ཕ་བླ་མ་མཁྱེན་བརྩེའི་ཞབས་ལ་རྒྱང་ནས་འབོད་པའི་བསོལ་འདེབས་བསམ་པ་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།

༄༅།།ཕ་བླ་མ་མཁྱེན་བརྩེའི་ཞབས་ལ་རྒྱང་ནས་འབོད་པའི་བསོལ་འདེབས་བསམ་པ་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།
མཁྱེན་ནོ་མཁྱེན་མཁྱེན་ནོ་མཁྱེན་བརྩེའི་དབང་པོ་མཁྱེན།།
མཁྱེན་ནོ་མཁྱེན་རྩ་བརྒྱུད་ཀུན་འདུས་མཁྱེན།།
མཁྱེན་ནོ་མཁྱེན་ནོ་ཡི་དམ་ཀུན་འདུས་མཁྱེན།།
མཁྱེན་ནོ་མཁྱེན་ནོ་དཀོན་མཆོག་ཀུན་འདུས་མཁྱེན། །
མཁྱེན་ནོ་མཁྱེན་ནོ་གཅིག་ཆོག་རྒྱལ་པོ་མཁྱེན། །
ཚེ་རབས་ལས་ཀྱིས་འབྲེལ་བའི་ལྷག་པའི་ལྷ།།
མ་ནོར་ལམ་བཟང་སྟོན་པའི་བཀའ་དྲིན་ཅན།།
སྐྱབས་རེ་ཁྱེད་ལས་མེད་དོ་བདག་ལ་དགོངས།།
སྐུ་ཡི་བཀོད་པས་ཞིང་ཁམས་ཡོངས་ལ་ཁྱབ།།
ལས་དག་རྣམས་ཀྱིས་ཡི་དམ་ལྷ་རུ་མཇལ།།
བསླབ་གསུམ་རྣམ་དག་ཐོས་བསམ་སྒོམ་པས་ཕྱུག།
རྗེ་བཙུན་བླ་མའི་སྐུ་ལ་གསོལ་བ་འདེབས།།
མདོ་རྒྱུད་བསྟན་བཅོས་ལུང་རིགས་མན་ངག་རྣམས།།
ཇི་བཞིན་མ་འདྲེས་གསལ་བར་འཆད་མཁས་ཤིང་།།
ཀུན་ལ་ཕན་དང་བདེ་བའི་ལམ་སྟོན་པའི།།
རྗེ་བཙུན་བླ་མའི་གསུང་ལ་གསོལ་བ་འདེབས།།
གཞན་ལ་གནོད་པའི་བསམ་སྦྱོར་དུག་བཞིན་སྤངས།།
ཀུན་ལ་བརྩེ་བའི་བྱང་སེམས་ནོར་བུ་རྙེད།།
གསང་ཆེན་ལམ་གྱིས་གྲུབ་པའི་རྒྱལ་སར་གཤེགས།།
རྗེ་བཙུན་བླ་མའི་ཐུགས་ལ་གསོལ་བ་འདེབས།།
རྡོ་རྗེ་གསུམ་དངོས་རྩ་བའི་བླ་མ་ལ།།
ཟོལ་མེད་སྙིང་ནས་ཡང་ཡང་གསོལ་འདེབས་ན།།
ཚེ་རབས་ཀུན་ཏུ་ཐུགས་རྗེའི་སྤྱན་གྱིས་གཟིགས།།
བདུད་ཀྱི་སྤྱོད་ཡུལ་ཀུན་ལས་བསྐྱབ་ཏུ་གསོལ།།
ལས་ཉོན་ཅན་གྱི་གང་ཟག་བདག་འདྲ་བས།།
ལུས་དབེན་མེད་པར་སེམས་དབེན་མི་ཐོབ་པས།།
འདུ་འཛི་ལས་དབེན་རི་ཁྲོད་ཉམས་དགའ་བར།།
དམ་ཆོས་ཚུལ་བཞིན་སྒྲུབ་པར་བྱིན་གྱིས་རློབས།།
ཆགས་མེད་རི་ཁྲོད་གནས་པས་སྦྱིན་པ་རྫོགས།།
འདོད་ཆགས་ཡུལ་ཅན་བྲལ་བས་ཚུལ་ཁྲིམས་དག།
མི་སྡུག་ཁོང་ཁྲོ་མེད་པས་བཟོད་བསྲན་ཐུབ།།
གྲོགས་མེད་གཅིག་པུར་གནས་པས་བརྩོན་འགྲུས་ལྡན།།
འདུ་འཛིའི་གཡེང་བ་མེད་པས་བསམ་གཏན་འཕེལ།།
བསམ་རྒྱུ་ཆོས་ལས་མེད་པས་ཤེས་རབ་སྐྱེ།།
དུས་གསུམ་རྒྱལ་བ་སྲས་བཅས་གཤེགས་ཤུལ་གྱི།།
དབེན་པའི་ཡོན་ཏན་དྲན་པར་བྱིན་གྱིས་རློབས།།
རྙེད་དཀའ་འཇིག་པར་སླ་བའི་རྟེན་བཟང་འདི།།
ཁེ་ཉེས་སྐྱིད་སྡུག་འདམ་གའི་སྐབས་ཡིན་པས།།
དོན་མེད་ཚེ་འདིའི་བྱ་བས་མི་གཡེང་བར།།
དོན་ལྡན་སྙིང་པོ་ལོན་པར་བྱིན་གྱིས་རློབས།།
སྔོན་བསགས་བསོད་ནམས་བརྒྱ་ལས་གྲུབ་པའི་ལུས།།
སྡུག་བསྔལ་རྒྱ་མཚོ་ཆེ་ལས་སྒྲོལ་བའི་གྲུ།།
དལ་འབྱོར་རིན་ཆེན་ལན་ཅིག་ཐོབ་དུས་འདིར།།
རང་དྲིན་རང་ལ་ཆེ་བར་བྱིན་གྱིས་རློབས།།
གཟུགས་འདི་ལྷོ་སྤྲིན་སྲོག་འདི་བ་ཐག་འདྲ།།
དབུགས་ནི་ན་བུན་བཞིན་དུ་ཡོད་ལ་མེད།།
ཚེ་འདི་གློག་དང་འདྲ་སྟེ་སྐད་ཅིག་མ།།
ཕུང་པོ་སྒྱུ་མར་རྟོགས་པར་བྱིན་གྱིས་རློབས།།
འདུས་པ་འབྲལ་ཞིང་བསགས་པ་མ་ལུས་འཛད།།
མཐོན་པོ་མཐར་རྒུད་སྐྱེས་པའི་ཐ་མར་འཆི།།
འཆི་བ་མི་རྟག་ནམ་འོང་ཆ་མེད་པས།།
ལོང་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།།
ཚེ་འདི་ལོང་མེད་མྱུར་དུ་འཇིག་འགྱུར་ཞིང་།།
གསོད་སར་འཁྲིད་པའི་དུད་འགྲོ་ཇི་བཞིན་དུ།།
སྐད་ཅིག་རེ་རེ་ཞིང་ཡང་འཆི་ལ་ཉེ།།
ངེས་པར་འཆི་བ་བསམ་པ་བྱིན་གྱིས་རློབས།།
གཟུང་འཛིན་རྣམ་རྟོག་འཁྲུལ་པའི་གྲོང་ཁྱེར་དུ།།
མི་གཙང་འབྱུང་བཞིའི་ལུས་ནི་གཡར་ཁང་བཞིན།།
བདག་པོ་འཆི་བདག་གཤིན་རྗེས་འཕྲོག་པའི་ཚེ།།
བདག་འཛིན་གདོན་ཆེན་འཇོམས་པར་བྱིན་གྱིས་རློབས།།
ཚེ་ནི་ཉི་མ་བཞིན་དུ་ཕར་ཕར་འགྲོ།།
འཆི་བདག་གྲིབ་སོ་བཞིན་དུ་ཚུར་ཚུར་འོང་།།
ད་ནི་ཚེ་ལྷག་ཉི་རྒས་གྲིབ་སོ་ཙམ།།
སྙིང་ནས་འཆི་ཆོས་སྒྲུབ་པར་བྱིན་གྱིས་རློབས།།
དེང་བྱ་སང་བྱའི་བསམ་པ་མ་རྫོགས་བར།།
གཤིན་རྗེ་འཇིགས་རུང་ཉམ་ངས་མདུན་བསུས་ཏེ།།
མལ་གྱི་ཐ་མར་དབུགས་སྡུད་སྲོག་བཅད་ཚེ།།
