གསུང་ངག་རིན་པོ་ཆེའི་ཟབ་མོ་བླ་མའི་རྣལ་འབྱོར་མཆོད་པའི་ཆོ་ག་དང་བཅས་པ་ཚོགས་གཉིས་ཆུ་གཏེར་རྫོགས་པའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ།།

༄༅། །གསུང་ངག་རིན་པོ་ཆེའི་ཟབ་མོ་བླ་མའི་རྣལ་འབྱོར་མཆོད་པའི་ཆོ་ག་དང་བཅས་པ་ཚོགས་གཉིས་ཆུ་གཏེར་རྫོགས་པའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ།། ཕྱོགས་བཅུའི་རྣམ་པ་ཐམས་ཅད་མཁྱེན་ཀུན་གྱི། །སྒྱུ་འཕྲུལ་ཚུལ་ཁྲིམས་བསླབ་ལྡན་རྣམ་རོལ་གྱིས། །སེམས་ཅན་རེ་སྐོང་གྱ་ནོམ་ཡོན་ཏན་དང༌། །ཕྲིན་ལས་ལྷུན་གྲུབ་བླ་མས་རྟག་ཏུ་སྐྱོངས། །ཐ་སྙད་གཙུག་ལག་ཉིན་མོར་བྱེད་པ་ནས། །སྨིན་གྲོལ་ཡིད་བཞིན་ནོར་བུ་མནོས་ཀྱི་བར། །དྲིན་ཆེན་སློབ་དཔོན་ཐམས་ཅད་རྒྱལ་བ་དང༌། །རྒྱལ་བའི་གདུང་འཚོབ་ངེས་པའི་ཕྱག་བགྱིའོ། །དུས་གསུམ་རྣམ་འདྲེན་ཡོངས་ལས་བླ་མ་མཆོག །བསོད་ནམས་ཞིང་དུ་བསྔགས་པ་བརྗོད་དེ་ཅི། །འོན་ཏེ་བསྐལ་མང་བསྒྲུབ་འོས་ཡེ་ཤེས་ཆེ། །དེ་འདིས་སྐད་ཅིག་གཅིག་ལ་བསྐྱེད་མི་ནམ། །དཀོན་མཆོག་གསུམ་དངོས་བླ་མ་དམན་པའི་བློས། །དངོས་གྲུབ་སྒྲུབ་ཐབས་ཟབ་མོར་ལེགས་ཞུགས་ཀྱང༌། །སྟོང་པའི་མཁའ་དབྱིངས་སྐད་ཀྱི་ང་རོ་ཡིས། །བོས་པའི་ལད་མོ་བསྒུགས་དང་ཅིས་མི་མཚུངས། །མོས་གུས་མི་དམན་སྐལ་བཟང་རཱ་མ་ཎས། །འདིར་བརྟེན་ཚོགས་བསགས་རྒྱུད་ལས་ཉེར་འཕོས་མདའ། །སྒྲིབ་སྟུག་འབོད་གྲོགས་གནད་ལ་བསྣུན་ཏེ་སླར། །དངོས་གྲུབ་སཱི་ཧ་འགུགས་བྱེད་འདི་རྨད་བྱུང༌། །དེའང་གང་ཞིག་ཐར་པ་དམ་པ་འདོད་པས་གཞི་ངེས་པར་འབྱུང་བ་ཚུལ་ཁྲིམས་ཀྱི་སྡོམ་པ་སྐྱེ་བ་ནས། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་བར་གྱི་བདེ་ལེགས་དང་ཡོན་ཏན་ཐམས་ཅད་བླ་མ་ཡང་དག་པའི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་འབྱུང་དགོས་ཏེ། མདོ་སྡུད་པར། སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༌། །ཞེས་གསུངས། ཁྱད་པར་སངས་རྒྱས་ཐོབ་པ་ལ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་དགོས་ཤིང༌། དེ་རྟོགས་པ་ལ་ཐབས་གཞན་གྱིས་རྙེད་པ་མ་ཡིན་པར་བླ་མའི་བྱིན་རླབས་དང་རང་ཉིད་དེ་ལ་བརྟེན་པའི་ཚོགས་བསགས་ཁྱད་པར་ཅན་བགྱིད་པར་རག་ལས་ཏེ། ཀྱེ་རྡོ་རྗེར། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དོ། །བླ་མའི་དུས་ཐབས་བསྟན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་སོགས་རྒྱུད་སྡེ་རྣམས་ལས་རྒྱ་ཆེར་འབྱུང་ངོ༌། །བླ་མ་དེའང་དབང་མ་ཐོབ་པའི་བླ་མ་ལ་གསོལ་བ་བཏབ་པས་བྱིན་རླབས་ཅུང་ཟད་རེ་འབྱུང་སྲིད་ཀྱང༌། ཚེ་འདིའམ་བར་དོ་ལ་སོགས་པར་འཚང་རྒྱ་སྟེར་མི་ནུས། བླ་མ་སངས་རྒྱས་དངོས་སུ་བལྟ་བ་ནི་གསང་སྔགས་པའི་ལུགས་ཡིན། དབང་མ་ཐོབ་ན་གསང་སྔགས་པའི་ཐ་སྙད་མི་འབྱུང་སྟེ། སོ་ཐར་གྱི་སྡོམ་པ་མ་ཐོབ་ན་དགེ་སློང་གི་དངོས་པོར་མི་འགྱུར་བ་བཞིན་ནོ། །དེས་ན་དབང་བསྐུར་བ་ཕྱིན་ཅི་མ་ལོག་པར་ཐོབ་པའི་བླ་མ་ལ་གསོལ་བ་བཏབ་ན་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་སྟེ། བླ་མ་ལྔ་བཅུ་པར། དངོས་གྲུབ་སློབ་དཔོན་རྗེས་འབྲང་བར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་སོ། །དབང་ཐོབ་པའི་བླ་མ་ལ་རང་གིས་མཐོང་ཚུལ་ཇི་ལྟར་བྱུང་ཡང་སངས་རྒྱས་དངོས་དང་དབྱེར་མེད་དུ་ཐག་བཅད་དགོས་ཏེ། བ་ཚྭ་ཆུ་ཀླུང་གི་མདོར། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་ཀྱིས་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་སྐྱེད། །ཅེས་སོ། །དེ་ལྟར་མིན་ན་མཐོང་ཚུལ་སྣ་ཚོགས་འབྱུང་བ་སྔོན་གྱི་ལོ་རྒྱུས་དག་གིས་ཀྱང་ཤེས་ཏེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། འཕགས་པ་འཇམ་དཔལ་དགེ་བའི་བཤེས་སུ་བྱོན་པ་ལ། ཁྱིམ་བཙུན་ཆོས་གོས་ཀྱིས་ཐོད་བཅིངས་ནས་ཞིང་རྨོད་པ་དང་ཆང་གིས་ར་རོ་བ་ཅན་དུ་གཟིགས་པ་དང༌། ནཱ་རོ་པས་ཏི་ལོ་པ་ཉ་གསོན་པོར་བསྲེགས་ནས་ཟ་བའི་སྨྱོན་པ་ལྟར་མཐོང་བ་སོགས་མང་དུ་བྱུང་སྟེ། དེ་དག་གིས་སླར་མོས་གུས་བསྒོམས་པ་དང་བཀའ་བཞིན་བསྒྲུབས་པས་གྲུབ་པ་བརྙེས་པ་དང༌། གཞན་ཡང་མོས་གུས་སྟོབས་ཀྱིས་བླ་མ་ལས་ཀྱང་སློབ་བུ་གྲུབ་པ་ཐོབ་སྔ་བའི་ལོ་རྒྱུས་ཀྱང་མཆིས་ཏེ། དཔལ་འབྲས་སྤུངས་པ་འབྲས་སོ་བའི་ཆར་འབེབས་ནུས་པའི་བླ་མ་བས། དེའི་ཉེ་གནས་ལོ་བཅུ་གཉིས་ཀྱི་སྔོན་དུ་འཚང་རྒྱ་སྔ་བར་བྱུང་བ་དང༌། བལ་པོའི་དཔེ་ཀ་བྷི་ཧ་རས། བླ་མ་ལས་སློབ་མ་གྲུབ་པ་ཐོབ་སྔ་བ་སོགས་རྒྱུ་མཚན་དུ་མ་འབྱུང་བ་གཞན་ལས་ཤེས་པར་བྱའོ། །དེས་ན་བླ་མའི་རྣལ་འབྱོར་བསྒོམ་པ་ནི་ལམ་ཐམས་ཅད་ཀྱི་གཞིའམ་སྙིང་པོ་ཤེས་པར་བྱས་ནས་ཉམས་སུ་བླང་བ་ལ་འབད་པར་བྱའོ། །ཇི་ལྟར་ཉམས་སུ་བླང་བའི་ཚུལ་སོ་སོའི་ལམ་གྱི་རིམ་པར་མཐུན་པའི་གསོལ་བ་གདབ་པ་ལ་མི་འདྲ་བ་མང་དུ་འབྱུང་ཡང༌། འདིར་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཁྲིད་གཞུང་གིས་དངོས་བསྟན་ཟབ་མོ་བླ་མའི་རྣལ་འབྱོར་ཉམས་ལེན་དང་མཐུན་པའི་ཡོན་ཏན་རྣམས་རྒྱུད་ལ་སྐྱེ་བར་གསོལ་བ་གདབ་པའི་ཚུལ་ལ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སོ། །དང་པོ་སྦྱོར་བ་ལ་ཉེར་བསྡོགས་དང༌། སྔོན་འགྲོ་གཉིས་ལས། དང་པོ་ནི། གནས་ཁང་གཙང་ཞིང་རྒྱན་གྱིས་བརྒྱན་པར། སྟེགས་བུ་ལ་སྒྲུབ་པའི་མཎྜལ་ཚོམ་བུ་ལྔའམ། བླ་མའི་སྐུ་བྲིས་འབུར་གང་རུང་བཀྲམ་པའི་མདུན་དུ་ཉེར་སྤྱོད་དང་མཆོད་པའི་མཎྜལ་སོགས་སྤྱི་ལྟར་བཤམ། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ། བྱིན་གྱིས་བརླབས་པའི་ནང་མཆོད་རྣམས་འདུས་བྱའོ། །གཉིས་པ་ནི། གནས་དང་ཡོ་བྱད་བྱིན་རླབས་ཆུ་གཉིས་མ་གཏོགས་ཀྱེ་རྡོ་རྗེ་ལྟར་དང༌། སྐྱབས་འགྲོ་སེམས་བསྐྱེད་ནི། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའ་ཡི་སོགས་ཚིགས་བཅད་མའམ། དེ་མི་ནུས་ན་མངོན་རྟོགས་ཀྱི་དབུ་ནས་འབྱུང་བ་ལྟར་བྱའོ། །གཉིས་པ་དངོས་གཞི་ལ། ཡུལ་བསྐྱེད་པ། ཡན་ལག་བདུན་པ་དབུལ་བ། གསོལ་བ་གདབ་པ། དབང་བླང་བའོ། །དང་པོ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་ཤེས་པའི་ངང་ནས་དོན་ཡིད་ལ་དྲན་བཞིན་པས་འདི་སྐད་བརྗོད་དོ། །མདུན་གྱི་ནམ་མཁར་མཆོད་སྤྲིན་འཁྲིགས་དབུས་སེང་ཁྲི་ཆུ་སྐྱེས་ཉི་ཟླའི་སྟེང༌། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་རྩ་བའི་བླ་མ་འཁོར་ལོའི་མགོན། །རྣམ་པ་རྡོ་རྗེ་འཆང་ཆེན་སྔོན་པོ་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །ཁྲོ་འཛུམ་སྒེག་ཅིང་ཆགས་པའི་ཉམས་ལྡན་རལ་པའི་ཐོར་ཚུགས་བཅིངས་ལྷག་གྲོལ། །དར་དང་རིན་ཆེན་རུས་པའི་རྒྱན་སྤྲས་འཕྲོ་འདུ་འོད་ཟེར་དྲྭ་བ་དཀྲིགས། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཕུང་ལྔ་ཀུན་འདུས་རྒྱལ་བ་དྲུག །ཁམས་ལྔ་རིག་མ་སྐྱེ་མཆེད་རྩ་རྒྱུས་ཚིགས་རྣམས་རྒྱལ་བའི་སྲས་ཆེན་བརྒྱད། །ཡན་ལག་རྣམ་དག་ཁྲོ་བོའི་དབང་པོ་ཡུལ་དྲུག་ལྷ་མོར་དག་པའི་བདག །དེ་མཐར་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་བསྟན་སྲུང་ནོར་ལྷའི་ཚོགས་ཀྱིས་བསྐོར། །གནས་གསུམ་རྡོ་རྗེའི་ཡི་གེ་གསུམ་མཚན་ཐུགས་ཀའི་འོད་ཀྱིས་བསྐུལ་བའི་མོད། །རང་བཞིན་གནས་ནས་ཡེ་ཤེས་པ་རྣམས་སྤྱན་དྲངས་དབྱེར་མེད་ཐིམ་པར་གྱུར། །དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་ཁྱོད། །ཐར་པའི་ལམ་སྟོན་བླ་མ་ཀུན་འདུས་དངོས། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ་ཚོགས་ཉིད། །འཇིགས་ལས་སྐྱོབ་པའི་སྐྱབས་མཆོག་གསུམ་ཡང་ཁྱོད། །བར་ཆད་ཀུན་སེལ་བསྟན་སྲུང་ཡོངས་ཀྱི་གཙོ། །དགོས་འདོད་ཀུན་སྩོལ་ནོར་ལྷ་ཀུན་གྱི་རྗེ། །ཀུན་འདུས་ཁྱོད་ཞབས་སྤངས་ནས་སྐྱབས་གཞན་ལ། །རེ་བ་སྨིག་རྒྱུའི་ཆུ་ལས་འཐུང་འདྲར་བལྟ། །གཉིས་པ་ལ་བདུན་ལས། ཕྱག་འཚལ་བའི་ཡན་ལག་ནི། བརྒྱུད་པའི་བྱིན་རླབས་དང་ལྡན་སྡོམ་པས་ཕྱུག །མདོ་སྔགས་ཀུན་མཁྱེན་མན་ངག་དུ་མས་བརྒྱན། །སྙིང་རྗེས་རྒྱུད་བརླན་སློབ་མར་ཕན་པར་འདོམས། །ཆོས་སྨྲ་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ། །དུས་གསུམ་བདེ་གཤེགས་ཡོན་ཏན་སྲིད་པའི་མཚོར། །མི་ཡི་ཟླ་གཟུགས་ལེགས་ཤར་བདེ་བ་ཆེའི། །ལྷན་སྐྱེས་ཡེ་ཤེས་སྐད་ཅིག་གཅིག་བསྐྱེད་པ། །ཆོས་ཀྱི་རྒྱལ་པོ་བླ་མ་ལ་ཕྱག་འཚལ། །སྨྲ་བ་མཁས་པ་གྲངས་མེད་སྤྲུལ་དང་མཉམ། །ཁྱོད་ཀྱི་ཡོན་ཏན་སྙན་དངགས་དམ་པའི་གླུར། །བླངས་པའི་སྒྲ་དབྱངས་འོག་མིན་བར་བཀང་སྟེ། །མངོན་པར་བསྟོད་ཀྱིན་ཕྱག་གི་ཕྲེང་བ་བརྩེགས། །རྣམ་དག་དཀྱིལ་འཁོར་བཞི་ཡི་འཛིན་མ་སོགས་ནས། བཀའ་དྲིན་མཉམ་མེད་གྲུབ་ཆེན་བུདྡྷ་ཤྲཱི། །ཀུན་དགའ་བཟང་པོ་རྣམས་ལ་ཕྱག་འཚལ་ལོ། །དཀོན་མཆོག་རྒྱལ་མཚན་ཤེས་རབ་རྒྱ་མཚོ་དང༌། །རྒྱལ་ཚབ་ཀུན་དབང་དཔལ་ལྡན་རྡོ་རྗེའི་ཞབས། །བསོད་ནམས་སེང་གེ་ཡོངས་འཛིན་དཀོན་མཆོག་འཕེལ། །སངས་རྒྱས་རིན་ཆེན་རྣམས་ལ་ཕྱག་འཚལ་ལོ། །ལྷ་མཆོག་སེང་གེ་དཀོན་མཆོག་ལྷུན་གྲུབ་ཞབས། །སངས་རྒྱས་སེང་གེ་དཀོན་མཆོག་དཔལ་ལྡན་པ། །ནམ་མཁའ་དཔལ་བཟང་ཀུན་དགའ་བཀྲ་ཤིས་དང༌། །ཀུན་དགའ་བསོད་ནམས་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་དོན་གྲུབ་ག་ག་ན་བུདྡྷ། །ཤེས་རབ་འབྱུང་གནས་དམ་ཆོས་བསམ་འགྲུབ་དང༌། །སངས་རྒྱས་ཕུན་ཚོགས་ཚུལ་ཁྲིམས་ལྷུན་གྲུབ་ཞབས། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཡང་ན། སངས་རྒྱས་ཕུན་ཚོགས་ཤེས་བྱ་བཟང་པོ་དང༌། །བཀྲ་ཤིས་ལྷུན་གྲུབ་རྣམས་ལ་ཕྱག་འཚལ་ལོ། །ཞེས་སོགས་གང་མོས་བསྒྱུར། ཞེས་བརྒྱུད་པའི་མཚན་ཕྲེང་གིས་ཕྱག་འཚལ་བའམ། མི་ནུས་ན། མདོ་རྒྱུད་བསྟན་པའི་སྙིང་པོ་ཕྱུང་བའི་བཅུད། །བདག་མེད་ཞལ་ལུང་ཚད་མ་བཞི་ལྡན་གྱི། །དབང་བསྐུར་ཟབ་ཁྲིད་བྱིན་རླབས་ལུང་གི་སྲོལ། །བརྒྱུད་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་དང༌། གང་ཞིག་སྐྱབས་སུ་ངེས་པར་བསྟེན་ཙམ་གྱིས། །ལམ་ལོག་འཇིགས་པ་ཀུན་ལས་སྐྱོབ་བྱེད་ཅིང༌། །ཉེས་མེད་སྡོམ་པ་ཡོན་ཏན་ཚོགས་བསྐྱེད་པ། །ཕྱི་ནང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཆོད་པ་འབུལ་བའི་ཡན་ལག་ནི། །གང་ལ་ཅུང་ཟད་ཕུལ་ཡང་དོན་ཆེ་བ། །འཁོར་ལོའི་མགོན་པོ་འཁོར་དང་བཅས་པ་ལ། །ཆུ་རླབས་ལག་པའི་གར་མཁན་གངྒཱ་སོགས། །མཆོད་ཡོན་ཞབས་རྡུལ་དག་བྱེད་རྒྱ་མཚོ་འབུལ། །རྐང་དྲུག་འཕུར་ལྡིང་གིས་རྩེན་གེ་སར་ཚོགས། །གད་མོ་དགོད་སྙམ་མེ་ཏོག་ཅི་ཡང་བཀྲ། །ལྷན་ཅིག་སྐྱེས་སྦྱར་དྲི་ཞིམ་ངད་པ་དག །ཞིང་ཀུན་ཁྱབ་པར་ལྡང་བ་བདུག་པའི་སྤྲིན། །སྒྲིབ་པའི་མུན་པ་ཟ་བྱེད་གླལ་བའི་ལྕེ། །འོད་ཟེར་སྟོང་འབར་སྒྲོན་མེ་ཚར་དུ་དངར། །ལྷུང་ལྷུང་འབབ་པའི་ཆབ་སྒྲ་ཡིད་འོང་ཅན། །ག་པུར་ལ་སོགས་དྲིས་བསྒོས་བྱུག་པའི་རྫིང༌། །རོ་བཅུད་ཕུན་ཚོགས་མཐོ་རིས་བདག་པོ་ལ། །སྟོབ་པར་འོས་པའི་ཞལ་ཟས་རི་བོའི་ཕྲེང༌། །དབྱངས་བདུན་སྐད་ཀྱི་འགྱུར་བ་གླུར་འཇོ་བའི། །སྒྲ་སྙན་རོལ་མོའི་བྱེ་བྲག་རྣམས་ཀྱང་འབུལ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མཆོག་བརྒྱ། །རེག་འཇམ་འདོད་ཡོན་ཕུན་སུམ་ཚོགས་དགུ་འབུལ། །ས་གཞི་ལྷུན་པོ་རི་གླིང་ལྕགས་རིར་བཅས། །ཉི་ཟླ་ལྷ་མིའི་དཔལ་གྱིས་ཕྱུར་བུར་གཏམས། །བྱེ་བ་ཕྲག་བརྒྱའི་འཇིག་རྟེན་མཎྜ་ལ། །ཡོན་གནས་མཆོག་ལ་འབུལ་གྱིས་བཞེས་སུ་གསོལ། །སྐབས་འགར་མཎྜལ་བསགས་དགོས་ཡོད་ན་སོ་བདུན་ལ་སོགས་འདིར་གསོག་གོ །སྐལ་དམན་སྔོན་གྱི་ལྷ་ཡི་ཡུལ་མིན་ཡང༌། །སྐལ་བཟངས་མི་རྨི་ཡོངས་ཀྱིས་བསྟེན་བྱ་བ། །དམ་ཚིག་སྟོབས་བསྐྱེད་མི་འཆི་བཅུད་ཀྱིས་ལེན། །དངོས་གྲུབ་འགུགས་བྱེད་བདུད་རྩིའི་རྒྱ་མཚོ་འབུལ། །འཇོ་སྒེག་འཕྲུལ་དང་རྒྱན་ཕྲེང་གླུ་གར་རྩེན། །གླིང་བུ་པི་ཝང་རྫ་རྔ་རྔ་ཟླུམ་སྒྲ། །ཉེར་སྤྱོད་མཁོ་དགུའི་ཡོ་བྱད་ཤིས་པའི་རྫས། །ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བས་མཆོད། །གཞུང་ལུགས་ཐོས་པའི་རྒྱ་མཚོར་བསམ་བསྒོམ་གྱི། །མེ་ཏོག་ཚལ་བཞད་རང་རིག་སྒྲོན་མ་གསལ། །ཚུལ་ཁྲིམས་དྲི་འཐུལ་ཡོན་ཏན་རོ་བརྒྱའི་བཤོས། །བཟླས་བརྗོད་རོལ་མོ་དོན་གྱི་མཆོད་པས་མཆོད། །ཕུན་ཚོགས་དགེ་བས་བསྐྲུན་པ་དལ་འབྱོར་རྟེན། །འབྱུང་ཁམས་མ་འཁྲུགས་བྱ་བའི་ཁུར་བཟོད་པ། །བདག་ཅག་ཁྱེད་ཀྱི་འབངས་སུ་འབུལ་ལགས་ན། །དགྱེས་པའི་ཕྲིན་ལས་གང་ཡིན་བསྒྲུབ་པར་གནང༌། །དེ་ནས་ཡན་ལག་ལྷག་མ་རྣམས་ནི། བག་མེད་ལོང་ཤོར་སེམས་ཀྱི་སྐྱེས་བུ་འདིས། །ཚིམ་མེད་ཉོན་མོངས་དུག་ལྔའི་མྱོས་ཆུ་ལ། །དབང་མེད་སྤྱད་པའི་སྡིག་སྒྲིབ་ཉེས་ལྟུང་རྣམས། །ཐོགས་མེད་གཟིགས་པའི་སྤྱན་སྔར་བཤགས་ཤིང་བསྡམ། །འཕགས་དང་སོ་སྐྱེར་གཏོགས་པ་འགྲོ་བ་ཡིས། །བསོད་ནམས་རྣམ་པར་བསགས་ལ་དགའ་བའི་བློ། །མེ་ཏོག་ཀུནྡཱའི་དགའ་ཚལ་སྟུག་པོ་ལ། །ཟླ་འོད་ཀྱིས་བཞིན་འཛུམ་ཟེར་དཀར་པོས་བསུ། །དགོངས་པ་མྱ་ངན་འདའ་ལ་ཕྱོགས་པ་དག །ཡིད་སྲུབས་རེ་བ་བསྐངས་ལ་བདག་དགའ་མེད། །འགྲོ་འདི་ལྡོངས་པར་འགོད་ན་མི་རུང་ཞེས། །རྟག་ཏུ་བཞུགས་པར་བསྐུལ་ལ་མངོན་པར་སྤྲོ། །སངས་རྒྱས་ཀུན་གྱི་ཕྲིན་ལས་རྗེས་སྐྱོང་བ། །གང་གི་དཔལ་མགུར་ཤིས་པའི་དུང་དཀར་ལས། །འཕོས་པའི་ཟབ་རྒྱས་ཆོས་ཀྱི་སྒྲ་བོ་ཆེས། །སྲིད་པའི་རིམས་ནད་སེལ་བར་གསོལ་བ་འདེབས། །འདི་ལྟར་བསྐྲུན་པའི་དགེ་བ་ཚེ་རབས་ཀུན། །སྐྱབས་མཆོག་རྗེ་བཙུན་བླ་མས་རྗེས་བཟུང་ནས། །ལུང་རྟོགས་ཡོན་ཏན་གཏེར་ལ་དབང་འབྱོར་ཞིང༌། །མཐར་ཐུག་རྡོ་རྗེ་འཆང་ས་ཐོབ་ཕྱིར་བསྔོ། །གསུམ་པ་ལ་གཉིས་ལས། ཐུན་མོང་བའི་ལམ་གྱི་གསོལ་བ་གདབ་པ་ནི། སྐུ་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་མཛོད། །ངེས་པ་ལྔ་ལྡན་གོ་འཕང་དམ་པ་ལས། །དེང་འདིར་ཐབས་མཁས་སྒྱུ་འཕྲུལ་རྣམ་པར་རོལ། །སེམས་ཅན་སྨིན་བྱེད་སུམ་ལྡན་རྡོ་རྗེ་འཛིན། །མུ་མེད་ཕྱོགས་བཅུའི་རྒྱལ་བ་མཆོད་པ་བས། །མགོན་ཁྱོད་སྐུ་ཡི་ཆ་རེར་རི་མོར་བགྱིས། །བསོད་ནམས་ལྷག་པར་ལུང་གིས་རབ་བསྔགས་པའི། །བདེན་པའི་མཆོག་དེས་བདག་དོན་ཡོངས་རྫོགས་མཛོད། །བདག་ཅག་རྣམས་ཀྱི་འབད་པ་ཆུང་ངུ་འདིས། །ཐར་པའི་ལམ་སྣ་ཟིན་དུས་མ་མཆིས་ན། །ཁྱེད་ཀྱི་ཐུགས་རྗེས་གེགས་བྲལ་ཡོན་ཏན་རྣམས། །ཡང་དག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །མཐོ་དམན་བར་མ་གང་དུ་སྐྱེས་གྱུར་ཀྱང༌། །སྡུག་བསྔལ་འགྱུར་དང་འདུ་བྱེད་སྡུག་བསྔལ་གྱིས། །རྒྱུན་ཆད་མེད་པར་རྟག་ཏུ་སྡུག་བསྔལ་བའི། །སྲིད་ལས་ཐར་འདོད་སྐྱེ་བར་བྱིན་གྱིས་རློབས། །རྙེད་དཀའ་དོན་ལྡན་དལ་འབྱོར་ཐོབ་དུས་འདིར། །ཚེ་འདིའི་