ནཱ་རོ་མཁའ་སྤྱོད་སྐབས་ཀྱི་ཚོགས་བསགས་བླ་མའི་རྣལ་འབྱོར་གྱི་ངག་འདོན་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། 

༄༅། །ནཱ་རོ་མཁའ་སྤྱོད་སྐབས་ཀྱི་ཚོགས་བསགས་བླ་མའི་རྣལ་འབྱོར་གྱི་ངག་འདོན་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།  ༄༅། །གང་ལ་བརྟེན་ནས་མཐོང་ཆོས་ས་བོན་ནས། །སྐུ་བཞིའི་སྙེ་མ་གཡུར་དུ་ཟ་བའི་བར། །ཅི་འདོད་ལག་རྩེར་སྦྱིན་མཆོག་རྡོ་རྗེ་ཡི། །སློབ་དཔོན་རྟག་ཏུ་བསྙེན་པའི་རྣལ་འབྱོར་འདྲི། །འདིར་ནཱ་རོ་མཁའ་སྤྱོད་སྐབས་ཀྱི་ཚོགས་བསགས་བླ་མའི་རྣལ་འབྱོར་གྱི་ངག་འདོན་ཚིགས་སུ་བཅད་པར་བསྡེབས་པ་ལ། ཟུར་དུ་ཉམས་སུ་ལེན་ན་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། སྒྲུབ་ཐབས་དང་འབྲེལ་བའི་ཚེ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་རྗེས་ཐོགས་སུ། མདུན་གྱི་ནམ་མཁར་རིན་ཆེན་སེང་གེའི་ཁྲི། །སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ། །སྐྱབས་གནས་ཀུན་འདུས་དྲིན་ཆེན་ཆོས་ཀྱི་རྗེ། །རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་ཆོས། །སྐུ་མདོག་དམར་པོ་རྡོ་རྗེ་དྲིལ་བུ་བསྣོལ། །བགྲང་བྱ་བཅུ་དྲུག་སོན་པའི་ལང་ཚོ་ཅན། །སྣ་ཚོགས་དར་དང་རིན་ཆེན་རུས་པས་བརྒྱན། །ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །དེ་མཐར་བརྒྱུད་པའི་བླ་མ་ཐམས་ཅད་ནི། །དཔའ་བོ་རྡོ་རྗེ་ཆོས་ཀྱི་རྣམ་པས་བསྐོར། །གཞན་ཡང་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །ཉན་ཐོས་རང་རྒྱལ་ཆོས་སྐྱོང་སྲུང་མ་དང༌། །ནོར་ལྷའི་ཚོགས་ཀྱིས་སྐོར་ཏེ་བཞུགས་པར་གྱུར། །ཀུན་གྱི་གནས་གསུམ་འབྲུ་གསུམ་ཡི་གེས་མཚན། །ཧཱུྃ་ལས་འོད་འཕྲོས་བླ་མ་ཡི་དམ་སོགས། །སྐྱབས་ཡུལ་མ་ལུས་སྤྱན་དྲངས་དབྱེར་མེད་ཐིམ། །ཞེས་པས་གསལ་བཏབ་ནས། གང་གི་དྲིན་གྱིས་ལྷན་སྐྱེས་བདེ་བ་ཆེ། །སྐད་ཅིག་ཉིད་ལ་འཆར་བའི་ཡོན་ཏན་གཏེར། །འདྲེན་མཆོག་བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པདྨར་སྤྱི་བོས་འདུད། །ཅེས་དང་བརྒྱུད་པའི་གསོལ་འདེབས་གང་རུང་འདོན། དེ་ལྟར་མི་ནུས་པའམ་བསྡུ་ན། སྨིན་བྱེད་དབང་དང་བྱིན་རླབས་རྗེས་སུ་གནང༌། །ཆེས་ཟབ་ཁྲིད་དང་རྒྱབ་བརྟེན་ལུང་གི་ཚོགས། །དངོས་དང་བརྒྱུད་པས་ལེགས་འདོམས་བླ་མའི་ཚོགས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ། ཟུར་དུ་ཉམས་སུ་ལེན་ན་བཤམས་པའི་མཆོད་པ་རྣམས་བྱིན་རླབས་སྤྱི་ལྟར་བྱས་ལ། སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡཔྲ་ཏཱིཙྪ་སྭཱ་ཧཱའི་བར་རེ་རེའི་འགོར་སྦྱར་གྱིས་མཆོད་ལ། གང་ལ་ཆགས་ན་ཉེས་ཀུན་འབྱུང་བའི་གཞི། །ལོངས་སྤྱོད་གཉེན་དང་མཛའ་བཤེས་ཇི་སྙེད་པ། །རྗེ་བཙུན་བླ་མ་མཆོག་ལ་དབུལ་བར་བགྱི། །འདོད་ཆགས་རྣམ་རྟོག་ཞི་བར་བྱིན་གྱིས་རློབས། །མཐོང་ཐོས་རེག་པས་ཞེ་སྡང་འཕེལ་བའི་གཞི། །གནོད་བྱེད་དགྲ་འདྲེར་སྣང་བ་ཇི་སྙེད་པ། །དེ་ཀུན་བླ་མ་མཆོག་ལ་དབུལ་བར་བགྱི། །ཞེ་སྡང་དབྱིངས་སུ་ཞི་བར་བྱིན་གྱིས་རློབས། །ཚེ་རབས་དུ་མ་གྲངས་མེད་མར་བྱས་ཀྱང༌། །ལས་ཉོན་དབང་གིས་གཉེན་འབྲེལ་མ་ཤེས་པ། །བར་མའི་འགྲོ་རྣམས་ཁྱེད་ལ་དབུལ་བར་བགྱི། །གཏི་མུག་ཕྲག་དོག་ཞི་བར་བྱིན་གྱིས་རློབས། །ཞེས་ཞེན་པ་སྤང་ངོ༌། །རང་སེམས་ངོ་བོ་སྙིང་གའི་རྣལ་འབྱོར་མ། །དབུ་མའི་ལམ་བརྒྱུད་ཚངས་པའི་སྒོ་ནས་ཐོན། །རྩ་བའི་བླ་མར་ཞལ་སྦྱོར་བཞུགས་པ་ཡིས། །ཕན་ཚུན་བདེ་བ་ཆེན་པོས་མཉེས་པར་གྱུར། །སླར་ཡང་རང་སེམས་མཁའ་སྤྱོད་དབང་མོ་ཡིས། །རང་གི་ཐ་མལ་ཕུང་པོ་ལ་གཟིགས་པས། །ཆེ་ཞིང་སྣུམ་ལ་ཚོ་བར་འདུག་པ་མཐོང༌། །སྔར་ཡང་འདི་འདྲའི་ལུས་ཀུན་དོན་མེད་སོང༌། །ད་ལན་དོན་ཅན་བྱའོ་དགོངས་ནས་ནི། །ཕུང་པོའི་རྩར་བྱོན་གྲི་གུག་རྣོན་པོ་ཡིས། །ཐ་མལ་ལུས་སུ་སྣང་བའི་མགོ་བོ་ཡི། །ཡ་ཐོད་བཅད་དེ་ཐོད་པའི་སྒྱེད་པུར་བཙུགས། །གང་དེ་ཆེས་དཀར་ཡངས་པའི་སྣོད་གྱུར་པར། །རྐང་གཡོན་གཡས་དང་ཁོག་སྨད་ནང་ཁྲོལ་དང༌། །ཁོག་སྟོད་ལག་གཉིས་མགོ་བོའི་ལྷག་མར་བཅས། །དེ་ནང་བསྐྱུར་བས་ཤ་ཁྲག་རུས་པའི་གཏེར། །འོག་ནས་མེ་འབར་ཐོད་པའི་ནང་རྫས་རྣམས། །བསྐོལ་ཞིང་ཞུ་བ་ཁ་དོག་དྲི་རོ་བཅུད། །ཕུན་ཚོགས་བདུད་རྩིའི་རྒྱ་མཚོར་ཨོཾ་ཨཱཿཧཱུྃ། སྙིང་གའི་བཾ་ལས་ཡིད་འཕྲོག་ལྷ་མོའི་གཟུགས། །གྲངས་མེད་སྤྲོས་པས་ཐོད་པའི་བདུད་རྩི་ལས། །བཅུས་ནས་བླངས་ཏེ་འབུལ་བའི་མཆོད་པ་འདི། །བདག་ལ་བརྩེ་བའི་ཐུགས་ཀྱིས་ཉེར་དགོངས་ནས། །དགྱེས་པ་ཆེན་པོས་བཞེས་པར་མཛད་དུ་གསོལ། །དྲིན་ཆེན་རྩ་བའི་བླ་མ་བཀའ་