ཆོས་མིན་ཕན་མེད་བསམ་པར་བྱིན་གྱིས་རློབས།།
སྨན་པས་བོར་ཞིང་རིམ་གྲོས་ཟློག་ཏུ་མེད།།
གཉེན་རྣམས་གསོན་དུ་རེ་བའི་རེ་ཐག་ཆད།།
རང་ཉིད་ཅི་བྱར་གཏོལ་མེད་གྱུར་པའི་ཚེ།།
བླ་མའི་གདམས་ངག་དྲན་པར་བྱིན་གྱིས་རློབས།།
སེར་སྣས་བསགས་པའི་ཟས་ནོར་ཤུལ་དུ་ལུས།།
བརྩེ་ཞིང་གདུང་བའི་གཉེན་དང་གཏན་བྲལ་གྱུར།།
ཉམ་ངའི་གནས་སུ་གཅིག་པུར་འགྲོ་བའི་ཚེ།།
དགེ་སེམས་སྟོབས་ལྡན་སྐྱེ་བར་བྱིན་གྱིས་རློབས།།
ས་ཆུ་མེ་རླུང་འབྱུང་བ་རིམ་གྱིས་ཐིམ།།
ལུས་ཀྱི་སྟོབས་ཤོར་ཁ་སྣ་སྐམ་ཞིང་བརྗེས།།
དྲོད་སྡུད་དབུགས་བརྩེགས་ངར་སྒྲ་འབྱིན་པའི་ཚེ།།
དག་པའི་ཞིང་དུ་འཕོ་བར་བྱིན་གྱིས་རློབས།།
སྣང་མཆེད་ཐོབ་གསུམ་སྔ་མ་ཕྱི་མར་ཐིམ།།
ཟླ་ཉི་མུན་པ་འཆར་འདྲེའི་ཉམས་ཤར་ཚེ།།
འཁོར་འདས་སྟོང་པར་རྟོགས་པའི་རྣལ་འབྱོར་གྱིས།།
རང་ངོ་རང་གིས་ཤེས་པར་བྱིན་གྱིས་རློབས།།
སྟོན་མཁའ་དྭངས་པར་ཟླ་འོད་ཁྱབ་པ་བཞིན།།
སེམས་ཉིད་འོད་གསལ་ཉམས་སྣང་ཤར་བའི་ཚེ།།
གནས་སྐབས་དེ་ལ་མ་ཡེངས་སོ་བཟུང་ནས།།
འོད་གསལ་མ་བུ་འཕྲོད་པར་བྱིན་གྱིས་རློབས།།
དེར་ཡང་འཁྲུལ་ནས་བར་དོ་ཤར་གྱུར་ཏེ།།
བྱིའུ་ཕྲུག་དམར་རྗེན་ཐང་དུ་ལྷུང་བཞིན་གྱི།།
ཡིད་ལུས་ཉམ་ཐག་གྲོགས་མེད་གནས་པའི་ཚེ།།
ལྷ་དང་བླ་མ་དྲན་པར་བྱིན་གྱིས་རློབས།།
ལུས་ལ་གྲིབ་མ་མེད་པས་སྐྱོ་བ་དང་།།
ངག་ལ་ལད་མོ་མེད་པས་ཁྲོ་བ་དང་།།
སེམས་ལ་རང་དབང་མེད་པར་རྒྱུག་པའི་ཚེ།།
བར་དོའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས།།
འཇིགས་པའི་སྒྲ་བཞི་ཉམ་ངའི་གཡང་ས་སོགས།།
མི་བཟད་འཇིགས་སྐྲ་སྣ་ཚོགས་ཤར་བའི་ཚེ།།
སྡིག་པའི་རང་གཟུགས་ཡིན་པར་ངོ་ཤེས་ནས།།
ལས་ངན་བདག་གིར་བྱེད་པར་བྱིན་གྱིས་རློབས།།
དེ་ཚེ་བླ་མ་ཡི་དམ་དབྱེར་མེད་དང་།།
ཐུགས་ཡིད་གཅིག་ཏུ་འདྲེས་པའི་ནུས་སྟོབས་ཀྱིས།།
བདེ་བ་ཅན་སོགས་དག་པའི་ཞིང་ཁམས་སུ།།
མྱུར་བར་དབུགས་དབྱུང་ཐོབ་པར་བྱིན་གྱིས་རློབས།།
