ཀ༽ རྣལ་འབྱོར་དབང་ཕྱུག་བི་རཱུ་པའི་སྲུང་བ་ཐུན་མོང་མ་ཡིན་པའི་བྱིན་རླབས་ཀྱི་བརྒྱུད་པའི་གསོལ་འདེབས།

༄༅། །རྣལ་འབྱོར་དབང་ཕྱུག་བི་རཱུ་པའི་སྲུང་བ་ཐུན་མོང་མ་ཡིན་པའི་བྱིན་རླབས་ཀྱི་བརྒྱུད་པའི་གསོལ་འདེབས་བཞུགས།།  ༄༅། །རྡོ་རྗེ་འཆང་དང་གྲུབ་ཆེན་བི་རཱུ་པ། །ཀུན་དགའ་སྙིང་པོ་རྩེ་མོ་གྲགས་རྒྱལ་མཚན། །ས་སྐྱ་པཎ་ཆེན་ཚོགས་སྒོམ་ཉན་ཆེན་པར། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྲག་ཕུག་པ་དང་བསོད་ནམས་རྒྱལ་མཚན་ཞབས། །དཔལ་ལྡན་ཚུལ་ཁྲིམས་གྲུབ་ཆེན་བུདྡྷ་ཤྲཱི། །ངོར་ཆེན་ཀུན་དགའ་བཟང་པོ་སེམས་དཔའ་ཆེར། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །ཀུན་དགའ་དབང་ཕྱུག་ཡོངས་འཛིན་དཀོན་མཆོག་འཕེལ། །ལྷ་མཆོག་སེང་གེ་དཀོན་མཆོག་ལྷུན་གྲུབ་ཞབས། །སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །དཔལ་ལྡན་དོན་གྲུབ་འཇམ་དབྱངས་དཔལ་མཆོག་པ། །སངས་རྒྱས་ཕུན་ཚགས་བསོད་ནམས་དཔལ་ལྡན་དང༌། །ཚུལ་ཁྲིམས་«་་་་་ཡང་ན་དཔལ་ལྡན་ཆོས་སྐྱོང་མི་འགྱུར་རིན་ཆེན་རྒྱལ་མཚན་སོགས་གང་ཐོབ་བསྒྱུར། »ལྷུན་གྲུབ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས། །ཀུན་འདུས་བདག་ཉིད་དཔལ་ལྡན་བིརྺ་པས། །སྐྱེ་བ་འདི་དང་ཚེ་རབས་རྗེས་བཟུང་ནས། །ཚུལ་ཁྲིམས་སུམ་ལྡན་དགེ་བའི་བཤེས་བྱིན་རློབས། །ཕྱི་ནང་རིག་པའི་གཞུང་ལུགས་རབ་འབྱམས་ཀྱི། །ཐོས་བསམ་བསྒོམ་པ་གེགས་མེད་མཐར་ཕྱིན་ནས། །རྒྱལ་བའི་ཡོན་ཏན་ཀུན་ལ་དབང་འབྱོར་ཞིང༌། །བསྟན་དང་སེམས་ཅན་ཕན་པ་སྒྲུབ་པར་ཤོག །ཅེས་རྣལ་འབྱོར་དབང་ཕྱུག་བི་རཱུ་པའི་སྲུང་བ་ཐུན་མོང་མ་ཡིན་པའི་བྱིན་རླབས་ཀྱི་བརྒྱུད་པའི་གསོལ་འདེབས་འདི་ནི་དགེ་སློང་ཀུན་དགའ་སྟོབས་ལྡན་གྱིས་བསྐུལ་ངོར་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་བྲིས་པ་སརྦ་མངྒ་ལཾ།།  །། 

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*