༠༠༦ ༼ག༽རྣལ་འབྱོར་དབང་ཕྱུག་བི་རཱུ་པའི་རྟོགས་བརྗོད་ལས་འཕྲོས་པའི་བསྟོད་པ་ཨུཏྤ་ལའི་ཕྲེང་བ།

༼ག༽༄༅། །སྟོཏྲོཏྤལཱཝལིནཱམཡོགེཤྭརབིརཱུཔསྱཱཝདཱནཱདུཏྟརིཀམྤིཛཱཧཱརམ྄།། 

༄༅། །རྣལ་འབྱོར་དབང་ཕྱུག་བི་རཱུ་པའི་རྟོགས་བརྗོད་ལས་འཕྲོས་པའི་བསྟོད་པ་ཨུཏྤ་ལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། སྭ་སྟི་བི་ཛ་ཡནྟུ། རྒྱལ་བའི་དགོངས་དོན་སྨྲ་བའི་ཤིང་རྟ་ཆེར། །གྲགས་པའི་རོལ་མོ་ཕྱོགས་བྲལ་རྣ་བའི་དཔྱིད། །འཇིགས་བྲལ་བི་རཱུ་པ་ཡི་སྐུའི་ཆེ་བ། །ཅུང་ཟད་གླེང་བའི་རྒྱུད་མངས་འཁྲོལ་བར་བགྱི། །མངོན་མཐོའི་རྒྱལ་སྲིད་སྤངས་ནས་ནཱ་ལེནྡཱར། །གཞི་ཀུན་ཡོད་སྨྲའི་སྡེ་ལས་རབ་ཏུ་བྱུང༌། །གཞུང་ལུགས་རྒྱ་མཚོའི་མཐར་སོན་མཁས་པའི་མཆོག །མཁན་པོ་དཔལ་ལྡན་ཆོས་སྐྱོང་གྲགས་ལ་འདུད། །བཤད་སྒྲུབ་བགྱི་བས་ཉིན་མཚན་དུས་འདའ་ཚེ། །བསྒྲུབས་པའི་དངོས་གྲུབ་འགྱང་བར་བདག་མེད་མས། །དབུགས་དབྱུང་དབང་བསྐུར་སྙན་བརྒྱུད་བཞིའི་གདམས་པས། །ས་དྲུག་ཡོན་ཏན་མངོན་དུ་མཛད་ལ་འདུད། །ཡེ་ཤེས་མ་ཚོགས་ཐ་མལ་གཟུགས་འཁྲུལ་པའི། །སྐྱེ་བོས་ཆོས་ལ་སྨོད་པ་སྤང་ཕྱིར་རང༌། །རབ་བྱུང་རྟགས་སྤངས་ངན་པར་ཁས་བླངས་ནས། །གྲོང་བཞུད་བརྟུལ་ཞུགས་སྤྱོད་པ་སྐྱོང་ལ་འདུད། །གངྒཱའི་ཆུས་ཀྱང་བཀའ་ལས་འདའ་མ་ནུས། །བདེ་བའི་ལམ་བྱིན་འཁོར་མོ་འཇིག་ཏུ་བྱོན། །རྒྱལ་ངན་ཆད་པས་ལན་མང་ཆུར་བསྐྱུར་ཡང༌། །སླར་བྱོན་ངོ་མཚར་ཆོས་སུ་བཀོད་ལ་འདུད། །རྒྱ་གར་ལྷོ་ཕྱོགས་གཞན་དོན་བགྲོད་ལམ་དུ། །སྡིགས་མཛུབ་བསྟན་པས་གངྒཱ་གྱེན་བཟློག་ཚེ། །འགྲམ་ངོགས་སྐྱེ་བོས་གསོལ་བཏབ་གཞོལ་ཕྱོགས་བཏང༌། །ཀོ་མཁན་རྗེས་འབྲངས་བྱིན་གྱིས་བརླབས་ལ་འདུད། །ཆང་འཚོང་གྲོང་གཤེགས་ཉི་མ་གཏེང་པར་གཟུང༌། །ཡུལ་ཁམས་བཅོ་བརྒྱད་ཆང་ནི་ཟད་བཞེས་པས། །ཉིན་མཚན་དུས་ཚོད་འཁྲུགས་ཚེ་མྱོས་བྱེད་རིན། །མི་བདག་གིས་བྱིན་ཉི་མ་བཏང་ལ་འདུད། །དབྱངས་ཅན་མགྲིན་ཆགས་གཏམ་གྱིས་མུ་སྟེགས་བདག །རབ་ཏུ་དགའ་བས་མཆོད་གནས་མཆོག་བཀུར་ཚེ། །དབང་ཕྱུག་མཚན་མར་ཕྱག་མཆོད་རིང་སྤངས་ཏེ། །རྒྱལ་ཡུམ་མཆོད་པའི་སྤྲིན་གྱིས་གཏིབས་ལ་འདུད། །དམན་པའི་རྟེན་ལ་དབང་མེད་ཕྱག་བྱས་པས། །ཚལ་བར་བཀས་ཚེ་ཀུན་གྱིས་གསོལ་བཏབ་ངོར། །སྤྱི་བོར་འཕགས་མཆོག་སྐུ་ཡི་རྒྱས་བཏབ་ནས། །སུ་ཞིག་མཆོད་པའི་ལེགས་བྱས་སྤེལ་ལ་འདུད། །དེས་བསྐྱེད་གཏམ་གྱིས་གང་དུ་གཤེགས་པའི་ལམ། །མུ་སྟེགས་ལྷ་རྟེན་ཇི་སྙེད་གཞིག་དོགས་ནས། །སྤྱི་བོར་དེ་བཞིན་གཤེགས་པས་བརྒྱན་ཅིང་མཆོད། །མཐོང་ཐོས་ལེགས་པའི་ལམ་དུ་སྦྱར་ལ་འདུད། །མ་ཧེ་བརྒྱ་སྟོང་མཆོད་སྦྱིན་དབང་ཕྱུག་རྟེན། །རྐང་པས་བསྣུན་འཕྲལ་བྲན་བཞིན་རྗེས་འཁྲིད་ཚེ། །ཀུན་གྱིས་གསོལ་བཏབ་སྡིག་བྲལ་མཆོད་པ་ཡིས། །ཚིམ་པར་དམ་བཅས་རྣལ་དུ་བཀོད་ལ་འདུད། །ཏྲི་ཤཱུ་ལས་བཀུམ་མི་ཤས་ཙཎྜི་ཀཱ། །མཆོད་པའི་དྲུང་གཤེགས་རྩེ་གསུམ་ཕྱེར་བཏགས་ནས། །གཏུམ་མོའི་གཟུགས་བཅོམ་མཆོད་རྟེན་ཞབས་སུ་མནན། །རྣལ་འབྱོར་མ་ཚོགས་སྐྱབས་སུ་བཏུད་ལ་འདུད། །ཌོམྦི་ཤར་ཕྱོགས་རྒྱལ་པོ་གདུལ་ཕྱིར་བཏང༌། །རང་ཉིད་ཁ་སརྤཱ་ཎིའི་དྲུང་གཤེགས་ནས། །ལེགས་བྱས་རྟོགས་པ་ཕུལ་ཚེ་འཕགས་པས་ཀྱང༌། །མཐུ་སྟོབས་མཆོག་གི་རྡོ་རྗེར་བསྔགས་ལ་འདུད། །དཀོན་མཆོག་མཆོད་མཐར་ནུབ་ཕྱོགས་སཽ་རཱཥྚར། །སྲོག་ཆགས་དུ་མ་བཀུམས་པའི་སྲོག་བསྲུང་ཕྱིར། །གཤེགས་པའི་ལམ་དུ་དབང་ཕྱུག་བྲམ་ཟེར་བརྫུས། །ཅོ་འདྲིར་མ་བཟློག་རང་གཟུགས་བཏུད་ལ་འདུད། །དབང་ཕྱུག་ཤ་ཁྲག་མཆོད་པ་རིང་སྤངས་ནས། །དཀོན་མཆོག་མཆོད་པའི་ལྷག་མ་སྡིག་བྲལ་གྱིས། །བསྐལ་པའི་སྲིད་དུ་ཚིམ་པའི་དམ་བཅའ་ཕུལ། །ཀུན་གྱི་མཉེས་གཤིན་དམ་པར་གྱུར་ལ་འདུད། །གཅེར་བུ་རྗེས་འབྲང་སློབ་དཔོན་ནག་པོ་པར། །བྱིན་རླབས་ཤར་ཕྱོགས་འགྲོ་བའི་དོན་བརྫངས་ནས། །རང་ཉིད་སོ་བ་ནཱ་ཐར་གསེར་འགྱུར་རྩིའི། །འབྱུང་གནས་བསྐལ་པའི་བར་དུ་བཞུགས་ལ་འདུད། །རྒྱ་གར་ཡུལ་དབུས་གླང་ཆེན་སྨྱོན་པ་ཡིས། །ཉེར་འཚེ་བྱུང་བ་གདུལ་ཕྱིར་གཤེགས་པ་དང༌། །དཔལ་ལྡན་ས་སྐྱར་བླ་ཆེན་སྙིང་པོ་ལ། །བགྲང་ཡས་ཆོས་ཀྱི་འཁོར་ལོ་བསྐོར་ལ་འདུད། །སྟོབས་ཀྱི་མགོན་པོའི་རྟོགས་བརྗོད་ཆུའི་གཏེར་ལས། །རླབས་ཀྱི་ཟེགས་མ་འདྲ་བ་གླེང་བའི་མཐུས། །མཁྱེན་བརྩེ་ནུས་པའི་ཕུང་པོ་ཁྱོད་བཞིན་དུ། །མི་མཐུན་ཕྱོགས་ལས་རྒྱལ་བར་བྱིན་གྱིས་རློབས། །ཞེས་པ་བི་རཱུ་པའི་རྟོགས་བརྗོད་ལས་འཕྲོས་པའི་བསྟོད་པ་ཨུཏྤ་ལའི་ཕྲེང་བ་ཞེས་བྱ་བ་འདིའང་འདིའི་རྣམ་ཐར་རི་མོར་འགོད་པའི་ཚེ་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་བྲིས་པ་མངྒ་ལཾ།།  །།

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*