ཕུན་ཚོགས་སྒྲུབ་ལ་མ་ཆགས་པར། །ལོང་མེད་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས། །དམ་ཆོས་སྙིང་ནས་སྒྲུབ་པར་བྱིན་གྱིས་རློབས། །མི་དགེའི་ལས་ལས་སྡུག་བསྔལ་ཀུན་འབྱུང་ཞིང༌། །དགེ་ལས་བདེ་བ་འབྱུང་བར་ཡིད་ཆེས་ནས། །ལུང་མ་བསྟན་ཡང་དགེ་བར་ཁ་བསྒྱུར་ཏེ། །བླང་དོར་ཚུལ་བཞིན་ནུས་པར་བྱིན་གྱིས་རློབས། །ཐོག་མེད་དུས་ནས་བདག་གི་མར་བྱས་ཤིང༌། །ཕན་མང་བཏགས་པའི་མཁའ་མཉམ་སེམས་ཅན་རྣམས། །བདེ་བར་འདོད་དང་སྡུག་བསྔལ་བསལ་འདོད་ཀྱི། །བྱམས་དང་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་ནུས་པའི། །དེད་དཔོན་བླ་མེད་རྫོགས་པའི་བྱང་ཆུབ་ཆེ། །བདག་གིས་ཐོབ་ནས་འགྲོ་ཀུན་སྲིད་མཚོ་ལས། །སྒྲོལ་འདོད་སྨོན་སེམས་འབྱོངས་པར་བྱིན་གྱིས་རློབས། །བྱང་ཆུབ་གེགས་དང་སྡུག་བསྔལ་ཀུན་གྱི་གཞི། །རང་ཉིད་གཅེས་འཛིན་འགོང་པོ་འདུལ་བའི་ཕྱིར། །བདག་གཞན་མཉམ་བརྗེའི་བྱང་སེམས་འབྱོངས་པ་དང༌། །རྒྱལ་སྲས་སྤྱོད་ལ་སློབ་པར་བྱིན་གྱིས་རློབས། །རྣམ་རྟོག་མཚན་མ་མེད་པའི་ཞི་གནས་དང༌། །བདག་མེད་གནས་ལུགས་ཤེས་པའི་ལྷག་མཐོང་གཉིས། །མི་འབྲལ་ཟུང་དུ་འབྲེལ་བའི་རྣལ་འབྱོར་གྱིས། །བདག་འཛིན་ཉོན་མོངས་ཞི་བར་བྱིན་གྱིས་རློབས། །ཐུན་མོང་ལམ་གྱི་རིམ་པ་མཐར་ཕྱིན་ནས། །ཟབ་མོའི་དོན་ལ་ངེས་པ་སྐྱེ་བ་དང༌། །འབྲས་བུའི་ཡོན་ཏན་ཐོས་པས་ཡིད་སྤྲོ་སྟེ། །བརྩོན་པས་མྱུར་ལམ་འཚོལ་བར་བྱིན་གྱིས་རློབས། །ཐེག་ཆེན་ཐུན་མོང་མིན་པའི་སྐྱབས་འགྲོ་དང༌། །སྨོན་འཇུག་སེམས་བསྐྱེད་སྡོམ་པས་རྒྱུད་སྦྱངས་ཏེ། །རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །གསང་ཆེན་ལམ་དུ་འཇུག་པར་བྱིན་གྱིས་རློབས། །ཐུན་མོང་མ་ཡིན་པའི་ལམ་གྱི་གསོལ་བ་གདབ་པ་ནི། དྲན་པ་ཙམ་ནས་ཕན་བདེ་ཀུན་སྩོལ་བ། །དྲིན་ཆེན་རྩ་བའི་བླ་མ་རྡོ་རྗེ་འཆང༌། །སྐྱབས་གནས་ཀུན་འདུས་ཞབས་ལ་གསོལ་བ་འདེབས། །དབང་དང་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ལུས་ལ་བུམ་པའི་དབང་མཆོག་སྩལ་དུ་གསོལ། །ངག་ལ་གསང་བའི་དབང་མཆོག་སྩལ་དུ་གསོལ། །སེམས་ལ་གསུམ་པའི་དབང་མཆོག་སྩལ་དུ་གསོལ། །རླུང་ལ་བཞི་པའི་དབང་མཆོག་སྩལ་དུ་གསོལ། །རྣམ་དག་དབང་གི་ཆོ་ག་ལས་ཐོབ་པའི། །མཉམ་རྗེས་བཟའ་བསྲུང་མི་འབྲལ་དམ་ཚིག་རྣམས། །འབད་རྩོལ་དྲག་པོས་བསྲུང་སྡོམ་ནུས་པ་དང༌། །ཉེས་ལྟུང་དྲི་མ་མེད་པར་བྱིན་གྱིས་རློབས། །གསལ་སྟོང་ཟུང་འཇུག་རྒྱུ་ཡི་ལྷན་སྐྱེས་དང༌། །བསྐྱེད་རྫོགས་ཡེ་ཤེས་ལམ་གྱི་ལྷན་སྐྱེས་ཆེ། །སྤྲུལ་ཆོས་ལོངས་སྐུ་འབྲས་བུའི་ལྷན་སྐྱེས་རྣམས། །དབྱེར་མེད་སེམས་ཉིད་རྟོགས་པར་བྱིན་གྱིས་རློབས། །རྨི་ལམ་ཡུལ་གྱི་སྣང་བ་ཇི་སྙེད་པ། །སྣང་མཁན་སེམས་ལས་ལོགས་ན་མེད་པ་ལྟར། །ལས་ཉོན་བག་ཆགས་བརྟས་པའི་ཕྱི་རོལ་གྱི། །སྣང་བ་སེམས་སུ་རྟོགས་པར་བྱིན་གྱིས་རློབས། །སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་གླང་རྣམས། །སྣང་ཙམ་ཉིད་ནས་ངོ་བོས་སྟོང་པ་ལྟར། །རང་སེམས་འཁྲུལ་པའི་སྣང་བ་སྣ་ཚོགས་པ། །སྣང་སྟོང་སྒྱུ་མར་རྟོགས་པར་བྱིན་གྱིས་རློབས། །ས་བོན་མི་རྟག་མྱུ་གུར་འཕོ་མིན་ཡང༌། །མྱུ་གུ་མི་འཆད་སྐྱེ་བར་སྣང་བ་ལྟར། །ཆོས་ཀུན་སྐྱེ་མེད་དབྱིངས་ལས་སྐྱེ་བར་སྣང༌། །རྟེན་འབྲེལ་ཟབ་མོ་རྟོགས་པར་བྱིན་གྱིས་རློབས། །ལོངས་སྤྱོད་རླབས་ཀྱི་བདེ་བ་མྱོང་བ་ལྟར། །སེམས་དང་སྒྱུ་མ་རྟེན་འབྲེལ་འགལ་མེད་དུ། །ཉམས་སུ་མྱོང་ཡང་ཡོད་མེད་ལས་འདས་པའི། །བརྗོད་བྲལ་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །དངོས་ཀུན་བྱེད་པོ་གཞན་མེད་སེམས་ཉིད་སྣང༌། །སྣང་ཙམ་རང་སྟོང་སྣ་ཚོགས་རྐྱེན་གྱིས་སྐྱེ། །སྐྱེ་མེད་ལས་སྐྱེ་འགག་མེད་ཉམས་སུ་མྱོང༌། །མྱོང་སྟོང་བརྗོད་མེད་རྟོགས་པར་བྱིན་གྱིས་རློབས། །འཁོར་འདས་ཚང་བ་ཀུན་གཞི་རྒྱུ་ཡི་རྒྱུད། །སྨིན་གྲོལ་ཉམས་མྱོང་ཟུང་འཇུག་ཐབས་ཀྱི་རྒྱུད། །ལྷུན་གྲུབ་གནས་གྱུར་འགལ་མེད་འབྲས་བུའི་རྒྱུད། །དབྱེར་མེད་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །སྐུ་ཡི་རྡོ་རྗེ་སྤྲུལ་སྐུའི་ངོ་བོ་ཉིད། །སྒྲོ་འདོགས་ཡོངས་གཅོད་ཕྱི་ཡི་བླ་མ་ལ། །གསོལ་བ་འདེབས་སོ་ལུས་ལ་བུམ་དབང་སྩོལ། །བསྐྱེད་རིམ་ལམ་བཟང་གོམས་པར་བྱིན་གྱིས་རློབས། །ངོ་བོ་ཉིད་གསུམ་ལྟ་བ་རྟོགས་པ་དང༌། །འཁོར་འདས་དབྱེར་མེད་གྲུབ་མཐའ་སྙོགས་པར་ཤོག །ཚེ་འདིར་གྲུབ་མཐའ་སྙོགས་པར་མ་ནུས་ན། །གོང་ནས་གོང་དུ་འཕོ་བ་ཐེབས་པར་ཤོག །གལ་ཏེ་འཕོ་བའི་རྣལ་འབྱོར་མ་ཐེབས་ན། །ལྷ་སེམས་དབྱེར་མེད་བར་དོའི་གདམས་ངག་ལ། །བརྟེན་ནས་རིག་འཛིན་མཁའ་སྤྱོད་སོགས་གྲུབ་སྟེ། །སྤྲུལ་སྐུ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །གསུང་གི་རྡོ་རྗེ་ལོངས་སྐུའི་ངོ་བོ་ཉིད། །རང་བྱུང་སྟོན་མཛད་ནང་གི་བླ་མ་ལ། །གསོལ་བ་འདེབས་སོ་ངག་ལ་གསང་དབང་སྩོལ། །གཏུམ་མོའི་ལམ་བཟང་གོམས་པར་བྱིན་གྱིས་རློབས། །རང་བྱུང་རྣམ་བཞིའི་ལྟ་བ་རྟོགས་པ་དང༌། །མ་འདྲེས་ཡོངས་རྫོགས་གྲུབ་མཐའ་སྙོགས་པར་ཤོག །ཚེ་འདིར་གྲུབ་མཐའ་སྙོགས་པར་མ་ནུས་ན། །འོད་གསལ་དབྱིངས་སུ་འཕོ་བ་ཐེབས་པར་ཤོག །གལ་ཏེ་འཕོ་བའི་རྣལ་འབྱོར་མ་ཐེབས་ན། །གསལ་ལ་རྟོག་མེད་བར་དོའི་གདམས་ངག་ལ། །བརྟེན་ནས་རིག་འཛིན་མཁའ་སྤྱོད་སོགས་གྲུབ་སྟེ། །ལོངས་སྐུ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཐུགས་ཀྱི་རྡོ་རྗེ་ཆོས་སྐུའི་ངོ་བོ་ཉིད། །ལྷན་སྐྱེས་སྟོན་མཛད་གསང་བའི་བླ་མ་ལ། །གསོལ་བ་འདེབས་སོ་སེམས་ལ་གསུམ་པ་སྩོལ། །ཕོ་ཉའི་ལམ་བཟང་གོམས་པར་བྱིན་གྱིས་རློབས། །ལྷན་སྐྱེས་དགའ་བའི་ལྟ་བ་རྟོགས་པ་དང༌། །བདེ་སྟོང་ཆུང་ངུའི་གྲུབ་མཐའ་སྙོགས་པར་ཤོག །ཚེ་འདིར་གྲུབ་མཐའ་སྙོགས་པར་མ་ནུས་ན། །རྡོར་སེམས་འབྱོན་པའི་འཕོ་བ་ཐེབས་པར་ཤོག །གལ་ཏེ་འཕོ་བའི་རྣལ་འབྱོར་མ་ཐེབས་ན། །ལྷན་སྐྱེས་བདེ་བ་བར་དོའི་གདམས་ངག་ལ། །བརྟེན་ནས་རིག་འཛིན་མཁའ་སྤྱོད་སོགས་གྲུབ་སྟེ། །ཆོས་སྐུ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །སྙིང་པོ་རྡོ་རྗེ་ངོ་བོ་ཉིད་སྐུའི་དངོས། །དེ་ཉིད་སྟོན་མཛད་མཐར་ཐུག་བླ་མ་ལ། །གསོལ་བ་འདེབས་སོ་རླུང་ལ་བཞི་པ་སྩོལ། །དབའ་རླབས་ལམ་བཟང་གོམས་པར་བྱིན་གྱིས་རློབས། །ཤིན་ཏུ་རྣམ་དག་ལྟ་བ་རྟོགས་པ་དང༌། །བདེ་སྟོང་ཆེན་པོའི་གྲུབ་མཐའ་སྙོགས་པར་ཤོག །ཚེ་འདིར་གྲུབ་མཐའ་སྙོགས་པར་མ་ནུས་ན། །ཕྱག་ཆེན་ལམ་ནས་འཕོ་བ་ཐེབས་པར་ཤོག །གལ་ཏེ་འཕོ་བའི་རྣལ་འབྱོར་མ་ཐེབས་ན། །བདེ་སྟོང་མཆོག་ཡེ་བར་དོའི་གདམས་ངག་ལ། །བརྟེན་ནས་རིག་འཛིན་མཁའ་སྤྱོད་སོགས་གྲུབ་སྟེ། །བདེ་སྐུ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །མདོར་ན་རྟེན་དང་བརྟེན་པར་གནས་གྱུར་གྱི། །སྐུ་ལྔ་ལྷུན་གྲུབ་ཟུང་འཇུག་རྡོ་རྗེ་འཆང༌། །ཆེ་བ་གསུམ་ལྡན་བདག་གིས་ལེགས་ཐོབ་ནས། །མཁའ་མཉམ་འགྲོ་ལ་ཆོས་འཁོར་བསྐོར་བར་ཤོག །འགྲོ་ཀུན་ངེས་འབྱུང་ཚུལ་ཁྲིམས་རྣམ་དག་ཅིང༌། །བརྩེ་དང་བྱང་སེམས་གཉིས་སུ་མེད་བློ་ལྡན། །གསང་ཆེན་ལམ་གྱི་རིམ་པ་མཐར་ཕྱིན་ཏེ། །སྐུ་དང་ཡེ་ཤེས་ཕྲིན་ལས་རྒྱས་པར་ཤོག །བཞི་པ་ལ་གཉིས་ལས། དབང་བླང་བ་ནི། དེ་ལྟར་གསོལ་བ་བཏབ་པས་འཁོར་གྱི་ཚོགས། །འོད་ཟེར་རྣམ་པས་འཁོར་ལོའི་མགོན་པོར་ཐིམ། །རྗེ་བཙུན་བླ་མའི་གསང་གསུམ་ཡི་གེ་ལས། །དཀར་དམར་མཐིང་གསུམ་རིམ་དང་ཅིག་ཅར་བྱུང༌། །བདག་གི་སྒོ་གསུམ་རིམ་དང་ཅིག་ཅར་ཐིམ། །དབང་ཐོབ་སྒྲིབ་སྦྱངས་སྐུ་བཞིའི་ས་བོན་བཞག །མགོན་དེ་ཚུར་བྱོན་བདག་གི་ཚངས་སྒོ་ནས། །སྙིང་གི་ཆུ་སྐྱེས་ལྟེ་བར་དཀར་དམར་ཁམས། །ཟླ་བ་ཉི་གདན་ལ་བཞུགས་བྱིན་རློབ་ཅིང༌། །རྟག་ཏུ་མགོན་སྐྱབས་དཔུང་གཉེན་མཛད་པར་གྱུར། །དེ་ཁོ་ན་ཉིད་ལ་བློ་བཞག་པ་ནི། དད་པ་དང་མོས་པ་རྩེ་གཅིག་པའི་ངང་ལ་མཉམ་པར་བཞག་སྟེ། སེམས་གསལ་སྟོང་ཟུང་འཇུག་གསུམ་དབྱེར་མི་ཕྱེད་པའི་གནས་ལུགས་དོན་གྱི་བླ་མ་སྐུ་བཞིའི་བདག་ཉིད་ཅན་གྱི་རང་ཞལ་མཐོང་བའི་ངང་ལ་མ་བཅོས་པར་བཞག་གོ །གསུམ་པ་རྗེས་ནི། དེ་ལས་ལྡང་བ་ན། འདི་བགྱིས་དགེ་བས་བདག་སོགས་སེམས་ཅན་ཀུན། །དངོས་གྲུབ་འབྱུང་གནས་བླ་མ་ལྷག་པའི་ལྷ། །དབྱེར་མེད་དད་གསུམ་སྒོ་ནས་མཉེས་བྱེད་ཅིང༌། །དབང་དང་དངོས་གྲུབ་རྟག་ཏུ་ལེན་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས་ཀྱིས་བསྔོ་བ་སྨོན་ལམ་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ།།  ༈  །།ཡང་གལ་ཏེ་བླ་མ་མཆོད་པའི་ཆོ་ག་མི་བྱེད་པར་རྒྱུན་པར་ཆག་མེད་ལྟ་བུ་ལ། ཤིན་ཏུ་ཟབ་པ་བླ་མའི་རྣལ་འབྱོར་ལམ་འབྲས་ཁྲིད་གཞུང་ནས་འབྱུང་བའི་དོན་ཉམས་སུ་ལེན་པར་འདོད་པས། རྣལ་འབྱོར་ཕལ་ཆེར་གོང་མ་དེ་ཉིད་གཞིར་བཞག་ནས། འདིར་མི་འདྲ་བའི་དབྲི་བསྣན་གྱི་ཁྱད་པར་བརྗོད་པར་བྱ་སྟེ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་གོང་བཞིན་བྱས། དངོས་གཞི་བསྐྱེད་ཆོག་གི་སྐབས་ཀྱི་བརྗོད་པ། རང་གི་སྤྱི་བོར་རིན་ཆེན་རང་བཞིན་སེང་ཁྲི་ཆུ་སྐྱེས་ཉི་ཟླའི་སྟེང༌། །ཞེས་སོགས་ནས། ཡུལ་དྲུག་ལྷ་མོར་དག་པའི་བདག །ཅེས་པའི་བར་འདྲ། དེའི་རྗེས་ཐོགས་སུ། གནས་གསུམ་རྡོ་རྗེའི་ཡི་གེ་གསུམ་མཚན་སོགས་དང་སྦྲེལ་ཏེ། མངོན་པར་བསྟོད་ཀྱིན་ཕྱག་གི་ཕྲེང་བ་བརྩེགས་ཞེས་པའི་བར་བརྗོད། དེའི་རྗེས་སུ་མཆོད་པའི་ཡན་ལག་རྒྱས་པར་ན། གང་ལ་ཅུང་ཟད་ཕུལ་ཡང་དོན་ཆེ་བ་སོགས་གོང་བཞིན་བརྗོད། དེ་ཙམ་མི་ནུས་ན། གཞུང་ལུགས་ཐོས་པའི་རྒྱ་མཚོར་བསམ་བསྒོམ་ཞེས་སོགས་དང་སྦྲེལ་ཏེ། གསང་ཆེན་ལམ་དུ་འཇུག་པར་བྱིན་གྱིས་རློབས། །ཞེས་པའི་བར་འདྲ། དེའི་རྗེས་ཐོགས་སུ། དྲན་པ་ཙམ་གྱིས་ཕན་བདེ་ཀུན་སྩོལ་བ། །ཞེས་པ་དེ་མི་བརྗོད་པར། དེའི་ཚབ་ཏུ། སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེངས་སུ། །ཞེས་པ་ཙམ་བསྒྱུར། དེ་མན་ཆད་ནས། སྐུ་དང་ཡེ་ཤེས་ཕྲིན་ལས་རྒྱས་པར་ཤོག །ཅེས་པའི་བར་འདྲ་བར་བརྗོད། དེ་ནས་དབང་བླང་བ་ནི། དེ་ལྟར་གསོལ་བཏབ་འཁོར་ལོའི་མགོན་པོ་གང༌། །འོད་ཕུང་བདེ་བ་ཆེན་པོའི་རྣམ་རོལ་གྱིས། །བདག་གི་ལུས་ངག་ཡིད་དང་རོ་གཅིག་འདྲེས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབང་བཞི་ཐོབ། །སྒོ་གསུམ་སྒྲིབ་པ་བག་ཆགས་བཅས་སྦྱངས་ནས། །སྐུ་བཞི་ཡེ་ཤེས་ལྔ་ལྡན་མངོན་དུ་བྱས། །དེ་ཁོ་ན་ཉིད་ལ་བློ་བཞག་པ་ནི། སེམས་ཁོང་ལྷོད་ཀློད་ལ་དུས་གསུམ་གྱི་རྟོག་པའི་རྒྱུ་འགྲུལ་ཐམས་ཅད་བཅད་དེ་མཉམ་པར་བཞག དེའང་སེམས་ཀྱི་གཤིས་ཅིར་ཡང་མ་གྲུབ་པ་ཆོས་སྐུ། གདངས་གང་དུའང་མ་འགགས་པ་ལོངས་སྐུ། རྩལ་མོས་གུས་སུ་དུང་ངེ་བ་སྤྲུལ་སྐུ། བསྒོམ་བྱ་སྒོམ་བྱེད་དང་བྲལ་བ་ངོ་བོ་ཉིད་ཀྱི་སྐུར་ཤེས་པའི་གསལ་སྟོང་འཛིན་མེད་ཀྱི་ངང་དུ་སིང་ངེ་བཞག་གོ །རྗེས་དེ་ལས་ལྡང་བ་ན། འདི་བགྱིས་དགེ་བས་ཞེས་སོགས་བསྔོ་བ་སྨོན་ལམ་གོང་བཞིན་བརྗོད་དོ།།  །།ཡང་སྔོན་ཆད་གསུང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་ཁྲིད་སྨིན་རྒྱས་ཐོབ་པའི་གང་ཟག་དེའི་དམིགས་པ་རྣམས་ཉམས་སུ་ལེན་པར་འདོད་པས། བླ་མ་དང་རང་སེམས་བསྲེས་པ་དེའི་ངང་ལས། སྐད་ཅིག་གིས་ཀྱེ་རྡོ་རྗེ་རྟེན་བརྟེན་པར་བཅས་མན་ངག་ལྟར་གསལ་བཏབ་ནས། དངོས་གཞིའི་དམིགས་པ་གང་ཡིན་ཉམས་སུ་བླངས་ནས། རྗེས་བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ་པ་རྣམས་གཞུང་བཞིན་བྱ་བ་ཡིན་ནོ། །དེ་ལྟར་བཤད་པ་དེ་དག་ལས་རང་གང་མོས་པའི་རྣལ་འབྱོར་ཏེ་ཉམས་སུ་བླངས་ན་རྒྱུད་ལ་ཚོགས་གཉིས་མྱུར་དུ་རྫོགས་ཤིང་བླ་མའི་བྱིན་རླབས་འཇུག་པ་སོགས་དལ་འབྱོར་ལ་སྙིང་པོ་མཆོག་བླངས་པར་འགྱུར་བ་ནི་མི་བསླུ་བ་སྟེ། བདེ་མཆོག་ལས། དེ་ནས་དངོས་པོ་ཀུན་གྱིས་ནི། །དང་པོར་སློབ་དཔོན་མཉེས་པར་བྱ། །གྲུབ་འདོད་ཀུན་ཏུ་མཉམ་བཞག་པས། །ཅི་ནུས་པས་ནི་བླ་མ་མཆོད། །ཅེས་དང༌། ཅིའི་ཕྱིར་སྙམ་ན། གསང་བ་འདུས་པར། དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་གི་ཐོབ་པར་འགྱུར། །གང་ཞིག་བསྐལ་པ་བྱེ་བར་ནི། །བརྒྱ་ཕྲག་ཏུ་ཡང་རྙེད་དཀའ་བ། །དེ་ཉིད་སངས་རྒྱས་བརྩོན་ལྡན་ལ། །སྐྱེ་བ་འདི་ལ་སྩོལ་བར་མཛད། །ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་རྣམས་རྗེས་སུ་དྲན་ཅིང་ཉམས་སུ་བླངས་པས་རང་དང་གཞན་གྱི་དོན་ཆེན་པོ་འགྲུབ་པ་ནི་ངེས་པའོ། །སྨྲས་པ། གྲངས་མེད་བསྐལ་པར་ཕ་རོལ་ཕྱིན་བཅུ་ཡིས། །བསྒྲུབ་བྱར་བསྟན་པའི་གཏམ་གྱིས་ཡིད་གདུང་ཚེ། །གང་གི་དྲིན་གྱིས་མི་རིང་ཕྱག་རྒྱ་ཆེ། །འགྲུབ་པའི་ལམ་བཟང་རྙེད་དེ་སྐལ་བ་བཟང༌། །རྒྱལ་ཀུན་མཛད་པ་བདག་ལ་སྒྲུབ་བྱེད་པོ། །རྡོ་རྗེ་སློབ་དཔོན་སྐུ་དྲིན་ཆེ་བའི་ལྗིད། །འདེགས་པར་མ་བཟོད་ཆུ་གཏེར་བྱིང་བའི་ས། །ཆེན་པོ་ཁབ་སྤུ་ལྡན་པའི་འཇུག་པས་བཏེག །མོས་གུས་ཡུལ་ནི་བསླུ་བའི་སྐྱབས་གནས་མིན། །བསྒོམ་ཚུལ་མན་ངག་མི་ལྡན་རང་བཟོ་མིན། །རྒྱུད་ལ་བསྐྱེད་བྱ་འཁོར་བའི་ཕུན་ཚོགས་མིན། །དེ་ཕྱིར་རྣལ་འབྱོར་འདི་ལ་གུས་པར་རིགས། །དོན་གཉིས་མཐར་སོན་ཆོས་གཟུགས་སྐུ་ཡི་རྒྱུ། །ཟབ་རྒྱ་ཆེ་ཚོགས་ཆུ་གཏེར་ཆེན་པོ་ཡང༌། །བླ་མ་ལ་བསྟེན་ཚེ་གཅིག་རྫོགས་བྱེད་པའི། །མཆོད་ཚུལ་སྤྲིན་ཆེན་སྐལ་བཟང་མཁའ་ལ་དཀྲིགས། །རྣམ་དཀར་དགེ་བའི་འབྲས་བུ་བདག་གཞན་ཀུན། །ཀུན་ཏུ་མི་དགེའི་བཤེས་ཀྱིས་མི་བསླུ་ཞིང༌། །ཞིང་གི་དམ་པ་བླ་མ་ལྷ་རུ་ཤེས། །ཤེས་བྱ་ཀུན་མཁྱེན་རྒྱལ་པོའི་རྒྱུར་བསྔོའོ། །ཞེས་གསུང་ངག་རིན་པོ་ཆེའི་ཟབ་མོ་བླ་མའི་རྣལ་འབྱོར་མཆོད་པའི་ཆོ་ག་དང་བཅས་པ་ཚོགས་གཉིས་ཆུ་གཏེར་རྫོགས་པའི་སྤྲིན་ཆེན་ཞེས་བྱ་བ་འདི་ནི། གཙུག་ལག་ཟུང་གི་མཁྱེན་ཡངས་དགེ་སློང་དཀོན་མཆོག་དཔལ་ལྡན་གྱིས་བསྐུལ་ངོར། རྗེ་བཙུན་ཨེ་ཝཾ་པ་ཆེན་པོའི་ཆོས་ཀྱི་རྒྱལ་ཐབས་སྐྱོང་བའི་མཁན་པོ་ཆེན་པོ་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ་ཞལ་སྔ་ནས་ཀྱིས་མཚོན། ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་མཚུངས་པ་མེད་པ་རྣམས་ཀྱི་ལེགས་བཤད་ཀྱི་བདུད་རྩིས་འཚོ་བའི་བནྡེ་ཚུལ་ཁྲིམས་རིན་ཆེན་དུ་བོད་པས། རྗེ་བཙུན་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་གསུང་ངག་རིན་པོ་ཆེའི་དམིགས་རིམ་གྱི་གསོལ་འདེབས་ཟབ་དོན་སྙིང་པོ་གཞིར་གཞག དེར་མི་གསལ་བ་རྣམས་ཁྲིད་གཞུང་གིས་ཁ་བསྐངས་ཏེ་ཉམས་སུ་བླང་བདེ་བར་སྐྱེ་དགུའི་བདག་པོའི་ལོར། ས་དཀར་བསམ་འགྲུབ་གླིང་དུ་བྲིས་པ་ཕྱོགས་ཐམས་ཅད་དུ་དགེ་ལེགས་འཕེལ་བར་གྱུར་ཅིག།  །། 

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*