ནཱ་རོ་མཁའ་སྤྱོད་མའི་བླ་མའི་རྣལ་འབྱོར་གྱི་ངག་འདོན་རིན་ཆེན་མགུལ་རྒྱན་ཞེས་བྱ་བ་བཞུགས།། 

༄༅། །ནཱ་རོ་མཁའ་སྤྱོད་མའི་བླ་མའི་རྣལ་འབྱོར་གྱི་ངག་འདོན་རིན་ཆེན་མགུལ་རྒྱན་ཞེས་བྱ་བ་བཞུགས།།  ༄༅། །བླ་མ་མཆོག་དང་དབྱེར་མེད་པའི། །མཁའ་སྤྱོད་དབང་མོ་ལ་བཏུད་དེ། །ཆེས་ཟབ་བླ་མའི་རྣལ་འབྱོར་གྱི། །ངག་འདོན་རིན་ཆེན་མགུལ་རྒྱན་འདྲི། །དེའང་ཚོགས་བསགས་ཀྱི་ཡུལ་ཐུན་མོང་བ་དཔའ་བོ་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན་དུ་བསྐྱེད་པ་ནི་སྒྲུབ་ཐབས་ཉིད་དུ་གསལ་ལ། འདིར་ཐུན་མོང་མ་ཡིན་པ་ཁྲིད་ཡིག་ནས་བསྟན་པ་ལྟར་ཉམས་སུ་བླང་བའི་ཚུལ་གྱི་ངག་འདོན་ནི། མདུན་གྱི་ནམ་མཁར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་དམ་པ་སངས་རྒྱས་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེ་གཡོན་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལོ་བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པ། དབུ་སྐྲ་རལ་པའི་ཅོད་པཎ་ཅན། དར་གྱི་ན་བཟའ་དང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། བདག་ལ་དགེས་བཞིན་དུ་བཞུགས་པ། དེའི་མདུན་ནས་བརྩམས་ཏེ་གཡོན་སྐོར་དུ། སངས་རྒྱས་རྡོ་རྗེ་འཆང་ནས་བཟུང་སྟེ་དྲིན་ཆེན་རྩ་བའི་བླ་མ་ཡན་གྱི་བརྒྱུད་པའི་བླ་མ་ཐམས་ཅད་དཔའ་བོ་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན་དུ་བཞུགས་པ། དེ་དག་གི་མཐའ་སྐོར་དུ་ཡང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་བཅས་པར་གྱུར། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཚུར་འདུས། བླ་མ་ཐམས་ཅད་ལ་ཆ་ཚང་བར་ཐིམ་པས་ཐམས་ཅད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར་ཅེས་པའམ་ཡང་ན་དེ་ཉིད་ཚིགས་བཅད་དུ་བསྡེབས་ན། མདུན་གྱི་མཁའ་དབྱིངས་སེང་གེས་བཏེག་པའི་ཁྲིར། །པདྨ་ཟླ་སྟེང་སངས་རྒྱས་ཀུན་གྱི་དངོས། །རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་ཆོས། །སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས། །རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ནས་བསྣམས། །ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །གཞོན་དུ་བཅུ་དྲུག་ལོར་གནས་ན་ཚོད་ཅན། །མཐོན་མཐིང་རལ་པའི་ཅོད་པཎ་སྤྱི་བོར་མཚན། །དར་གྱི་ན་བཟའ་རིན་ཆེན་རུས་པས་བརྒྱན། །འོད་དང་འོད་ཟེར་དཀྲིགས་པའི་སྐུ་ཅན་ཞིག །བདག་ལ་དགྱེས་པའི་ཉམས་ཀྱིས་བཞུགས་པར་གྱུར། །དེ་མཐར་བརྒྱུད་པའི་བླ་མ་ཐམས་ཅད་ཀྱང༌། །དཔའ་བོ་རྡོ་རྗེ་ཆོས་ཀྱི་རྣམ་པས་བཞུགས། །གཞན་ཡང་ཡི་དམ་སངས་རྒྱས་བྱང་སེམས་དང༌། །ཉན་ཐོས་རང་རྒྱལ་ཆོས་སྐྱོང་སྲུང་མ་དང༌། །ནོར་ལྷའི་ཚོགས་ཀྱིས་བསྐོར་ཏེ་བཞུགས་པར་གྱུར། །ཀུན་གྱི་གནས་གསུམ་ཨོཾ་དང་ཨཱཿཧཱུྃ་མཚན། །ཐུགས་ཀའི་ས་བོན་འོད་ཟེར་ཕྱོགས་བཅུར་སོང༌། །རྩ་བརྒྱུད་བླ་མ་ཡི་དམ་རྒྱལ་བ་སྲས། །ཆོས་སྐྱོང་ནོར་ལྷ་ཐམས་ཅད་སྤྱན་དྲངས་ཐིམ། །སྐྱབས་གནས་ཐམས་ཅད་འདུས་པའི་བདག་ཉིད་གྱུར། །ཅེས་གསལ་བཏབ་ནས། གང་གི་དྲིན་གྱི་བདེ་ཆེན་ཉིད་སོགས། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ་སོགས་སམ། ཡང་ན། རྒྱལ་བ་རྒྱ་མཚོའི་སོགས་ཀྱིས་གསོལ་འདེབས་གང་ཤེས་བྱ། བཤམས་པའི་མཆོད་པ་ཡོད་ན་བྱིན་གྱིས་བརླབ། མེད་ན་མི་དགོས། ཨོཾ་གུ་རུ་བུདྡྷ་བོ་དྷི་སཱ་ཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སོགས་ནས་སྤརྵེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ་གི་བར་གྱིས་མཆོད་དེ། གང་ལ་ཆགས་ན་ཉེས་ཀུན་འབྱུང་བའི་གཞི་སོགས་ནས། རྨོངས་དང་ཕྲག་དོག་ཞི་བར་བྱིན་གྱིས་རློབས་ཞེས་པའི་བར་ལམ་ཟབ་ལྟར་དང༌། རང་སེམས་བཾ་ཡིག་རྡོ་རྗེ་རྣལ་འབྱོར་མ། །དབུ་མའི་ལམ་བརྒྱུད་ཚངས་བུག་ནས་འཐོན་ཏེ། །རྩ་བའི་བླ་མར་ཞལ་སྦྱོར་བཞུགས་པ་ཡིས། །ཕན་ཚུན་བདེ་བ་ཆེན་པོས་མཉེས་པར་གྱུར། །རང་སེམས་ངོ་བོ་རྡོ་རྗེ་རྣལ་འབྱོར་མས། །རང་གི་ཐ་མལ་ཕུང་པོ་ལ་གཟིགས་པས། །ཆེ་ཞིང་སྣུམ་ལ་ཚོ་བར་འདུག་པ་དེ། །སྔར་ནས་འདི་འདྲའི་ལུས་ཀུན་དོན་མེད་སོང༌། །ད་ལན་དོན་ཅན་བྱའོ་སྙམ་དགོངས་ནས། །ཕུང་པོའི་རྩར་བྱོན་གྲི་གུག་རྣོན་པོ་ཡིས། །ཐ་མལ་ལུས་སུ་སྣང་བའི་མགོ་བོ་ཡི། །ཡ་ཐོད་བཅད་ནས་མདུན་དུ་བཀན་ཏེ་བཞག །གང་དེ་ཆེས་དཀར་ཡངས་པའི་སྣོད་གྱུར་པ། །རྐང་གཡོན་གཡས་དང་ཁོག་སྨད་ནང་ཁྲོལ་དང༌། །ཁོག་སྟོད་ལག་གཉིས་མགོ་བོའི་ལྷག་མ་བཅས། དེ་ནང་བསྐྱུར་བས་ཤ་ཁྲག་རྒྱ་མཚོར་གྱུར། །ཨོཾ་ལས་ཆོས་དབྱིངས་སོགས་ནས། སྐྱབས་གནས་ཀུན་འདུས་ཞལ་དུ་ཨོཾ་ཨཱཿཧཱུྃ། ཐར་པའི་ལམ་སྟོན་ཞལ་དུ་ཨོཾ་ཨཱཿཧཱུྃ། བརྒྱུད་པའི་བླ་མའི༴ ཡི་དམ་ལྷ་ཚོགས༴ སངས་རྒྱས་བྱང་སེམས༴ ཉན་ཐོས་རང་རྒྱལ༴ ཆོས་སྲུང་ནོར་ལྷའི༴ ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི། །བཞེས་ནས་བདག་དང་སེམས་ཅན་ཐམས་ཅད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །མཆོད་པའི་ལྷ་རྣམས་རྩ་བའི་བླ་མ་ཡི། །ཐུགས་ཀར་ཐིམ་པས་ཐུགས་རྒྱུད་ཟག་མེད་ཀྱི། །བདེ་བ་ཆེན་པོས་ཡོངས་སུ་མཉེས་གྱུར་ཏེ། །མཆོག་ཏུ་དགོས་པའི་ཉམས་དང་ལྡན་པར་གྱུར། །བདུད་རྩིའི་ལྷག་མ་རིགས་དྲུག་སེམས་ཅན་རྣམས། །ལྷ་རུ་གསལ་བའི་ཞལ་དུ༴ །ཆགས་སྡང་རྨོངས་གསུམ་རྣམ་རྟོག་ཞི་བ་དང༌། །བྱང་ཆུབ་སེམས་འབྱངས་སངས་རྒྱས་ཐོབ་པར་ཤོག །སྐབས་འདིར་མཎྜལ་ཚོམ་བུ་བདུན་མ་ཅི་ནུས་དང་སྐབས་སྐབས་སུ་སོ་བདུན་མ་ཡང་འབུལ། མཐར་ཤེས་ཤིང་ནུས་ན་གང་གི་མཆོད་རྫས་སོགས་དང༌། དེང་ནས་བྱང་ཆུབ་སོགས་ཀྱང་བརྗོད། དེ་ནས། རྗེ་བཙུན་མཆོག་གི་མཐའ་སྐོར་བཞུགས་པ་ཡི་སོགས་ནས། དབྱིངས་ཀྱི་རོལ་པས་བླ་མའི་ཐུགས་ཀར་ཐིམ། །དུས་གསུམ་སངས་རྒྱས་ཀུན་འདུས་བླ་མ་ལ། །གསོལ་བ་འདེབས་སོ་བདག་ལ་དབང་བསྐུར་སྩོལ། །བླ་མའི་དཔྲལ་བའི་ཨོཾ་ལས་འོད་དཀར་པོ། །ཨོཾ་གྱི་གཟུགས་བྱུང་རང་གི་དཔྲལ་བར་ཐིམ། །བུམ་པའི་དབང་ཐོབ་ལུས་ཀྱི་དྲི་མ་དག །སྐུ་ཡིས་བྱིན་བརླབས་སྤྲུལ་སྐུའི་ས་བོན་བཞག །བླ་མའི་མགྲིན་པའི་ཨཱཿལས་འོད་དམར་པོ། །ཨཱཿཡི་གཟུགས་བྱུང་རང་གི་མགྲིན་པར་ཐིམ། །གསང་བའི་དབང་ཐོབ་ངག་གི་དྲི་མ་དག །གསུང་གིས་བྱིན་བརླབས་ལོངས་སྐུའི་ས་བོན་བཞག །བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ། །ཧཱུྃ་གི་གཟུགས་བྱུང་རང་གི་སྙིང་གར་ཐིམ། །གསུམ་པའི་དབང་ཐོབ་སེམས་ཀྱི་དྲི་མ་དག །ཐུགས་ཀྱིས་བྱིན་བརླབས་ཆོས་སྐུའི་ས་བོན་བཞག །བླ་མའི་ཡི་གེ་གསུམ་ལས་འོད་སྣ་ཚོགས། །འབྲུ་གསུམ་གཟུགས་བྱུང་རང་གི་གནས་གསུམ་ཐིམ། །བཞི་པའི་དབང་ཐོབ་སྒྲིབ་པའི་བག་ཆགས་དག །ཀུན་གྱིས་བྱིན་བརླབས་ངོ་བོ་ཉིད་སྐུར་གྱུར། །བླ་མ་མཆོག་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཁྱེད་ཀྱིས་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས་བླ་མ་དེ་འོད་ཟེར་དམར་པོ་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་ནས་རང་ལ་ཐིམ་པར་བསམ་མོ། །རང་གི་སྙིང་གར་ཨེ་ཡིག་ཉིས་བརྩེགས་སོགས་དཀྱུས་ལ་འཇུག་གོ །ཞེས་ནཱ་རོ་མཁའ་སྤྱོད་མའི་བླ་མའི་རྣལ་འབྱོར་གྱི་ངག་འདོན་རིན་ཆེན་མགུལ་རྒྱན་ཞེས་བྱ་བ་འདི་ནི་བསྟན་འཛིན་རྣམ་རྒྱལ་སོགས་དོན་གཉེར་གྱིས་བསྐུལ་ངོར། མཁན་ཆེན་ཐམས་ཅད་མཁྱེན་པ་བུདྡྷ་ལཀྵྨཱིས་མཛད་པའི་ཀུ་ས་ལིའི་ཚོགས་བསགས་ཚིགས་བཅད་མ་གཞིར་བཞག ཉམས་སུ་བླང་བདེ་བར་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ལྷུན་གྲུབ་སྟེང་དུ་བྲིས་པ་དགེའོ།།  །།

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*