ཀུན་བཟང་བླ་མའི་རྣལ་འབྱོར་བྱིན་རླབས་བདུད་རྩི་འབྱུང་བའི་ཟླ་བ།

༼ག༽༄༅། །ཨདྷིཥྛནཱམྲྀཏོདྦྷཝསྱེནྡུརྣཱམཱནནྡབྷདྲགུརོརྻོགོབིཧརཏིསྨ།། 

༄༅། །ཀུན་བཟང་བླ་མའི་རྣལ་འབྱོར་བྱིན་རླབས་བདུད་རྩི་འབྱུང་བའི་ཟླ་བ་ཞེས་བྱ་བ་བཞུགས།། རྒྱལ་བའི་རྒྱལ་ཚབ་ཆེན་པོ་རྗེ་བཙུན་ཀུན་དགའ་བཟང་པོའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འདིར་གང་ཟག་དད་པ་དང་ལྡན་ཞིང་རང་གཞན་ཐམས་ཅད་ལེགས་པའི་ལམ་དུ་འགོད་པར་འདོད་པ་དག་གིས། རྒྱལ་བས་ལུང་བསྟན་པའི་རྒྱལ་ཚབ་ཆེན་པོ་རྗེ་བཙུན་ཀུན་དགའ་བཟང་པོའི་བླ་མའི་རྣལ་འབྱོར་ཐུན་མོང་གི་འགྲོ་བའི་སྣང་ཚུལ་དང་མཐུན་པར་ཉམས་སུ་ལེན་པའི་ཚུལ་ནི། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་སྔོན་འགྲོ་ནི་གནས་དབེན་པར་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས། ངག་ཏུ། མཁྱེན་བརྩེ་དང་ནུས་ལྡན། །རྫོགས་པ་ཡི་སངས་རྒྱས། །ལུང་རྟོགས་ཀྱི་དམ་ཆོས། །དགེ་འདུན་དང་བཅས་པ། །ཀུན་འདུས་ཀྱི་བདག་ཉིད། །དགའ་བདེ་ཡི་དཔལ་སྟེར། །མཁས་བཙུན་དང་བཟང་པོ་ཡི། །རྩེ་མོ་ལ་སྐྱབས་འགྲོ །ཞེས་པ་ལན་གསུམ་གྱིས་སྐྱབས་འགྲོ་དང༌། དེ་ནས། གཞན་དོན་དུ་དམ་པའི། །བྱིན་རླབས་དག་གཞུག་ཕྱིར། །ཐུན་མོང་དུ་སྣང་བའི། །སྤྲུལ་སྐུ་ཡི་གཞའ་རིས། །ཀ་ཕྲེང་དང་ཨ་ཕྲེང༌། །པིར་རྩེ་དག་བསྒྱུར་ནས། །དད་གསུམ་གྱི་རིན་ཆེན། །རྩིག་ངོས་སུ་འདྲིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད་ནས། གཉིས་པ་དངོས་གཞི་ལ་ཡུལ་གསལ་གདབ་པ། བསྟོད་ཅིང་གསོལ་བ་འདེབས་པ། ཟུང་འཇུག་ཏུ་མཉམ་པར་གཞག་པ་སྟེ་གསུམ་ལས། དང་པོ་ནི། ཀ་བ་ལ་མ་བརྟེན། །མོས་གུས་ཀྱི་ཁང་པར། །ཁ་ལྔ་པས་བཏེག་པའི། །རིན་ཆེན་གྱི་བཞུགས་ཁྲི། །ག་ལ་བ་དེ་ན། །པད་ཟླ་ཡི་གདན་ལ། །ང་ཅག་གི་འདྲེན་མཆོག །ཨེ་ཝཾ་པ་བཞུགས་སོ། །ཅ་ཅོ་ཡིས་མ་ཕྲོགས། །ཏིང་འཛིན་གྱི་སྐུ་ནི། །ཆ་ལུགས་སུ་པཎ་ཞྭ། །ཟླུམ་པོ་ཡི་ཅོད་པཎ། །ཇ་ཧོང་གི་མདངས་ལྡན། །ཆོས་གོས་ནི་གསུམ་མཛེས། །ཉ་གང་གི་ཟླ་བའི། །ཞལ་འཛུམ་ནི་མེ་རེ། །ཏ་ཐཱ་ག་ཏ་དང༌། །རྗེས་མཐུན་གྱི་དམ་ཆོས། །ཐ་དད་ཀྱི་སྐད་དུ། །འཆད་པ་ཡི་ཕྱག་རྒྱ། །ད་ལྟ་ཡང་གནས་གསུམ། །འབྲུ་གསུམ་གྱི་རྡོ་རྗེས། །ན་རྒ་སོགས་མེད་པའི། །གོ་འཕང་ལ་བཞུགས་སོ། །པ་ཏྲ་ལྟར་འཁྱུག་པའི། །འོད་ཟེར་སྟོང་འཕྲོ་བའི། །ཕ་གཅིག་གི་བླ་མ། །རྩེ་གཅིག་ཏུ་བསམས་ནས། །བ་མོ་ལྟར་འདོད་འཇོར། །རུང་བ་ཡི་ཡིད་སྤྲུལ། །མ་ཚང་བར་མེད་པའི། །མཆོད་སྤྲིན་གྱིས་མཆོད་དོ། །ཞེས་པས་གསལ་བཏབ་བོ། །གཉིས་པ་ནི་སྐབས་འདིར་མདོ་རྒྱུད་ཀུན་གྱི་རྒྱ་མཚོ་སོགས་ཤླཽ་ཀ་གཅིག་པོ་དེ་ཚར་གང་མང་དུ་བརྗོད་པས་བསྟོད་པའི་མཐར། ཙཀྲ་ཡིས་མཚན་པའི། །ཞབས་བསྙེན་པ་བདག་ལ། །ཚ་གྲང་སོགས་ངན་འགྲོའི། །སྐྱེ་སྒོ་རྣམས་བཅད་དེ། །ཛ་ཡ་ཀུན་འདུས་པའི། །གསང་གསུམ་གྱི་བྱིན་རླབས། །ཝ་ཡུར་གྱི་ནང་གི །ཆུ་རྒྱུན་ལྟར་སྩོལ་ཅིག །ཞྭ་གོས་ཙམ་མ་ཟད། །ཐམས་ཅད་ནས་ཁྱོད་འདྲར། །ཟ་ཆོག་པ་བདག་ཀྱང༌། །དེ་འདྲ་ཉིད་བྱིན་རློབས། །འ་ཅག་གི་སེམས་དང༌། །དབྱེར་མེད་དུ་སིམ་ནས། །ཡ་མཚན་གྱི་ལྟད་མོ། །བལྟར་མེད་དེ་མཐོང་མཛོད། །ཅེས་གསོལ་བ་གདབ་བོ། །གསུམ་པ་ནི་དེ་ལྟར་གསོལ་བ་བཏབ་པའི་རྐྱེན་གྱིས། བླ་མ་དེ་ཐུགས་དགྱེས་བཞིན་པས་འོད་ཟེར་འཇའ་ཚོན་ལྟ་བུའི་རྣམ་པར་ཞུ་སྟེ་རང་གི་སྤྱི་བོ་ནས་ཐིམ་པས། བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་དང༌། རང་གི་ལུས་ངག་ཡིད་ཡོན་ཏན་བྱ་བྱེད་དང་བཅས་པ་དབྱེར་མེད་རོ་གཅིག་ཏུ་གྱུར་པར་བསམས་ལ། སེམས་ཁོང་ལྷོད་གློད་ནས་དུས་གསུམ་གྱི་རྟོག་པའི་རྒྱུ་འགྲུལ་ཐམས་ཅད་བཅད་དེ། སེམས་ཀྱི་གཤིས་ཅི་ཡང་མ་ཡིན་པ། གདངས་གང་དུ་ཡང་མ་འགགས་པ། རྩལ་མོས་གུས་སུ་དུང་ངེ་བར་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་གསལ་སྟོང་འཛིན་མེད་ཀྱི་ངང་དུ་སིང་ངེ་བཞག སེམས་འཕྲོ་ན་སླར་ཡང་ཆུ་ལས་ཆུ་བུར་རྡོལ་བ་བཞིན་དུ་རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་སྔར་བཞིན་དུ་གསལ་བར་བཞུགས་པར་བསམས་ལ་མོས་གུས་རྩེ་གཅིག་པས། «ཉི་མ་་་་་་»ར་བི་ལྟར་ལྷམ་མེར། །སྙིང་གི་དཀྱིལ་བཞུགས་ནས། །ལ་ཀླུང་སོགས་གར་ཕྱིན། །དེ་དེ་ཡི་འགྲོ་བ། །ཤ་ཟ་དང་སྲིན་པོའི། །སེམས་འདྲ་ཡང་ཞི་ཞིང༌། །ས་བོན་དུ་དགེ་བའི། །རྩ་བའི་ཉིད་ཐེབས་མཛོད། །ཧ་ནུ་མནྠ་ཡི། །རྣམ་དཔྱོད་ཀྱང་རྡུགས་པའི། །ཨ་དོན་ཉིད་ལེགས་རྟོགས། །ཤེས་རབ་ཀྱི་གཞུ་བདུངས། །ཐབས་མཁས་ཀྱི་མདའ་ནི། །དྲང་པོ་དག་བསྐྱོད་ནས། །སྒྲིབ་གཉིས་ཀྱི་དགྲ་ལས། །རྒྱལ་བ་ཉིད་བྱིན་རློབས། །ཞེས་པས་གསོལ་བ་གདབ་བོ། །གསུམ་པ་རྗེས་ནི། «ཞེས་པའམ་དེ་སྐད།་་་་་»ཨི་ཏི་དག་གང་གིས། །བསྒྲུབ་པ་ཡི་དགེ་བ། «།རྒྱ་མཚོ།་་་་་»ཨུ་ད་དྷི་འཕེལ་བའི། །རྩ་ལག་ལྟར་དཀར་བས། །ཨེ་ཝཾ་པའི་ཡེ་ཤེས། །གཟིགས་པ་ཡི་བྱིན་རླབས། །«སྨན་ནམ་བདུད་རྩི།་་་་་»ཨོ་ཥ་དྷིའི་རྒྱུན་འདྲ། །བདག་བློ་ལ་འཇུག་གྱུར། །ཞེས་པའི་བསྔོ་བ་དང་གཞན་ཡང་བསྔོ་བ་སྨོན་ལམ་གང་ཤེས་བརྗོད་དོ། །དེ་ལྟར་གངས་ཅན་གྱི་བརྡ་དང་མཐུན་པའི་ཀ་ཕྲེང་དང་ཨ་ཕྲེང་གི་སྒྲས་དྲངས་པའི་ཀུན་བཟང་བླ་མའི་རྣལ་འབྱོར་བྱིན་རླབས་བདུད་རྩི་འབྱུང་བའི་ཟླ་བ་ཞེས་བྱ་བ་འདི་ནི། རྗེ་དེ་ཉིད་ཀྱི་སྐུ་བསྟོད་མདོ་རྒྱུད་མ་རྒྱུན་དུ་ཁ་ཏོན་བགྱིད་པའི་ཡན་ལག་ཏུ་འདི་ལྟར་དོན་དུ་གཉེར་བའི་དགེ་སློང་བསོད་ནམས་ལེགས་གྲུབ་ཀྱི་ཆེད་དུ། དཔལ་ཨེ་ཝཾ་པ་ཆེན་པོའི་རྗེས་སུ་སློབ་པའི་འདུན་པ་མ་བོར་ཙམ་གྱི་སྙན་དངགས་མཁན་ཚུལ་ཁྲིམས་རིན་ཆེན་གྱིས་སྔོན་བྱོན་འཕགས་བོད་ཀྱི་བླ་མ་བཀའ་དྲིན་ཆེ་བ་མང་པོ་དག་ལ་ཐུན་མོང་གི་སྣང་ཚུལ་དང་མཐུན་པའི་རྣལ་འབྱོར་ཟུར་པ་ས་དགེ་ལ་སོགས་པའི་མཁས་པ་མང་པོས་མཛད་པ་ཤེས་བྱེད་དུ་བྱས་ནས། དེ་དག་གི་བཞེད་པ་དང་མི་འགལ་བའི་ཚུལ་གྱིས་རྔ་ཆེན་དུ་གྲགས་པའི་གསར་ཚེས་ཀྱི་ལོའི་ཟླ་ཚེས་དགེ་བར་རང་གི་བསམ་གཏན་གྱི་ཁང་བུར་བྲིས་པ་ཕན་བདེ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།  །།༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*