དེ་མ་ཐོབ་པར་དཀའ་ནག་ལས་ཀྱི་འབྲས།།
རང་ཉིད་ཁོ་ནའི་སྟེང་དུ་སྨིན་ངེས་པས།།
དགེ་སྡིག་བླང་དོར་ཚུལ་བཞིན་བྱེད་པ་ཡི།།
དཀའ་སྤྱད་ཆོས་ལ་ནུས་པར་བྱིན་གྱིས་རློབས།།
སྐྱེ་བ་གཞན་དུ་སེམས་མེད་མི་འགྱུར་ཞིང་།།
ལས་ཀྱང་གྲིབ་མ་བཞིན་དུ་རྗེས་སུ་འབྲང་།།
དམན་པའི་འབྲས་འབྱིན་ནག་པོའི་ལས་རྣམས་ལ།།
དུག་ཅན་ཟས་ལྟར་འཛེམ་པར་བྱིན་གྱིས་རློབས།།
མེ་ཡི་རང་བཞིན་ཚ་ལྟར་སྡུག་བསྔལ་གྱི།།
འབྱུང་གནས་འཁོར་བའི་འོབས་ལས་ཐར་འདོད་པས།།
སྡིག་སྤོང་དགེ་བ་སྒྲུབ་ལ་བརྩོན་པ་དང་།།
དམ་ཆོས་ལམ་དུ་ལོང་པར་བྱིན་གྱིས་རློབས།།
གཡན་པར་འཕྲུག་ན་ཅུང་ཟད་བདེ་འགྱུར་ཞིང་།།
དེ་བས་གཡན་པ་མེད་ན་ཤིན་ཏུ་བདེ།།
ལན་ཚཱའི་ཆུ་བཞིན་ངོམ་པར་མི་འགྱུར་བའི།།
ཟག་བདེར་སྲེད་པ་སྤོང་བར་བྱིན་གྱིས་རློབས།།
ལྟར་སྣང་ཕན་ལ་སྡུག་བསྔལ་འབྱུང་བའི་རྒྱུ།།
དུག་གི་མེ་ཏོག་སྤུ་གྲིའི་སྦྲང་རྩི་དང་།།
ཀིམ་པའི་འབྲས་བཞིན་སྲིད་པའི་ཕུན་ཚོགས་ལ།།
ཞེན་པ་གཏིང་ནས་ལོག་པར་བྱིན་གྱིས་རློབས།།
ཀེང་རུས་རྩ་རྒྱུས་དྲྭ་བས་སྦྲེལ་བ་ཡི།།
མི་གཙང་རྫས་ཀྱིས་ཡོངས་སུ་བཀང་བའི་གཟེབ།།
སྒོ་དགུར་དྲི་ངའི་སྤྲིན་འཕྲོད་གང་དཀའ་བའི།།
ཕུང་པོར་མངོན་ཞེན་སྤོང་བར་བྱིན་གྱིས་རློབས།།
ཆོས་ཀྱི་རོ་ཡི་བདེ་བ་འཚོལ་བ་ནི།།
སྐྱིད་ཀྱིས་སྐྱིད་པོ་འཚོལ་འདྲ་འདོད་སྲེད་ཀྱིས།།
བདེ་བ་འཚོལ་བ་སྡུག་གིས་སྡུག་འཚོལ་ཕྱིར།།
ཆོས་ཀྱི་བདེ་བས་འཚོ་བར་བྱིན་གྱིས་རློབས།།
འགྲོ་ཀུན་ཕ་མར་ཤེས་པའི་བྱམས་པ་དང་།།
སྡུག་བསྔལ་མཚོ་ལས་སྒྲོལ་འདོད་སྙིང་རྗེ་ཡིས།།
བླ་མེད་བྱང་ཆུབ་འདོད་པའི་བློ་བསྐྱེད་ནས།།
རྒྱལ་སྲས་སྤྱོད་པ་སྒྲུབ་པར་བྱིན་གྱིས་རློབས།།
ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད་བསྟེན་ཅིང་།།
འཇོག་ཐབས་དགུ་ཡིས་ཉམས་རྣམས་བརྟན་གྱུར་ཏེ།།
གནས་ཆ་གཅིག་གིས་ཉིན་མཚན་ཁོར་ཡུག་ཏུ།།
རྣམ་རྟོག་གདུག་འདྲེ་ནོན་པར་བྱིན་གྱིས་རློབས།།
འདུ་འཛིའི་གནས་དང་སྡིག་པའི་གྲོགས་སྤངས་ནས།།
དབེན་པའི་གནས་སུ་རང་སེམས་འདུལ་བ་དང་།།
ཆོས་ཀུན་རང་བཞིན་སྐྱེ་བ་མེད་པ་ཡི།།
ངེས་དོན་གནས་ལུགས་རྟོགས་པར་བྱིན་གྱིས་རློབས།།
འཁོར་བའི་འབྲོག་ཏུ་རྫ་མཁན་འཕང་ལོ་བཞིན།།
འཁོར་བྱེད་ལས་ཉོན་བདག་འཛིན་ལས་བྱུང་བས།།
ཐག་ཁྲར་སྦྲུལ་འཛིན་གཞི་མེད་རྟོགས་པ་ལྟར།།
བདག་ལྟ་རྩད་ནས་ཞིག་པར་བྱིན་གྱིས་རློབས།།
དངོས་པོར་འཛིན་པ་དུག་གི་སྡོང་པོ་ལ།།
ཚུལ་བཞིན་མ་ཡིན་ཡིད་བྱེད་ཡལ་ག་ཅན།།
ཉེས་སྤྱོད་ལོ་རྒྱས་སྡུག་བསྔལ་འབྲས་བུ་སྨིན། །
རྩ་འདོན་སྟོང་ཉིད་རྟོགས་པར་བྱིན་གྱིས་རློབས།།
ཆོས་ཀུན་ལྷ་སྔགས་ཡེ་ཤེས་རྣམ་རོལ་དུ།།
ཡོངས་སུ་སྡོམ་བྱེད་བསྐྱེད་རྫོགས་རྣམ་གཉིས་ཀྱི།།
རྣལ་འབྱོར་ཟབ་མོ་ཆུ་བོའི་གཞུང་བཞིན་ལ།།
བརྩོན་པ་དྲག་པོས་སྒྲུབ་པར་བྱིན་གྱིས་རློབས།།
བླ་མ་མཉེས་པ་གསུམ་གྱིས་མཆོད་པ་དང་།།
སྡོམ་གསུམ་གནང་བཀག་དམ་ཚིག་རྣམ་པར་དག།
རྩེ་གཅིག་བསྒོམས་པས་ཉམས་རྟོགས་མཐའ་ཕྱིན་ནས།།
ཚེ་འདིར་གྲུབ་མཐའ་སྙོགས་པར་བྱིན་གྱིས་རློབས།།
བླ་མ་བཅོམ་ལྡན་ཚེ་དཔག་མེད་མགོན་ནི།།
སྙིང་གི་པདྨོར་འབྲལ་མེད་རྟག་བཞུགས་ནས།།
ཆོས་ཀྱི་རྟེན་བཟང་ཡུན་དུ་འཚོ་བ་དང་།།
བསམ་པ་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས།།
མདོར་ན་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ།།
རྗེ་བཙུན་བླ་མའི་ཞབས་པད་གུས་བསྟེན་ཅིང་།།
རྟག་ཏུ་གསུང་གི་བདུད་རྩི་ལེན་པ་དང་།།
རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས།།
ཞེས་པའང་བློ་གཏེར་དབང་པོས་དབེན་རིར་འགྲོ་ཁར་རྗེ་བླ་མར་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།སླད་ནས་གྭ་གུ་བྱང་ཆུབ་ཤིང་གི་ནགས་ཁྲོད་ཀྱི་རང་གནས་བསམ་གཏན་ཁང་བུར་བཅོས་བསྒྱུར་ཅུང་ཟད་དང་བཅས་དག་པར་བགྱིས་པའོ།་སརྦ་མངྒ་ལཾ།དགེ་ལེགས་འཕེལ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*