡནྟུ། རྡོ་རྗེ་འཆང་དང་གཤིན་རྗེའི་གཤེད་སོགས་ནས་ཀུན་དགའ་བཟང་པོ་པཎྜི་ཏ། ཞེས་པའི་བར་ཕྲིན་ལས་ཆར་འབེབས་ནང་མཆོད་འབུལ་སྐབས་ལྟར་བརྗོད། དེ་ནས། ལེགས་འབྱུང་སངས་རྒྱས་རིན་ཆེན་དང༌། ས་སྐྱ་ལོ་ཙཱ་ལྷ་མཆོག་པ། །དཀོན་མཆོག་ལྷུན་གྲུབ་སངས་རྒྱས་སེང༌། །དཀོན་མཆོག་དཔལ་ལྡན་བྲང་ཏི་པ། །ཀུན་དགའ་བཀྲ་ཤིས་དཔལ་གྲུབ་མཚན། །ཤེར་འབྱུང་ནམ་མཁའ་དཔལ་བཟང་ཞབས། །དམ་ཆོས་བསམ་འགྲུབ་བུདྡྷའི་མཚན། །«བསྟན་ལྷུན་དཔལ་ལྡན་ཆོས་སྐྱོང་ཞབས།་་་་་»ཕྲིན་ལས་རྒྱ་མཚོ་ཚུལ་ཁྲིམས་ལྷུན། །སྐྱབས་གནས་ཀུན་འདུས་དྲིན་ཅན་རྗེ། །རྩ་བ་བརྒྱུད་པའི་བླ་མ་དང༌། །གཤིན་རྗེའི་གཤེད་སོགས་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆེ་མཆོག་རྣམས་ཀྱི་ཡོན་ཏན་ཆ། །བསམས་ཀྱིན་ཕྱག་གི་ཕྲེང་བ་བརྩེགས། །སྟོང་གསུམ་མཆོད་པའི་བྱེ་བྲག་རྣམས། །བློ་ཡི་ལག་པས་བླངས་ནས་འབུལ། །ཚེ་རབས་ཀུན་གྱི་སྡིག་ལྟུང་རྣམས། །གཉེན་པོ་སྟོབས་བཞི་ཚང་བས་བཤགས། །འཕགས་དང་སོ་སྐྱེའི་དགེ་བའི་རྗེས། །དགའ་བའི་འཛུམ་རླབས་དཀར་པོས་བྲན། །ཟླ་བྲལ་སྨྲ་བའི་ཉི་མ་དག །ཕྱོགས་བཅུ་ཆོས་ཀྱི་འོད་འགྱེད་ཅིང༌། །འཁོར་བ་སྲིད་དུ་བཞུགས་གསོལ་བའི། །དགེ་བ་བྱང་ཆུབ་ཆེ་ཕྱིར་བསྔོ། །བདག་རྒྱུད་སྡོམ་གསུམ་རྣམ་དག་ལྡན། །རིམ་གཉིས་རྟོགས་པ་གོང་འཕེལ་ནས། །དྲོད་ཐོབ་སྤྱོད་པས་བརྟན་བྱས་ཏེ། །དབང་ཕྱུག་བརྒྱད་ལྡན་མངོན་གྱུར་ཤོག །ནད་གདོན་སྡིག་སྒྲིབ་མི་མཐུན་ཕྱོགས། །ཕན་བྱེད་སྔགས་ཀྱིས་བཏབ་ཙམ་ནས། །ཚ་བའི་ཡམས་ལ་ག་པུར་བཞིན། །ཞི་བའི་ཕྲིན་ལས་འགྲུབ་པར་ཤོག །དཔལ་བསྐྱེད་ལས་ཀྱི་ནོར་བུ་ཡི། །ཚེ་དང་བསོད་ནམས་སྟོབས་འབྱོར་དང༌། །ལུང་རྟོགས་ཡོན་ཏན་ཆེས་བདོ་བས། །རྒྱས་པའི་ཕྲིན་ལས་འགྲུབ་པར་ཤོག །འདོད་པའི་དམར་མདངས་མཁུར་ཚོས་སུ། །འཕོས་པའི་ཀཱ་ཤི་མཛེས་དགའ་མས། །ཆེ་དགུའི་སྙིང་གི་གྲོགས་འདུན་པའི། །དབང་གི་ཕྲིན་ལས་འགྲུབ་པར་མཛོད། །དཀོན་མཆོག་གསུམ་དང་རྣལ་འབྱོར་སོགས། །སྡང་ཞིང་གདུག་པའི་བསམ་སྦྱོར་མཁན། །འཚེ་བའི་རྒྱུན་བཅད་དབྱིངས་སྦྱོར་བའི། །མངོན་སྤྱོད་ཕྲིན་ལས་འགྲུབ་པར་ཤོག །བྱང་ཆུབ་བར་གྱི་སྐྱེ་བའི་ཕྲེང༌། །བླ་མ་ལྷག་པའི་ལྷར་བཅས་པས། །རྗེས་བཟུང་མཁས་པའི་ཚུལ་གསུམ་གྱིས། །རྒྱལ་བའི་བསྟན་པ་རྒྱས་བྱེད་ཤོག །ཅེས་པ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་རོ་ལངས་བརྒྱད་སྐོར་གྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་དངོས་གྲུབ་མི་ཟད་འདྲེན་པའི་ཤིང་རྟ་ཞེས་པའི་འདི་ནི་དབུ་མཛད་རྡོ་རྗེ་འཛིན་པ་སངས་རྒྱས་དཔལ་ལྡན་གྱི་གསུང་གིས་བསྐུལ་ངོར། བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་བྲིས་པ་དགེ་ལེགས་འཕེལ་བར་གྱུར་ཅིག།  །།  

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*