དྲིན་ཅན། །འཁོར་ལོའི་མགོན་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །སྐྱབས་གནས་ཀུན་འདུས་ཞལ་དུ་ཨོཾ་ཨཱཿཧཱུྃ། །དགོས་འདོད་ཀུན་འབྱུང་ཞལ་དུ་ཨོཾ་ཨཱཿཧཱུྃ། །དངོས་སུ་བཤམས་པའི་ནང་མཆོད་ཡོད་པའི་ཚེ་མཐེབ་སྲིན་གྱིས་འཐོར། །བརྒྱུད་པའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཡི་དམ་ལྷ་ཚོགས་ཞལ་དུ༴ སངས་རྒྱས་བྱང་སེམས་ཞལ་དུ༴ ཉན་ཐོས་རང་རྒྱལ་ཞལ་དུ༴ ཆོས་སྲུང་ནོར་ལྷའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །དགྱེས་པར་རོལ་ནས་ཐུགས་རྒྱུད་ཟག་མེད་ཀྱི། །བདེ་བ་ཆེན་པོས་ཡོངས་སུ་མཉེས་གྱུར་ནས། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །གཞི་བདག་གནས་བདག་རིགས་དྲུག་སེམས་ཅན་རྣམས། །ཡི་དམ་ལྷར་གསལ་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཆགས་སྡང་གཏི་མུག་རྣམ་རྟོག་ཞི་བ་དང༌། །བྱང་ཆུབ་སེམས་འབྱངས་སངས་རྒྱས་ཐོབ་གྱུར་ཅིག །དེ་ནས་མཎྜལ་འབུལ་བ་ནི། བདག་གཞན་ལུས་དང་ལོངས་སྤྱོད་དགེ་བར་བཅས། །ཁོར་ཡུག་ལྕགས་རིས་ཡོངས་བསྐོར་དབྱིག་འཛིན་མར། །ལྷ་གནས་གྲངས་མེད་བཀོད་ལེགས་ལྷུན་པོ་དང༌། །གསེར་གྱི་རི་བདུན་རོལ་པའི་ཆུ་གཏེར་དང༌། །དགེ་བཅུ་ཚང་བའི་གླིང་དང་གླིང་ཕྲན་བརྒྱད། །དཔག་བསམ་འདོད་འཇོའི་བ་མོ་མ་རྨོས་འབྲས། །ཉི་ཟླ་ལྷ་མིའི་དཔལ་འབྱོར་མཎྜལ་ལ། །འཁོར་ལོའི་མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ཚོགས་གཉིས་རྫོགས་པའི་དཔའ་བོ་ཡིས། །བསྐྱེད་རྫོགས་ཟུང་འཇུག་མདའ་གཞུ་ལེགས་སྦྱར་ནས། །སྒྲིབ་གཉིས་དགྲ་བོ་ལྷག་མ་མེད་བཅོམ་ནས། །ཟུང་འཇུག་སྐུ་བཞིའི་རྒྱལ་སྲིད་ཐོབ་པར་མཛོད། །ཅེས་དང༌། མཎྜལ་ཚོམ་བུ་བདུན་པ་དང༌། ས་གཞི་སྤོས་བྱུག་དང༌། སོ་བདུན་ཅན་སོགས་ཅི་ནུས་འབུལ་བས་བསོད་ནམས་ཀྱི་ཚོགས་བསགས། མཐའ་སྐོར་བཞུགས་པའི་མཆོད་ཡུལ་ཐམས་ཅད་ནི། །དབྱིངས་ཀྱི་རོལ་པས་རྩ་བའི་བླ་མར་ཐིམ། །སངས་རྒྱས་ཀུན་འདུས་བླ་མ་རིན་པོ་ཆེ། །བདག་ལ་དབང་དང་དངོས་གྲུབ་སྩལ་དུ་གསོལ། །བླ་མའི་དཔྲལ་བའི་ཨོཾ་ལས་འོད་དཀར་པོ། །ཨོཾ་གྱི་གཟུགས་བྱུང་རང་གི་དཔྲལ་བར་ཐིམ། །བུམ་པའི་དབང་ཐོབ་ལུས་ཀྱི་དྲི་མ་དག །སྐུ་ཡིས་བྱིན་བརླབས་སྤྲུལ་སྐུའི་ས་བོན་གཞག །བླ་མའི་མགྲིན་པའི་ཨཱཿལས་འོད་དམར་པོ། །ཨཱཿཡི་གཟུགས་བྱུང་རང་གི་མགྲིན་པར་ཐིམ། །གསང་བའི་དབང་ཐོབ་ངག་གི་དྲི་མ་དག །གསུང་གིས་བྱིན་བརླབས་ལོངས་སྐུའི་ས་བོན་གཞག །བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ། །ཧཱུྃ་གི་གཟུགས་བྱུང་རང་གི་སྙིང་གར་ཐིམ། །གསུམ་པའི་དབང་ཐོབ་ཡིད་ཀྱི་དྲི་མ་དག །ཐུགས་ཀྱིས་བྱིན་བརླབས་ཆོས་སྐུའི་ས་བོན་གཞག །བླ་མའི་ཡི་གེ་གསུམ་ལས་འོད་སྣ་ཚོགས། །འབྲུ་གསུམ་གཟུགས་བྱུང་རང་གི་གནས་གསུམ་ཐིམ། །བཞི་པའི་དབང་ཐོབ་སྒྲིབ་པ་བག་ཆགས་དག །ཀུན་གྱིས་བྱིན་བརླབས་ངོ་བོ་ཉིད་སྐུར་གྱུར། །ཅེས་པས་དབང་བཞི་བླངས། སླར་ཡང་འཁོར་ལོའི་མགོན་པོ་མཉེས་བཞིན་དུ། །བདེ་བ་ཆེན་པོར་ཞུ་ནས་བདག་ལ་ཐིམ། །བདག་གི་སྒོ་གསུམ་དབྱེར་མེད་འདྲེས་པའི་ངང༌། །བླ་མ་སྐུ་བཞི་ལྷུན་གྲུབ་རང་ཞལ་སྐྱོང༌། །ཞེས་བླ་མ་རང་ལ་བསྟིམས་ནས་དེ་ཁོ་ན་ཉིད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་གཞག་གོ །དེ་ལས་ལྡང་བ་ན། སྒྲུབ་ཐབས་དང་འབྲེལ་པའི་ཚེ། རང་གི་སྙིང་གར་ཨེ་ཡིག་ཉིས་བརྩེགས་སོགས་ལ་འཇུག ཟུར་དུ་ཉམས་སུ་ལེན་པའི་ཚེ། སངས་རྒྱས་ཀུན་འདུ་ཕྱི་ཡི་བླ་མ་དང༌། །སེམས་ཉིད་འོད་གསལ་ནང་གི་བླ་མ་དང༌། །རང་བཞིན་སྟོང་གསལ་དོན་གྱི་བླ་མ་སོགས། །དབྱེར་མེད་སྙིང་པོའི་བླ་མར་རྟོགས་པར་ཤོག །དགེ་བ་འདི་ཡིས་བདག་སོགས་སེམས་ཅན་རྣམས། །དངོས་གྲུབ་འབྱུང་གནས་དཔལ་ལྡན་བླ་མ་ལ། །ལྷག་པའི་ལྷ་རུ་ཤེས་པའི་མོས་གུས་ཀྱིས། །དབང་དང་དངོས་གྲུབ་རྟག་ཏུ་ལེན་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས། །བསྔོ་བ་སྨོན་ལམ་གང་ཤེས་བརྗོད་དོ། །དཔལ་ལྡན་ནཱ་རོ་ཏ་པའི་ཐུགས་ཀྱི་བཅུད། །ཟབ་ལམ་བསྒོམ་པའི་རིམ་པ་ངག་འདོན་དུ། །བསྟར་བའི་དགེ་བས་དོན་ཡོད་རྣམ་པ་བཞིས། །རྟག་ཏུ་དཔལ་ལྡན་བླ་མ་མཉེས་བྱེད་ཤོག །ཅེས་ནཱ་རོ་མཁའ་སྤྱོད་སྐབས་ཀྱི་ཚོགས་བསགས་བླ་མའི་རྣལ་འབྱོར་གྱི་ངག་འདོན་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ནི། ལྡན་ཡུལ་ཤོད་ཀྱི་ཆོས་ལྡན་ས་འཛིན་དབང་པོ་མགོན་པོ་རྣམ་རྒྱལ་གསུང་གིས་བསྐུལ་ངོར་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་སུག་བྲིས་བགྱིས་པ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*