སངས་རྒྱས་ཀྱི་རྟོགས་པ་བརྗོད་པའི་ཚིགས་སུ་བཅད་པ་རིན་ཆེན་དོན་འདུས།

༼ག༽༄༅། །བདྡྷསྱཱཝདཱནངྒཱཐཱརཏྣོ྅རྠསམཱུཧནྣཱམབིཛཧཱརཾ།། 

༄༅། །སངས་རྒྱས་ཀྱི་རྟོགས་པ་བརྗོད་པའི་ཚིགས་སུ་བཅད་པ་རིན་ཆེན་དོན་འདུས་ཞེས་བྱ་བ་བཞུགས་སོ།། ༄༅། །ཨདྡྷཱུཏམནྟྲིཏབསནྟམམཱིཏཙཱརྻཿཀལྤཱཏྲཔཱདརཛཧིཔྲཎིདྷོཧལཱསྱཱ།། 

༄༅། །རྨད་བྱུང་སྤྱོད་པ་དཔག་ཡས་དཔྱིད་དུ་མགྲོན་གཉེར་བ། །སྨོན་ལམ་སྒེག་མོའི་རྐང་རྡུལ་བཀོད་པས་བསྐལ་པ་འདིར། །པྲོཏྥུལླཀརྨྨབིཔུལཾདལཧཱིབིཙིནྟ། ཤྴཱསྟཱགྲཔཱུཛནམཤོཀཛིནསྱམཱུརྡྷེ།། 

བསམ་གྱིས་མི་ཁྱབ་ཕྲིན་ལས་འདབ་མ་ཡངས་ཕྱེ་བ། །སྟོན་མཆོག་རྒྱལ་བའི་མྱ་ངན་མེད་པ་གཙུག་ན་མཆོད། །ཚངས་པའི་བུ་མོ་དར་བབ་མགྲིན་པ་ལོངས་སྤྱོད་ཀྱི། །འཁོར་ལོ་ལ་དགྱེས་བག་མར་ཁུགས་པའི་དགའ་སྟོན་དུ། །སངས་རྒྱས་རྟོགས་བརྗོད་སྙན་དངགས་གླུ་རུ་འཇོ་བ་ལ། །དགེ་དབང་ཡབ་སྲས་མཁས་པའི་ཟླ་འོད་སྲིད་ན་དཀར། །དེ་ཡི་ཚིག་དོན་ཟབ་བརླིང་ཡོངས་འདུའི་འཁྲི་ཤིང་གི །ཡལ་འདབ་ཇི་སྙེད་འཁྲུངས་པར་གྱུར་པའི་གྲངས་དེ་སྙེད། །ཚིགས་བཅད་མེ་ཏོག་གསར་དུ་འཛུམ་པ་གུས་སྦྱོར་གྱི། །སྲད་བུ་ལ་བསྟར་བསོད་ནམས་ས་བོན་འཇོག་ཕྱིར་ཡིན། །བསྐལ་པའི་ཕྲེང་བར་ཚོགས་བསགས་ཆུ་བོའི་གཏེར། །རྨད་བྱུང་སྤྱོད་པའི་གཟིངས་ཆེན་གྱིས་བརྒལ་ནས། །ཡོན་ཏན་རིན་ཆེན་མཛོད་ལ་དབང་འབྱོར་བ། །དོན་གཉིས་གྲུབ་པའི་དེད་དཔོན་ཤཱཀྱ་ཐུབ། །མ«༡»ངོན་འདོད་རྩེ་དགའ་དྲན་པའི་གཉིས་འཐུང་གིས། །དབང་མེད་ཁྱེར་བ་ལས་བརྩམས་གཏམ་དག་གིས། །སེམས་ཉིད་བསླབ་པས་འདུལ་ལ་མཁས་པའི་མཆོག །འཐོབ་ཕྱིར་བྱང་ཆུབ་ཐུགས་བསྐྱེད་རབ་གསལ་ཅན། །ལུ«༢»ས་ཕྱེད་བཅད་པའི་བྲམ་ཟེར་སྐུ་ཡི་སྨད། །སོག་ལེས་དྲལ་ཏེ་སྩལ་ལ་ཡ་མཆན་སྐྱེས། །བརྒྱ་བྱིན་ཟིལ་མངར་གྱིས་བྲན་རྣལ་དུ་བཀོད། །སྡུག་པའི་མཆིས་འབྲང་ཡང་ཐོབ་དཔལ་གྱི་སྡེ། །བ«༣»ཙུན་མོ་ལྷ་སྲས་བཅས་དང་རང་ལུས་ཤ །ལྷན་སྐྱེས་གཙུག་གི་ནོར་རྣམས་སློང་ལ་བྱིན། །བདེན་ཚིག་སྩལ་གྱིས་རང་ལུས་སྔ་མཁོར་གནས། །རྒྱལ་སྲིད་དཔལ་བཅས་ཐོབ་པ་གཙུག་ནོར་བུ། །«༤»བདེ་གཤེགས་མཆོད་པའི་རྣམ་དཀར་ཏི་ལ་ཀ །གནམ་བསྐོས་ལུས་སུ་རྫོགས་པའི་འཇོ་སྒེག་གིས། །གླིང་བཞི་སུམ་ཅུ་གསུམ་བཅས་བརྟན་པ་དག །རང་དབང་བགྱིད་པའི་འཁོར་སྒྱུར་ང་ལས་ནུ། །མཛེས«༥»་སྐུ་ཟླ་གཞོན་འོད་ཀྱི་དྲྭ་བ་དང༌། །གཏོང་ཕོད་ཡི་གེ་དཀར་པོར་དགོད་པའི་དཔལ། །དབྲོག་ཕྱིར་ལྷགས་པའི་བྲམ་ཟེར་ས་བདག་དབུ། །ལྷ་མིས་མ་བཟློག་བྱིན་པ་ཟླ་བའི་འོད། །ཆོམ«༦»་རྐུན་ནོར་གྱིས་ཚིམ་དཀའི་སྡུག་བསྔལ་བརྟེན། །བགྲོད་དཀའི་མཚོ་གླིང་སྙིང་སྟོབས་ཆེན་པོས་ཕྱིན། །ནོར་བུའི་ཚོགས་བླངས་སྐྱེ་འགྲོའི་རྒུད་པ་བཅིལ། །ཤིན་ཏུ་དགའ་བས་བ་ད་ར་གླིང་བགྲོད། །འབངས«༧»་མོར་གྱུར་པས་སྐྱོ་བར་ཀུན་མཁྱེན་གྱིས། །བྱིན་བརླབས་ཚེ་འཕོས་རྒྱལ་རིགས་བུ་མོར་སྐྱེས། །དད་པའི་གཞི་བརླིང་བྲིས་སྐུ་མཐོང་བའི་རྒྱུས། །རྒྱུན་ཞུགས་མངོན་གྱུར་མུ་ཏིག་འཁྲི་ཤིང་ཅན། །གཉེན«༨»་གྱི་བུ་ཡིས་བསླབ་ལྟར་ཟས་གཙང་སྲས། །དུག་ཅན་ཟས་ལ་མགྲོན་གཉེར་མེ་དོང་གི །བཞུགས་གནས་པདྨར་གྱུར་པའི་ཁྲིར་བཞུགས་ཚེ། །འགྱོད་ཚངས་བགྱིས་པའི་སྡིག་བྲལ་དཔལ་སྦས་སོ། །རྒྱལ«༩»་བས་ཁྱེའུར་ལུང་བསྟན་ཟད་བྱེད་ཀྱིས། །བསླུས་པའི་རབ་བཟང་ཆུང་མ་བཀུམས་པའི་རོ། །བསྲེགས་པ་ལས་སྐྱེས་གང་གིས་འབྱོར་པའི་ཚོགས། །ཡོངས་བཏང་སྲིད་པའི་དགྲ་རྒྱལ་མེ་ལས་སྐྱེས། །སྲི«༡༠»ད་པའི་ས་བོན་གནས་སྐབས་ལྔས་རྫོགས་པ། །སྐྱེ་རྒ་ན་འཆིའི་གོམ་སྟབས་རིམ་བསྒྱུར་ལ། །ཀུན་འབྱུང་གྲིབ་མ་འབྲལ་མེད་རྗེས་འབྲང་བ། །འགོག་ལམ་བསྟེན་པ་མངལ་ནས་འབྱུང་བའི་གཏམ། །ཆགས་«༡༡»ལྡན་ལུས་ལ་སྟོན་པས་རབ་བྱུང་སྩལ། །ཡིད་ནི་འདོད་པའི་ཤིང་རྟས་རབ་དྲངས་པ། །ལྷ་ཡུལ་དཔལ་དང་དམྱལ་བའི་སྡུག་བསྔལ་དག །ཉེར་བསྟན་ཆགས་པའི་རྡུལ་བྲལ་མཛེས་དགའ་བོ། །ཡབ་«༡༢»ཀྱི་རྒྱལ་སྲིད་སྡིག་པའི་སེམས་ཀྱིས་ཕྲོགས། །བདེན་མཐོང་ཤཱཀྱའི་རིགས་རྣམས་ཡོངས་བརླག་པའི། །འབྲས་བུ་རྒྱལ་བློན་ལྷན་ཅིག་མེ་ནང་དུ། །ཚིག་ནས་མནར་མེད་ལྷུང་བ་འཕགས་སྐྱེས་པོ། །གཞན་«༡༣»གྱི་ཕྲུ་གུ་བཙས་དགུའི་སྲོག་དབུགས་དག །ཕྲོགས་པའི་བཅུད་མྱང་སྡིག་ལས་ལྡོག་ཕྱིར་དུ། །དེ་བཞིན་གཤེགས་པས་བུ་གཅིག་བསྒྲིབས་བྱས་པའི། །གདུང་བས་བསླབ་གཞི་བླངས་པ་འཕྲོག་མའི་གཏམ། །ཆོ་འཕྲུལ་«༡༤»ཡ་མ་ཟུང་བསྟན་བཅོམ་ལྡན་འདས། །འདབ་སྟོང་རྒྱལ་སྐུས་མཚན་པ་གྲངས་མེད་དབུས། །ཆོས་སྒྲ་འབྱིན་ལ་འགྲན་འདོད་སྟོན་པ་དྲུག །རྫུ་འཕྲུལ་མཐུ་ཉམས་བྲོས་པའི་ཆོ་འཕྲུལ་ཆེ། །ལྷ་«༡༥»མཆོག་ལྷ་ཡི་དོན་མཛད་འཛམ་གླིང་གི །སྐྱེ་འགྲོས་ཞུས་ངོར་ལྷ་ཚོགས་གྲངས་མེད་བཅས། །གསལ་ལྡན་གྲོང་དུ་བབས་པར་ཨུཏྤ་ལས། །འཁོར་སྒྱུར་ཟོལ་གྱིས་སྐབས་ཕྱེ་ལྷ་ལས་བབས། །ཀུ་«༡༦»ཤའི་གྲོང་ཁྱེར་གཤེགས་ལམ་ཕྱག་དར་ཚེ། །གྱད་སྟོབས་སྟོང་གིས་མ་བསྐྱོད་རྡོ་མོ་ཆེ། །ཞབས་མཛུབ་ཀྱིས་ཕྱུང་ཕྱག་གིས་རིང་དུ་འཕངས། །ཡེ་ཤེས་དབུགས་ཀྱིས་བཤིག་བསྡོམས་བྲག་འཕངས་པ། །ཉི་«༡༧»མའི་གཉེན་མཆོག་གྲུ་ཡི་ཟམ་སྟེགས་ལས། །གངྒཱའི་ཕ་རོལ་ཕྱིན་པའི་ས་འོག་ནས། །རིན་ཆེན་མཆོད་སྡོང་ཐོན་བསྟན་རྣམ་འདྲེན་གྱི། །ཉི་མ་ཟུང་འཆར་བྱམས་པ་ལུང་དུ་བསྟན། །དབུལ་«༡༨»མོས་མར་མེ་ཕུལ་བར་བྱང་ཆུབ་མཆོག །ལུང་བསྟན་དེ་འདྲར་འདོད་པའི་གསལ་རྒྱལ་ངོར། །གཏོང་ཕོད་ཆེ་དང་གཞན་ལ་ཕན་པ་བརྒྱས། །བྱང་ཆེན་བསྒྲུབ་དཀའི་དཔེར་བསྟན་མེ་ལོང་བཞིན། །སྔོན་«༡༩»སྐྱེར་སེམས་རྒྱུད་གཤིན་པའི་ས་གཞི་ལ། །རྣམ་དཀར་སྨོན་ལམ་ས་བོན་བཏབ་ལས་སྐྱེས། །དུས་འདིར་རྣམ་པར་འབྱེད་པའི་དབང་ཕྱུག་ལ། །བསིལ་བར་ཐོབ་པ་ཤཱ་རིའི་བུ་རབ་བྱུང༌། །ནོར་བུ་«༢༠»ཕལ་པ་དོན་གཉེར་རིང་འཕྱན་པས། །ཉིན་མཚན་བདེ་སྡུག་འབྲས་བུ་རེ་མོས་སྤྱོད། །མཐོང་བས་ཀཱ་ཏྱཱ་ཡཱན་ལས་ཞི་བ་ཐོབ། །བདེ་གཤེགས་ཀྱིས་བསྔགས་གྲོ་བཞིན་བྱི་བ་རྣ། །ཀླུ་«༢༡»ཤིང་སྡོང་པོ་ལས་སྐྱེས་ཡིད་འཕྲོག་མིག །རི་མོའི་གཟུགས་ལ་གཏོད་ཚེ་གཟུགས་ཅན་སྙིང༌། །སྔོན་གྱི་སྨོན་ལམ་གྱིས་བཀུག་རྩེ་དགའ་ལ། །རྣམ་པར་རྩེན་པའི་བུ་བཙས་ཨ་མྲ་སྐྱོང༌། །སངས་«༢༢»རྒྱས་དད་པའི་ཟས་སྦྱིན་པས་ཡི་རིན། །གསེར་གྱིས་གཤིབས་ནས་གཙུག་ལག་ཁང་བསྐྲུན་ལ། །མིག་དམར་རྫུ་འཕྲུལ་ཅོ་འདྲིར་ཤཱ་རིའི་བུས། །གཉེན་པོས་ཕམ་བྱས་རྒྱལ་བྱེད་ཚལ་དེ་བཟུང༌། །ཟས་«༢༣»གཙང་ཕོ་ཉ་རིམ་བཏང་རབ་བྱུང་མཐར། །འཆར་ཀས་མཚམས་སྦྱར་ནྱ་གྲོ་དྷ་བརྩིགས་ནས། །སྟོན་པ་ལྷ་ཡི་ཚོགས་བཅས་མཁའ་ལས་བྱོན། །ཁང་བཟང་ཤེལ་སྤྲུལ་ཡབ་སྲས་མཇལ་བའི་གཏམ། །རིན་ཆེན་«༢༤»གླང་པོ་སློང་བ་ལ་བྱིན་པས། །སྐྱེད་བྱེད་ཁྲོས་པས་ཡུལ་གཞན་སྤྱུགས་གྱུར་ཀྱང༌། །བུ་དང་ཆུང་མ་བདོག་པ་ཀུན་བཏང་བས། །བརྒྱ་བྱིན་རང་གཟུགས་ཀྱིས་བསྟོད་ཐམས་ཅད་སྒྲོལ། །སྒྱུ་འ«༢༥»ཕྲུལ་ལྷུམས་ཞུགས་པདྨ་ལྟར་བལྟམས་ནས། །སྒྱུ་རྩལ་ལེགས་བསྟན་རྒྱལ་ཐབས་སྐྱོང་བའི་ཚེ། །རྒ་ན་འཆི་དང་ཐར་པས་ཡིད་བྱུང་ནས། །ཐབས་བརྒྱས་མ་བཟློག་མཁའ་ལ་མངོན་པར་འབྱུང༌། །ཆུ་«༢༦»ཀླུང་འགྲམ་ངོགས་དཀའ་སྤྱད་རྡོ་རྗེའི་གདན། །རྩྭ་འཚོང་གིས་ཕུལ་ཀུ་ཤ་བཀྲམ་སྟེངས་སུ། །མི་ཕྱེད་མཉམ་གཞག་མཛེས་སྡུག་སྒྱུ་རྩལ་དང༌། །བདུད་སྡེའི་དམག་ཚོགས་མཉམ་ཉིད་དབྱིངས་སུ་བཏུལ། །རྒྱལ་«༢༧»བའི་ཡོན་ཏན་གྱིས་མཐོ་སྔོན་བྱུང་གཏམ། །གླེང་བར་ཐུབ་དབང་མེས་པོས་བྱིན་བརླབས་པས། །མཽང་གལ་བུ་ཡི་སྐལ་ལྡན་ཤིང་རྟ་དེ། །ཤཱཀྱའི་ཆེ་བརྗོད་གངྒཱ་འབེབས་ལ་མཁས། །པང་«༢༨»སྐྱེས་ཉི་མ་བརྟོལ་བྱུང་གྲོ་བཞིན་སྐྱེས། །རོ་བརྒྱའི་བཤོས་ཕུལ་སྟོན་པར་བསྟབས་ལྷག་གིས། །གཟུགས་ཅན་སྙིང་པོ་མགུ་ནས་སངས་རྒྱས་དྲུང༌། །རྗེས་ཁྲིད་རྣམ་གྲོལ་བྱེ་བ་ཉི་ཤུ་པ། །ཕྱག་«༢༩»འོས་འདོད་པའི་ལྷས་བྱིན་དུག་ཆུ་ཡིས། །མྱོས་པའི་གསོད་བྱེད་བཀྱེ་བ་ཀུན་མཁྱེན་གྱི། །ཕྱག་སོར་ལས་འཐོན་གདོང་ལྔས་བསྐྲད་དེ་སླར། །ཞུགས་ཀྱི་ལྕགས་རིས་ཡོངས་བསྐོར་ནོར་སྐྱོང་བཏུལ། །སྐྱེ་«༣༠»གནས་གཅིག་གྱུར་བཟོད་པའི་རང་བཞིན་ལ། །ཆོས་ཕྱིར་བཙུན་མོའི་ཚོགས་ཀྱིས་དད་བྱས་པར། །ལོག་ལྟ་དུས་སའི་རལ་གྲིས་ཡོངས་གཏུབས་པ། །བདེན་པའི་ཚིག་གིས་རྣལ་གནས་ཀཱ་ཤི་མཛེས། །ནགས་«༣༡»སུ་རི་དྭགས་ཚོགས་བསྐྱང་བདེར་གནས་ཚེ། །ཉལ་འགྲོའི་རྒྱུན་ཁྱེར་མི་བསྲུན་ཕ་རོལ་བསྒྲལ། །མི་སྨྲ་དམ་བཅས་ནོར་ཕྱིར་དྲལ་བའི་རྒྱུས། །རྒྱལ་ཁབ་སྤྱན་དྲངས་ཆོས་སྨྲ་གསེར་གྱི་ལོགས། །ཆུ་«༣༢»གཏེར་ལ་ཞུགས་ནོར་བཅས་འོང་བའི་ལམ། །གྲུ་བོ་ཆེ་ཞིག་ནུ་བོ་བསྒྲལ་ལན་དུ། །འདྲེན་བྱེད་ནོར་བཅས་ཕྲོགས་ཀྱང་འཁོན་སྤངས་པའི། །བདེན་པས་རྣལ་དུ་གནས་དེ་དགེ་བྱེད་མཐུ། །བཀྲེས་«༣༣»ཀྱང་སྡིག་པ་མ་བརྩམས་ཤ་ཁྲག་གིས། །བསོས་པའི་ཆུང་མས་ལོག་གཡེམས་གཡོ་ཐབས་ཀྱིས། །ཉམ་ངའི་གཡང་དུ་བསྐྱུར་ཡང་མ་ནོངས་པར། །རྒྱལ་སྲིད་ཐོབ་པ་ཁྱད་པར་ལོ་མར་གྲགས། །ལྷུན་«༣༤»པོ་ལན་གསུམ་འཁྱུད་པའི་ལག་འགྲོ་ཟུང༌། །མཽང་གལ་བུ་ཡིས་སྒྱུ་འཕྲུལ་ཀླུས་བཅིངས་ཚེ། །བྲོས་པར་མི་འཇིགས་མཆོག་སྦྱིན་སྟོན་མཆོག་ལ། །སྐྱབས་སུ་འགྲོ་བྱས་དགའ་བོ་ཉེར་དགའ་བཏུལ། །«༣༥»མཚན་མོར་མེ་འོད་སངས་རྒྱས་བཀའ་བཀླགས་པས། །མེ་ཁྲིམས་དྲལ་ཏེ་བཙོན་ཆུད་མེ་འོད་འཁྱིལ། །ཕྱི་ནས་གསལ་རྒྱལ་མ་བཏུད་ཆད་པ་ཡང༌། །བསོད་ནམས་མཐུ་ཡིས་གྲོལ་བ་ལེགས་བྱིན་ཅན། །འཆར་«༣༦»བྱེད་སྡིག་པར་བསྐུལ་ཡང་མ་བརྩམས་པར། །བསྡིགས་པའི་ཟོལ་གྱིས་རྣམ་བསྐྲད་སྦྱིན་པའི་གཏམ། །བསྙད་པའི་གྲོགས་དང་འགྲོགས་ནས་སྟོན་པའི་གསུང༌། །ལེགས་ཐོས་གཙུག་ལག་ཁང་བརྩིགས་གདངས་ཅན་པ། །དོན་མཐུན་«༣༧»སངས་རྒྱས་སྐྱབས་སུ་འགྲོ་བའི་གླུས། །སྤུ་ལོང་རབ་རྒྱས་སྟོན་པའི་སྤྱན་སྔར་ཕྱིན། །རབ་བྱུང་དགྲ་བཅོམ་ཚོང་པ་གྲུ་འཇིག་གིས། །གསོལ་བཏབ་འཕྲལ་ལ་འཇིགས་བསྐྱབས་གང་པོ་མཆོག །རྒྱལ་«༣༨»སྲིད་འབྱོར་པའི་ཀཱ་ཤི་མཛེས་དགའ་མོར། །ཡིད་འབྱུང་སྨྲ་བ་བསྐྱུངས་པའི་སྙིང་རིང་གྲོགས། །དབེན་པའི་རྩེ་དགའ་རྗེས་སུ་དྲན་པའི་བློ། །མི་འགྱུར་དཀའ་ཐུབ་སྤྱོད་པ་ལྐུགས་འཕྱེར་གྲགས། །«༣༩»བཙུན་མོའི་ཚོགས་ཀྱིས་དད་ལ་ལོག་ལྟའི་ཁྲག །སྦགས་པའི་རལ་གྲིས་དྲང་སྲོང་ཡན་ལག་རྣམས། །དུམ་བུར་ཕྲལ་བའི་འབྲས་བུ་མནར་མེད་ལྟུང༌། །ཁྲོ་བྲལ་བདེན་པས་བསོས་པའི་བཟོད་དགའ་མཛེས། །ཚིག་«༤༠»རྩུབ་སེར་ཆར་དྲག་པོས་སྡུག་བསྔལ་གྱི། །འབབ་ཆུ་བརྒལ་དགའི་གནས་འཕངས་ཆུ་སྲིན་གཟུགས། །བཅོ་བརྒྱད་མགོ་བོ་གདེངས་པས་སྟོན་པར་གུས། །ལྷར་འཕོས་ཆོས་ཀྱི་མིག་ཐོབ་སེར་སྐྱའོ། །རིན་«༤༡»ཆེན་གོ་ཆའི་སྐྱེས་ལན་རྒྱལ་བའི་སྐུ། །རི་མོར་ཤར་བ་མཐོང་འཕྲལ་དད་པའི་རྒྱུས། །རྒྱལ་ཐབས་སྤངས་ནས་དངོས་མཇལ་ལེགས་གསུངས་ཀྱིས། །རྣམ་གྲོལ་ལས་མངོན་བགྱིས་པ་ཨུ་དྲཱ་ཡན། །བཀྲེས་«༤༢»རྔབས་དར་དུས་དབུལ་ཕོངས་ལྔ་བརྒྱ་ཕྲག །ས་འོག་གཏེར་བྱིན་ཐུབ་པའི་བཀའ་ལུང་མནོས། །བདོག་དགུ་སྦྱིན་པར་བསྟབས་ནས་རབ་ཏུ་བྱུང༌། །ཡུལ་རྐྱེན་ལ་བརྟེན་དགྲ་བཅོམ་མཁས་པར་གྲགས། །ཡུལ་«༤༣»ཕྱོགས་མུ་གེ་ལས་བསྲུངས་སྦྱིན་གཏོང་གིས། །བང་མཛོད་འགོད་པ་ལ་ཟད་ལྷག་མའི་ཟས། །ཆུང་ངུ་རང་སངས་རྒྱས་ལ་ཕུལ་བའི་འཕྲལ། །ཟས་ནོར་འདོད་དགུར་འཇོ་བ་གསེར་གྱི་མདོག །ལས་«༤༤»བཟང་ལག་པ་རིན་ཆེན་པདྨ་ལས། །ནངས་རེར་དངུལ་དཀར་ཉིས་འབུམ་འཛག་རྡུལ་གྱིས། །སློང་རྣམས་ཚིམ་བྱས་སྟོན་པའི་ལེགས་གསུངས་མནོས། །ཆགས་བྲལ་སློང་བའི་སྣོད་ཐོགས་གསེར་གྱི་ལག །ལྷས་«༤༥»བྱིན་གྲོས་བཞིན་ཕ་གཅིག་ཁྲི་མུན་དུ། །བཅུག་ནས་བཀུམས་པས་ཉམ་ངའི་དོང་ལྷུང་བ། །མཐོལ་ཚངས་དམ་པའི་དཔྱངས་ཐག་ལ་འཁྱུད་དེ། །བདེ་བའི་ཁང་བཟང་ཕྱིན་པ་མ་སྐྱེས་དགྲ། །ལྷས་«༤༦»བྱིན་དུག་གི་སེན་མོས་འདེབས་སེམས་ཀྱིས། །བདེ་གཤེགས་སྤྱན་སྔར་ཕྱིན་འཕྲལ་དམྱལ་བར་ལྟུང༌། །སྔོན་ཡང་བྱས་མི་ཤེས་དུས་རབ་གཙེས་ཀྱང༌། །རང་གི་ཁྱད་པར་མངོན་མཐོ་བྱས་པ་ཤེས། །སྟོན་«༤༧»པའི་མདུན་གནས་ཀླུ་ཆེན་བཞི་དག་གིས། གསལ་རྒྱལ་བཀུར་སྟིར་མ་བྱས་ཁྲོས་ལན་དུ། །རྡོ་ཆར་ཕབ་པ་ཟས་གྱུར་སཱ་ལའི་ཕྲེང༌། །བུ་རམ་ཤིང་སྨིན་སཱ་ལའི་སྡོང་བུར་གྲགས། །འབྱོར་«༤༨»དགུ་རྫོགས་ཀྱང་དབུལ་པོ་གཞན་གྱི་དབང༌། །གདེངས་ཅན་གྲོང་ནས་ཡིད་བཞིན་ནོར་བླངས་པ། །ཆུ་ལྷས་ཕྲོགས་པ་སྙིང་སྟོབས་ཀྱིས་དྲངས་ཏེ། །ཅི་འདོད་ཆར་དུ་འཇོ་བ་དོན་ཀུན་གྲུབ། །ཕན་«༤༩»ཚུན་ལས་ཀྱི་ལག་སྦྲེལ་མཛའ་ན་མོ། །འགུགས་བྱེད་ལྷན་སྐྱེས་གསེར་གྱི་གླང་པོ་ལས། །མཆེ་བ་ཟུང་བླངས་གསལ་རྒྱལ་ཕུལ་ལན་དུ། །བུ་མོ་ཐོབ་མཐར་རྣམ་གྲོལ་གླང་པོ་ཅན། །རྫིང་«༥༠»བུ་གདུང་བ་མེད་པར་མི་མཆོག་གིས། །མཆོག་ཟུང་རྫུ་འཕྲུལ་གྱིས་ལྷགས་དགེ་འདུན་དབུས། །རྣམ་འདྲེན་གཟུགས་སྐུའི་མཁའ་དཀྱིལ་དྭངས་པར་ཡང༌། །བཅུ་ཕྲག་ལས་ཀྱི་གཞའ་རིས་བཀྲག་པོར་བསྟན། །«༥༡»དབུལ་མོ་བཙས་ཤིང་ལྟོགས་མས་ཕྲུ་གུ་ཡང༌། །བཟའ་བར་བརྩམ་ལ་རང་གི་ནུ་འབུར་གཉིས། །བྱིན་ལ་འགྱོད་པ་སྐྱེས་སྙམ་བརྒྱ་བྱིན་མདུན། །བདེན་པས་སྐྱེས་བུའི་ལུས་བསྒྱུར་གསེར་ལྡན་མ། །སློང་«༥༢»བའི་དཔག་བསམ་གཅོད་པའི་དགྲ་དཔུང་ལ། །སྙིང་རྗེས་རྒྱལ་སྲིད་ཡོངས་བཏང་ནགས་སུ་སོང༌། །ནོངས་ཆེན་བསྐྱབ་ཕྱིར་རང་ལུས་དགྲ་ལ་བྱིན། །དགྲ་ཟླས་གཙུག་བཀུར་བསོད་ནམས་མི་དམན་པ། །ལེགས་«༥༣»བཤད་གསར་པ་མཉན་ཕྱིར་ཤ་ཝ་རིར། །མུ་ཏིག་དོ་ཤལ་ཕུལ་ནས་ཆོས་ཐོས་མཐར། །བླ་མ་འཁྱོག་པོའི་བཀའ་ལྟར་ཉམ་ངའི་གཡང༌། །མཆོངས་པ་གནོད་སྦྱིན་གྱིས་བསྲུངས་ལེགས་བཤད་འཚོལ། །འཚོ་«༥༤»བའི་དུས་ན་མི་བཟད་བྲོ་འཚལ་བ། །ཐམས་ཅད་བདེ་བར་སྦྱར་ལ་ཡ་མཚན་ཅི། །རྣམ་ཤེས་མཐོ་རིས་འཕོས་པའི་བེམས་པོས་ཀྱང༌། །འགྲོ་བའི་ནད་སེལ་སེམས་ཅན་སྨན་གྱི་མཐུ། །ཤ་«༥༥»ཝ་རིས་གཙེས་ཕུག་རོན་སྲོག་བསྐྱབ་ཕྱིར། །རང་ལུས་ཤ་ཚོགས་ཟད་པར་སྲོང་བཅལ་ཡང༌། །འཚོབ་པར་མ་ནུས་ལུས་རྫོགས་གཞལ་བའི་སེམས། །བདེན་པའི་མཐུ་ཡིས་རྣལ་གནས་ཐམས་ཅད་སྟེར། །མི་«༥༦»ཕྱུགས་ལོ་ཏོག་གཞོམ་པའི་དུག་ཅན་གྱི། །འགྲོ་འདུལ་ཁ་ལོ་སྒྱུར་མཐོང་རྡོ་རྗེའི་ཆར། །དྲག་པོར་ཕབ་པ་མེ་ཏོག་ཕྲེང་གྱུར་པས། །དད་པས་སྐྱབས་སོང་བ་ལང་སྐྱོང་ཀླུ་བཏུལ། །རིང་«༥༧»བསྲེལ་སྙིང་པོས་སྦྲུམ་པ་འོད་འབར་རྟེན། །མགུལ་གྱི་དྲིལ་ཆུང་དམ་ཆོས་གླུར་འཇོ་བ། །ལེགས་གསུངས་ཐོས་པའི་སྐལ་བཟང་ལྷ་དང་མིར། །བསྐྲུན་དུ་བཅུག་པའི་བདེ་གཤེགས་མཆོད་རྟེན་ཕྲེང༌། །ལུས་«༥༨»ཅན་ནད་ཀྱི་གདུང་བ་བདག་སྙིང་ལ། །འཕོས་པ་ལྟ་བུའི་རིམ་གྲོ་ལྷུར་ལེན་ཚེ། །དམུས་ལོང་ཚུལ་ལ་ལྟ་བྱེད་ལེགས་སྩལ་བས། །བརྒྱ་བྱིན་ངོ་མཚར་སྤྱན་བསོས་བསོད་ནམས་སྟོབས། །ལས་«༥༩»བཟང་འབྲས་བུ་ཡིད་སྲུབས་གཟུགས་ཀྱི་རོ། །བཏུང་བྱར་མ་ཐོབ་གཡེམ་མས་མིག་ཕྱུང་ཡང༌། །པི་ཝང་སྙན་པའི་ཀླུས་འཚོ་རང་གནས་ཕྱིན། །ཁྲོ་མེད་བདེན་པའི་མིག་ཐོབ་ཀུ་ལ་ལ། །བྱེ་ཚན་«༦༠»རྣོན་པོས་བཏབ་པས་ལུས་མེད་ཐུལ། །སྐྱབས་ཀྱི་དམ་པར་ལེགས་བཟུང་ཆུ་གཏེར་ཀློང༌། །གཙུག་ལག་ཁང་མང་སྤྲུལ་ནས་སྤྱན་དྲངས་མཆོད། །བྱང་ཆུབ་མཆོག་ཏུ་ལུང་བསྟན་གཞོན་ནུའི་ཀླུ། །«༦༡»བྲམ་ཟེ་ཁྱོ་ཤུག་ཟུང་གིས་ལྷ་ཡི་ལྷར། །གཙང་མའི་ཞལ་ཟས་ཀྱིས་བསྟབས་འབྱོར་ལྡན་དུ། །སྨོན་ལམ་བཏབ་མཐུས་གསེར་གྱི་ལྗང་བུ་སྐྱེས། །མི་མཆོག་མཆོད་པའི་ཆགས་བྲལ་ཞིང་ས་ཉིད། །བུ་མེད་«༦༢»ནྱ་གྲོ་དྷ་ཡི་ལྷར་བསྡིགས་པས། །དེས་ཀྱང་ལྷ་དབང་གསོལ་བཏབ་ལེགས་བྲིས་བུ། །ཚེ་འཕོས་འཕྲལ་དུ་བུ་སྐལ་བྱིན་པ་དེ། །སྟོན་པའི་དྲུང་སོན་དགྲ་བཅོམ་གྲགས་པ་སྦྱིན། །མཛེས་«༦༣»སྡུག་གསེར་འདྲ་ཆོས་ཀྱི་མཛའ་ན་མོ། །ཐོབ་ཀྱང་གཉིས་ཀ་ཆགས་བྲལ་གནས་པས་གནས། །སྣུམ་འཁུར་འཚིར་བའི་སྡིག་པས་ཡིད་སྐྱོ་ནས། །སྲིད་པའི་དགྲ་ལས་རྣམ་རྒྱལ་འོད་སྲུངས་ཆེ། །ཡིད་«༦༤»འཕྲོག་ལུས་ཕྲ་ལྷན་ཅིག་རྩེ་དགའི་རོ། །འཐུང་བའི་གེགས་ནི་བློ་ངན་གྱིས་བརྩམས་པས། །མིའམ་ཅི་མོ་བྲོས་པ་སྤྲོ་བ་བརྒྱས། །མཐར་གྱིས་རང་ཡུལ་ཁུགས་པ་ནོར་བཟང་ལྷ། །རི་དྭགས་«༦༥»བུ་མོ་ལས་སྐྱེས་ཐུབ་པའི་བུ། །ནགས་སུ་མཚར་སྡུག་བཞིན་ཟླ་རྒྱས་པ་དེ། །པད་གདན་འདོད་པའི་སྒྱུ་རྩལ་གྱིས་དྲངས་ཏེ། །ཀུན་གྱི་སྤྱི་བོར་དབང་བསྐུར་རྭ་གཅིག་པ། །གསོད་«༦༦»པར་བཏང་བས་ཉ་པའི་ཁྱིམ་ནང་དུ། །སྒྱུ་རྩལ་ཀུན་རྫོགས་གཤེད་མས་རིང་དུ་བདས། །སྟག་ལྡན་ནགས་སུ་འཇིགས་པ་ཐུབ་པས་བསྐྱབས། །རིག་པས་རྒྱལ་སྲིད་ཐོབ་པ་སྙན་དངགས་མཁན། །ཚོང་«༦༧»པ་ལྔ་བརྒྱ་འཚོ་ཕྱིར་ལག་འགྲོའི་གྲངས། །རང་ཉིད་མཆོངས་པས་མ་ནོངས་ཚུར་རོལ་འགྲམ། །དགེ་སྡིག་འབྲས་བུ་ལ་བལྟས་དྲང་སྲོང་ཚོགས། །འཕགས་ལམ་འདྲེན་པའི་ཤིང་རྟ་དགེ་འདུན་བསྲུང༌། །རྐང་«༦༨»བཀོད་པདྨ་བཞད་པ་མདའ་ལྔའི་གཟུགས། །ཚངས་བྱིན་གྱིས་ཐོབ་ཟུང་གི་བུར་བཙས་ཀྱང༌། །ཕྲག་དོག་བཙུན་མོས་བསྒྲིབས་པས་ཁྲིམས་ལ་སྦྱར། །བདེན་མཐའ་ཉ་པས་མངོན་བསྟན་པདྨ་ལྡན། །བདེ་«༦༩»གཤེགས་རིང་བསྲེལ་སྙིང་པོའི་མཆོད་པའི་རྟེན། །བརྒྱད་ཁྲི་བཞི་སྟོང་བསྐྲུན་པ་དགྲ་བཅོམ་མཆོག །རྫུ་འཕྲུལ་ནམ་མཁར་འཕགས་པའི་གྲིབ་བསིལ་གཡོབ། །མཆོད་སྦྱིན་ཟླ་བྲལ་ཆོས་རྒྱལ་རབ་གནས་གྲགས། །ཁ་«༧༠»ཆེའི་ཡུལ་གཤེགས་གདུག་པའི་ཀླུ་བཏུལ་ནས། །སྐྱིལ་ཀྲུང་གཅིག་ཁྱབ་ས་ཆེན་ཕུལ་བ་ལ། །གཙུག་ལག་ཁང་བཅས་དགེ་འདུན་དཔག་ཡས་བསྐྲུན། །གུར་གུམ་ཚལ་གྱིས་མཛེས་བྱེད་ཉི་མ་གུང༌། །བཅོམ་«༧༡»བརླག་ཡུལ་གྱི་མགོ་ཆེན་རི་བོ་ལ། །སྐྱིལ་མོ་ཀྲུང་བཅས་གེགས་བྱེད་ཀླུ་བཏུལ་ནས། །གར་མཁན་དཔའ་བོའི་གཙུག་ལག་ཁང་མཆོག་བརྩིགས། །རྒྱལ་བསྟན་རྣམ་པར་རྒྱས་མཛད་ཤ་ནའི་གོས། །སྲིད་«༧༢»པའི་དགྲ་ལས་རྣམ་རྒྱལ་ཆོས་འདོམས་ཚེ། །གཞན་བློ་འདྲིད་པའི་ཡིད་སྲུབས་དགྲོལ་དཀའ་བའི། །མི་སྡུག་ཆ་ལུགས་བསྒྱུར་བས་སྐྱབས་སུ་བསྟེན། །བདེ་གཤེགས་རྣམ་པར་སྤྲུལ་བཅུག་ཉེ་སྦས་སོ། །ཆུ་«༧༣»གཏེར་བྱིངས་པའི་ནོར་ཕྱིར་རྒྱལ་པོའི་བཀའ། །བསོད་ནམས་མང་བསགས་ཇེ་མཐོར་ཕྱིན་པ་ན། །གདེངས་ཅན་ཚོགས་ཀྱིས་གཙུག་བླངས་དབྱིག་གི་དཔྱ། །ཕྲག་པར་བཀོད་དེ་བཅལ་བ་ཀླུར་སྤྲིངས་ཡིག །«༧༤»མཆོད་སྦྱིན་ཡུལ་གྱུར་མཐའ་དག་མཁོ་དགུའི་དཔལ། །ཆེས་ཆེར་ཕུལ་བའི་མྱ་ངན་མེད་པ་དེ། །མཐོ་རིས་བགྲོད་པ་ཉེ་ཚེ་ལྷས་བསྐོས་ཀྱི། །དཔུང་པས་བསྲུངས་པའི་མ་ལུས་ས་གཞི་ཕུལ། །མ་«༧༥»རིག་རྩ་བ་སྦོམ་པོས་འཁྲུལ་སྣང་གི །ཡལ་ག་འཁྱོག་པོར་བསྐྱེད་པ་འཁོར་བའི་ཤིང༌། །དེ་རྒྱུ་སྔ་མ་འགགས་པས་ཕྱིར་རྣམས་ཀྱི། །སྤྲོས་པ་ཞི་སྟོན་རྟེན་ཅིང་འབྲེལ་འབྱུང་ཆོས། །སྐྱོན་«༧༦»བྲལ་ལུས་བཅད་འབྲས་བུ་དམུས་ལོང་གཟུགས། །མགོ་མཇུག་ཁྱབ་པར་རྨ་སྐྱེས་སྲིན་བུའི་ཚོགས། །ཟ་བའི་སྡུག་བསྔལ་ཆོ་ངེ་འབྱིན་མ་ཟད། །ད་དུང་མནར་འགྱུར་ལུང་བསྟན་བི་དུ་རཿ །མི་«༧༧»མཆོག་ཆུ་ཀླུང་དལ་གྱིས་འབབ་ངོགས་སུ། །རྒྱལ་ཆེན་རྣམ་བཞིས་ཆོས་ཐོབ་སོང་བའི་རྗེས། །ཐུབ་པ་ཟུང་ཞིག་ལེགས་གསུངས་འདུལ་བར་བསྟེན། །བདེན་མཐོང་རྣམ་པར་གྲོལ་བ་ཀཻ་ནེ་ཡ། །བཅོམ་«༧༨»ལྡན་མེ་ཁམས་སྙོམས་ཞུགས་སད་བྱས་ཏེ། །འཆི་འཕོའི་མཚན་ཉིད་ཀྱིས་སྐྲག་སྐབས་གསུམ་བདག །སྐྱབས་སུ་སོང་ལ་ལམ་བསྟན་ཡོངས་ལྟུང་འཕྲལ། །སྟན་དེར་གསར་འཁྲུངས་བརྒྱ་བྱིན་ལྟུང་བའི་གཏམ། །སྙིང་རྗེས་«༧༩»རྒྱལ་སྲིད་བཏང་བས་དགྲ་སྡེ་དགའ། །རང་ལུས་དགྲ་ལ་བཙོང་བས་སློང་བ་དགའ། །ངོ་མཚར་རྒྱལ་ཐབས་ཐོབ་པས་འཁོར་འབངས་དགའ། །དབང་ཆེན་སྡེ་དེ་འཚོ་བདེའི་སྔོན་གྱི་རབས། །ཀུ«༨༠»ན་གཟིགས་ཐ་མའི་གཟིམས་ཁྲི་ལ་བཞུགས་ཚེ། །ཡེ་ཤེས་གཟིགས་པས་གདུལ་བྱའི་ལྷག་མ་ཟུང༌། །ཉེར་དགོངས་ཐབས་ཀྱིས་ལེགས་བཏུལ་རྒྱུན་ཞུགས་བཀོད། །སྟོན་པའི་སྔོན་དུ་མྱང་འདས་རབ་བཟང་ཆེ། །དོན་«༨༡»མཐུན་རིང་ནས་གསོལ་བཏབ་ཐུགས་རྗེ་ཡིས། །འཇིགས་བྲལ་རྒྱལ་བའི་སྐུ་ལ་ཙནྡ་ནའི། །བྱུག་པ་ཕུལ་བས་སྙུན་གདངས་དཔལ་ཀུན་ཐོབ། །འཚང་རྒྱ་འགྱུར་བར་ལུང་བསྟན་རྒྱུ་ཡི་མཆོག །«༨༢»འདོད་ལོག་སྤྱོད་པ་འགོག་བྱེད་མ་ཡི་མགོ །རལ་གྲིས་བྲེགས་པའི་འགྱོད་པས་རབ་བྱུང་བ། །སྲིད་པའི་གོ་ཆ་དུས་ཀྱིས་དམྱལ་བ་ཆེར། །ལྷུང་ལས་ཐོན་པས་བདེན་མཐོང་དམྱལ་སྔོན་ལྡན། །སྐྱེད་«༨༣»མོས་ཚལ་དུ་ཞག་དྲུག་ཐུ་བོ་བཅིངས། །ལྗིད་ཆེ་དར་བའི་བུམ་པ་བགྲེས་མོ་ལ། །རྒྱང་གྲགས་དྲུག་བཀལ་འབྲས་བུ་གྲགས་འཛིན་མངལ། །ཟླ་དྲུག་སྦྲུམ་པ་སྒྲ་གཅན་འཛིན་གྱི་རབས། །སྐྱེས་«༨༤»ཙམ་རིན་ཆེན་ཁྲིར་འཁོད་ཆུ་འཛིན་གྱིས། །སྦྲང་རྩིའི་ཆར་རྒྱུན་འབེབས་པའི་སྐལ་ལྡན་དེས། །བདེ་གཤེགས་མཆོད་དེ་འདུལ་བར་རབ་ཏུ་བྱུང༌། །ཆོམ་རྐུན་ལྔ་བརྒྱ་བཅས་གྲོལ་སྦྲང་རྩིའི་དབྱངས། །རང་«༨༥»ལུས་ཁྲག་གིས་གཞན་གྱི་ནད་བསོས་ཤིང༌། །བདག་ཉིད་བྲོ་འཚལ་ཚེགས་ཀྱིས་བསྒྲུབ་པའི་སྨན། །རང་རྒྱལ་སྙུན་གྱིས་ཐེབས་ལ་འཕུལ་བའི་མཐུས། །གཉིས་ཀ་ནད་མེད་ཐོབ་པ་ཕན་པ་འཚོལ། །ན«༨༦»གས་སུ་དགེ་ལམ་མི་སྐད་འདོམས་པའི་གྲོགས། །རི་བོང་ཡལ་གའི་རི་དྭགས་གཉིས་འཐུང་བཅས། །རྒན་རིམ་ཕུ་དུད་བསླབ་གཞི་ལེགས་བླངས་པས། །ཡུལ་ཕྱོགས་ཤིས་པའི་དཔལ་བསྐྱེད་བ་མེན་མཆེད། །«༨༧»བག་ཡོད་ཚུལ་ཁྲིམས་བསླབ་པ་ལྷུར་བླངས་པ། །འགུགས་བྱེད་སྔགས་ཀྱི་ཤིང་རྟས་དྲངས་གྱུར་ཀྱང༌། །ཆགས་པའི་ཡུལ་ལས་མེ་ནང་འཇུག་སྤྲོ་བས། །སྤྲུལ་འཚོང་གྲོགས་བཅས་བསིལ་བ་པདྨ་ཅན། །ཡིད་«༨༨»འབྱུང་གསར་པས་རབ་བྱུང་བླངས་ཏེ་སླར། །མཛའ་གཅུགས་འཇོ་སྒེག་ཞགས་པས་ཁྱིམ་དུ་བཅིངས། །ཕན་མཛད་རྒྱལ་བའི་སྣང་བས་གཙང་བྱས་ཏེ། །ཆགས་བྲལ་བཀོད་པ་ནག་པ་གླང་ཆེན་སྟན། །མ«༨༩»ཐར་བྱེད་ཆུ་སྲིན་རབ་རྔམས་གདངས་པའི་ཁ། །སངས་རྒྱས་མཚན་གྱིས་ཟུམས་བཞིན་འཕོས་པས་དེང༌། །རབ་བྱུང་ཟས་ཀྱི་ཕུང་པོས་མ་ཚིམ་པ། །སྔོན་གྱི་རུས་པ་མཐོང་གྲོལ་ཆོས་སྲིད་གྲགས། །ལྷས་«༩༠»བསྐོས་མཆིས་འབྲང་བུ་དང་མནའ་མར་བཅས། །རབ་དང་སེམས་ཀྱིས་མཆོད་འོས་ཤཱཀྱ་ཐུབ། །དགེ་འདུན་བཅས་པ་སྤྱན་དྲངས་གདུགས་བཞིར་མཆོད། །ཆོས་བསྟན་བདེན་པ་མཐོང་བ་ནོར་ཅན་སྡེ། །འབོད་གྲོགས་«༩༡»མགུལ་བའི་རིན་ཆེན་རྒྱུད་མངས་ལས། །ཚིགས་བཅད་ཕྱེད་པའི་གླུ་བླངས་ལྷག་མའི་ཡོན། །རང་ལུས་ཤ་ཁྲག་མཆོད་པས་བསྟབས་པའི་མཐར། །འགྱོད་བྲལ་བདེན་པས་བསོས་པ་ཤི་བིའི་རྒྱལ། །དྲིན་དུ་«༩༢»ཆེ་བ་སྐྱེད་བྱེད་དམ་མའི་མགོར། །རྐང་རྩེས་བསྣུན་རྟགས་སྤྱི་བོ་མཚོན་ཆས་བཅོམ། །འགྱོད་ཀྱིན་གཞན་ཕན་བློ་ཡིས་སྒྲིབ་བྱང་ནས། །དགའ་ལྡན་ལྷར་སྐྱེས་མཛའ་བོའི་བུ་མོར་གྲགས། །མཆོད་«༩༣»ཡུལ་དམན་པས་ཡིད་སྐྱོ་ཤིང་འཕེལ་དུ། །སྤྱན་འདྲེན་གསོལ་བཏབ་སང་གི་མཁའ་ལམ་ནས། །བདེ་གཤེགས་འཁོར་བཅས་ཀྱིས་བྱོན་དད་པའི་གཞིར། །དམ་ཆོས་དར་རྐྱེན་མ་ག་དྷ་བཟང་མོ། །བསོད་«༩༤»ནམས་ལྷན་ཅིག་སྐྱེས་པ་མཆེ་བའི་ཆུ། །བདུད་རྩིའི་རང་བཞིན་བཏུང་བས་སྲིད་པའི་དཔལ། །ཡོངས་སྤངས་ཐུབ་པའི་མཆོག་ལས་རབ་བྱུང་བ། །སྲེད་པའི་རྡུལ་བྲལ་ལས་བཟང་གྲགས་པའི་བཤེས། །བཀྲེས་«༩༥»རྔབས་དྲག་པོས་བརྡར་བའི་མཆེ་བ་དག །རང་གི་ཕྲུ་གུ་ལ་གཙིགས་བཟའ་ཉེ་བ། །སྙིང་རྗེའི་རྡུལ་གྱིས་རང་ལུས་དེར་བཏང་བས། །མ་སྨད་ཡོངས་ཀྱི་སྲོག་བསྲུངས་སྟག་མོའི་གཏམ། །«༩༦»མྱ་ངམ་ཐང་དུ་འཕྱན་པ་ལྔ་བརྒྱའི་བློན། །བཀྲེས་སྐོམ་ཉམ་ཐག་བརྩེ་བའི་སྣ་ལག་གིས། །ཉེར་བླངས་ཆུ་ཡིས་དབུགས་ཕྱུང་རང་གི་ལུས། །གཡང་སར་མཆོངས་ཏེ་བྱིན་པ་གླང་པོ་བཟང༌། །ཆུ་«༩༧»གཏེར་དོན་མཐུན་བྱིང་བ་རང་གི་རྒྱབ། །རྣམ་བཀོད་ཕ་རོལ་བསྒྲལ་མཐར་ངལ་བའི་ལུས། །གཉིད་དུ་ཡུར་སྐབས་གོར་མའི་ཆར་ཕབ་ཀྱང༌། །མ་ནོངས་ལུས་ཀྱི་སྦྱིན་བཏང་རུས་སྦལ་ཆེ། །དེ་བཞིན་«༩༨»གཤེགས་པས་གྱད་ལྟོགས་ཟས་ཀྱིས་བསྟབས། །དགེ་ལམ་བསྟན་པས་དགྲ་བཅོམ་གྲུབ་པའི་རྒྱུ། །སྔོན་ཚེ་དྲང་སྲོང་ཚོགས་ལ་ངེས་ལེགས་ལམ། །ཉེར་བསྟན་དགེ་བའི་ངང་ཚུལ་དཀའ་ཐུབ་པ། །«༩༩»གཞན་སྲོག་འཚོ་བའི་སྨན་མཆོག་རྙེད་དཀའི་ཕྱིར། །བ་གམ་ངོས་རྩེ་ལས་མཆོངས་རོ་ཧི་ཏར། །སྐྱེ་བར་སྨོན་ལམ་བཏབ་འཕྲལ་སྐྱེས་པའི་ཉའི། །ཤ་ཁྲག་སྨན་གྱིས་ནད་བསོས་པདྨ་ཅན། །བཅོམ་«༡༠༠»ལྡན་ཞལ་གྱི་ཆུ་སྐྱེས་འཛུམ་དབུས་ནས། །བྱང་ཆུབ་མཆོག་ཏུ་ཐོག་མའི་སེམས་བསྐྱེད་གཏམ། །སྦྲང་རྩིའི་རོ་བདའ་སྩལ་བ་གསལ་རྒྱལ་གྱིས། །བློ་ཡི་བུང་བས་གཞིབས་དེ་རབ་གསལ་དུས། །ནགས་«༡༠༡»སུ་ཆུ་བུམ་ཐོགས་པའི་གཞོན་ནུ་དེ། །ལམ་དུ་ཉག་ཕྲན་ཕོག་ཀྱང་ཕ་མ་ཡི། །རིམ་གྲོ་བྲལ་བའི་གདུང་བས་སྙིང་ཟུགས་པ། །བརྒྱ་བྱིན་སྨན་གྱིས་བསོས་པ་སྔོ་བསངས་ཅན། །«༡༠༢»དག་བྱེད་འགྲམ་དུ་དོན་མཐུན་ཚོགས་ཟ་བའི། །སྦྲུལ་གདུག་ཆེན་པོས་བསྐོར་བ་ཡོངས་བསྐྱབ་ཕྱིར། །གཉིས་འཐུང་སྟེང་ནས་ལངས་པའི་སྡེར་མོ་ཡིས། །བཅོམ་སྟེ་སྲོག་གསུམ་དོར་བ་གདོང་ལྔ་པ། །ལྷན་«༡༠༣»སྐྱེས་གདུགས་ཀྱི་གྲིབ་མར་ལྷ་མིའི་དཔལ། །དབང་དུ་འབྱོར་ལ་བློ་ངན་བློན་པོ་དགྲར། །ལྡང་བས་མ་མེས་དམག་གི་དཔུང་བསྐུལ་ཡང༌། །ཕན་སེམས་ཀྱིས་བསྡམས་དགའ་བའི་གོང་བུར་གྲགས། །རྩ་«༡༠༤»བ་འབྲས་བུའི་འཚོ་བ་ཡོངས་བསྐམས་པས། །ཐུབ་པ་བསོད་སྙོམས་གྲོང་དུ་འཇུག་བརྩམ་པ། །རང་ལུས་བསྟབ་ཕྱིར་ཞུགས་སུ་མཆོངས་ཆས་པས། །དཀའ་ཐུབ་ཕྱིར་ཞིང་བརྟན་བྱེད་རི་བོང་གྲོགས། །ཐབ་«༡༠༥»ཏུ་ཆོས་གོས་ཤིང་ཤུན་གྱིས་འཚོད་པ། །གཉིས་སྐྱེས་བེའུ་སྟོར་བའི་ཤ་ཁྲག་ཏུ། །སྔོན་ལས་ཀྱིས་སྦྲུལ་བཙོན་དུ་རིང་བཅིངས་མཐའ། །སྐྱོན་བྲལ་མངོན་སུམ་ཐོབ་པ་རཻ་བ་ཏ། །«༡༠༦»སྐྱེད་བྱེད་ཁྲོས་པས་ཡུལ་སྤྱུགས་ཉག་ཕྲན་གྱིས། །གནོད་སྦྱིན་གཅིག་གི་ལྷག་བྱས་བློན་པོའི་བུ། །མི་བདག་ལ་བཀོད་རང་ཉིད་ཕ་ཡི་སྲིད། །སྐྱོང་བའི་ཅོད་པཎ་བཅིངས་དེ་གསེར་གོ་ཆ། །ལེགས་«༡༠༧»ལམ་ཐམས་ཅད་སྙན་པའི་གླུ་ལེན་མས། །ཡིད་དབང་རབ་ཕྲོགས་བཅུ་གཉིས་ལོར་བསྒྲུབས་པའི། །རིན་ཆེན་ཡོན་གྱིས་དབྱངས་ཅན་མགྲིན་པ་ལས། །ལེགས་བཤད་ཅི་འདོད་འཇོ་བ་ཟས་གཙང་མ། །ཕ་མ་«༡༠༨»ནགས་ཁྲོད་དོང་བའི་རྗེས་འཁྱམས་པས། །མ་ལ་ཡ་ཅན་རྩེ་དགའ་རྗེས་དྲན་ཡང༌། །ཀླུ་ཕྲུག་ཚབ་ཏུ་རང་ལུས་མཁའ་ལྡིང་བྱིན། །གཽ་རཱིའི་ཆུ་རྒྱུན་གྱིས་བསོས་སྤྲིན་གྱི་བཞོན། །དེ་སྐད་མཁྱེན་བརྩེའི་འཁོར་ལོ་སྔོན་འགྲོ་མའི། །རྗེས་སུ་རྨད་བྱུང་སྤྱོད་པའི་དཔུང་བགྲོད་པས། །འགྲོ་དོན་བསྒྲུབས་པའི་རྟོགས་བརྗོད་ཆིག་བརྒྱ་བརྒྱད། །བདག་ཉིད་ཉི་མའི་རྒྱུད་འཁྲུངས་ལ་ཕྱག་འཚལ། །སྒོ་གསུམ་དགེ་བ་ལོངས་སྤྱོད་ཞིང་ཀུན་དུ། །མཆོད་པའི་སྤྲིན་གྱིས་ཁྱབ་པར་སྤྲུལ་ཏེ་དབུལ། །ཐོག་མེད་འཁོར་བར་རང་བཞིན་བཅས་སྡིག་གི །དྲི་མ་བཤུང་འགྱོད་སྐལ་ལྡན་ཤིང་རྟས་བཀྲུ། །འཕགས་དང་སོ་སྐྱེའི་ལེགས་བྱས་ཁ་བའི་རྡུལ། །བརྩེགས་ལ་ཡི་རང་ཟླ་བའི་འོད་ཀྱིས་བཀླུབས། །མི་མཆོག་མྱང་འདས་གཞོལ་ན་བསྐལ་སྔོན་གྱི། །སྨོན་ལམ་ཡི་གེ་གསུབས་ལ་མི་འགྱོད་དམ། །མ་རིག་གཉིད་ལ་ཡུར་བའི་ལུས་ཅན་རྣམས། །དམ་ཆོས་གླིང་བུ་སྙན་པས་སད་པར་མཛོད། །དུས་གསུམ་དགེ་བའི་ཕུང་པོ་བདག་དང་གཞན། །བདེ་གཤེགས་སྤྱོད་པའི་རྗེས་སུ་འཇུག་ཕྱིར་བསྔོ།།  །།ཡང་སྨྲས་པ། བསྐལ་པ་བཟང་པོའི་ལེགས་བྲིས་ལམ་འདི་མཛེས་བྱེད་པ། །ཆོས་ཀྱི་མ་བཟླུམས་བཞི་པ་ཤར་བའི་རྟོགས་པ་བརྗོད། །སྦྲང་རྩིའི་རྒྱལ་མཚན་རབ་རྒྱས་ཚལ་གྱི་བཅུད་འཐུངས་པས། །ཚིག་སྦྱོར་རྐང་པ་དྲུག་པ་རྒྱགས་པའི་གླུ་འདི་བླངས། །རྣམ་དཀར་དགེ་བས་ཡང་འབྱུང་སྲིད་པ་ཀུན་དུ་བདག །རྟེན་དུ་དལ་འབྱོར་རྫོགས་པར་ཚུལ་ཁྲིམས་བསླབ་པས་གཙང༌། །ཕྱི་ནང་གཙུག་ལག་ལ་འཇུག་རྣམ་དཔྱོད་ཆེས་གསལ་བའི། །མཁས་ཚུལ་གསུམ་གྱི་ཕྲིན་ལས་འཇིག་རྟེན་འབར་གྱུར་ཅིག །ས་བདག་ལྟོས་བཅས་ཀྱིས་མཚོན་སེམས་ཅན་ཐམས་ཅད་ལ། །རྒྱལ་བའི་ཐུགས་རྗེས་བྱིན་གྱིས་བརླབས་ཀྱི་འབབ་སྟེགས་བྱས། །དེ་ནས་བརྩམས་ཏེ་སྒྲིབ་པ་ཀུན་གྱིས་སྟོངས་པའི་རྒྱུད། །དགེ་བའི་ཚོགས་རབ་བླ་ནས་བླ་མར་འཕེལ་གྱུར་ཅིག །ཅེས་རྒྱལ་བའི་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་ཀྱི་གྲངས་དང་མཉམ་པར་ཡལ་འདབ་རེ་རེའི་བརྗོད་བྱ་རྣམས་ཤླཽ་ཀ་རེར་བསྡེབས་པའི་སངས་རྒྱས་ཀྱི་རྟོགས་པ་བརྗོད་པའི་ཚིགས་སུ་བཅད་པ་རིན་ཆེན་དོན་འདུས་ཞེས་བྱ་བ་འདི་ནི། གསེར་ལྡན་ལུས་ཕྲའི་བཞིན་རས་ཡངས་པར་དབང་གི་མངའ་མཛད། དཔལ་སྡེ་དགེ་ས་སྐྱོང་བླ་མ་ཆེན་པོ་ལྕམ་དྲལ་ནས་ལྷ་ཁང་དུ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་བཀོད་པ་ལྡེབས་རིས་སུ་བཞེངས་པའི་སྐབས། བཟོ་གནས་རིག་པའི་གཙུག་ལག་སྨྲ་བ་བནྡེ་ཚུལ་ཁྲིམས་རིན་ཆེན་དུ་བོད་པས་སུག་བྲིས་སུ་བགྱིས་པ་བཀྲ་ཤིས་རྣམ་པར་རྒྱལ་བར་གྱུར་ཅིག །སརྦ་མངྒ་ལཾ།།  ༄། །ན་མཿཤཱཀྱ་མུ་ན་ཡེ། འགྲོ་བའི་བླ་མ་ཤཱཀྱ་སེང་གི་ཡི། །མཛད་པའི་གཙོ་ལས་བྱུང་བའི་མཆོད་རྟེན་བརྒྱད། །སྐུ་བལྟམས་མཆོད་རྟེན་པད་སྤུངས་སེར་སྐྱར་བྱུང༌། །རྫོགས་སངས་རྒྱས་པའི་བྱང་ཆེན་མ་ག་དྷཱར། །ཆོས་འཁོར་བསྐོར་བའི་སྒོ་མངས་འཁོར་མོ་འཇིག །ཆོ་འཕྲུལ་བསྟན་པའི་ཆོ་འཕྲུལ་མཉན་ཡོད་དུ། །ལྷ་གནས་ལས་བབ་ལྷ་བབས་གསལ་ལྡན་གྲོང༌། །དགེ་འདུན་དབྱེན་བསྡུམ་བྱམས་དངོས་རྒྱལ་པོའི་ཁབ། །སྐུ་ཚེ་བྱིན་རླབས་རྣམ་རྒྱལ་ཡངས་པ་ཅན། །མཛད་པ་ཐ་མའི་མྱང་འདས་རྩྭ་ཅན་དུ། །ལེགས་བྱུང་མཆོད་རྟེན་བརྒྱད་ལ་ཕྱག་འཚལ་བསྟོད། །དགེ་བས་ཐམས་ཅད་གཟིགས་པའི་སྐུ་ཐོབ་ཤོག །ཅེས་དེ་བཞིན་གཤེགས་པའི་མཆོད་རྟེན་ཆེན་པོ་བརྒྱད་ཀྱི་བསྟོད་པ་ཉུང་ངུ་དོན་འདུས་འདིའང༌། བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ལྷུན་གྲུབ་སྟེང་དུ་བྲིས་པའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*