དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་དང་པོའི་ནང༌།

གཉིས་པ་ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་པར་བྱེད་པའི་ཐབས་གླེགས་བམ་རིན་པོ་ཆེར་བཞུགས་པའི་ཁྲིད་ཀྱི་གཞུང་ཤིང་ཆེན་མོ་བཞི་ལས། གཞུང་ཇི་ལྟ་བ་བཞིན་བཀྲི་བའི་གཞུང་ཤིང་རྒྱས་པ་ལམ་གྱི་སྔོན་འགྲོའི་ཁྲིད་ཡིག་སྣང་གསུམ་མཛེས་པར་བྱེད་པའི་རྒྱན་ཉིད་གཞིར་བྱས་འཁྲིད་ཚུལ་གྱི་རྣམ་གཞག་གི་རྒྱས་འགེབས་དང་བརྒྱུད་པའི་ཕྱག་བཞེད་ཀྱིས་ལེགས་པར་བརྒྱན་ཏེ་ཉམས་ཁྲིད་སྨིན་རྒྱས་སུ་སྩལ་ནས། སྙན་བརྒྱུད་བཞིའི་སྤྲོས་པའི་སྒྲོ་འདོགས་གཅོད་པའི་སྐབས་དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། གདམས་ངག་གི་སརྒ་མ་ལོག་པ། མོས་གུས་ཀྱི་བསམ་པ་ཚིམ་པ་སྟེ་བཞི་དང་ལྡན་པའི་འཆད་ཚུལ་གྱི་སྒོ་ནས་བཤད་པའི་དང་པོ་ནི་རྒྱུ་ལམ་འབྲས་གསུམ་གྱི་དབང་གི་ཆུ་བོ་མ་ནུབ་པ། གཉིས་པ་ནི་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་ཉམས་སུ་བླངས་པ་མྱོང་བ་བྱིན་གྱིས་བརླབས་པ་གྲུབ་པའི་མཐའ་སྟེ་བརྒྱུད་པ་མ་ཉམས་པ། གསུམ་པ་ནི་གདམས་ངག་གི་སརྒ་ཞེས་པ་རྒྱུད་དང་མན་ངག་གི་གོ་རིམ་མ་འཆོལ་བ། བཞི་པ་མོས་གུས་ཀྱི་བསམ་པ་ཚིམ་པ་རྟོགས་པ་རྒྱུད་ལ་སྐྱེས་པས་བླ་མ་ལྷ་དང་གདམས་ངག་ཏུ་བཅས་པ་ལ་གཞན་རྐྱེན་གྱིས་མི་འཕྲོགས་པའི་མོས་གུས་སྐྱེས་པ་སྟེ་བཞི་ཡིན་ལ། དེ་ཡང་སྙན་བརྒྱུད་གསུམ་པའི་གོ་རིམ་མ་འཆོལ་བ་དཔོན་སློབ་ཀྱི་འབྲེལ་པ་མ་བརྟགས་པར་དབང་མི་བསྐུར། དབང་མ་བསྐུར་བར་གདམས་ངག་མི་འཆད། དེ་མ་བཤད་པར་གཞུང་མི་སྦྱིན། དེ་མ་སྦྱིན་པར་སྒྲུབ་པའི་ལུང་དང་གསང་བཅུའི་རྒྱས་མི་གདབ་པ་སོགས་འཁྲུལ་པའི་དྲི་མ་ཕྲ་མོ་ཙམ་ཡང་མེད་པའི་ཕྱག་ལེན་རྣམ་པར་དག་པ་ཡིན་ལ། སྤྱིར་འཁྲིད་ཚུལ་ནི། བརྟག་གཉིས་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་ནས་བསླབ་པའི་གནས་བཅུ་སྦྱིན། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བརྩམས། །ཞེས་རྒྱུད་ཀྱི་དགོངས་པ་དང༌། དེ་དང་ཆ་འདྲ་བར། ལྗོན་ཤིང་ལས། ཐུན་མོང་གི་གདམས་པས་བཀྲལ་བ། ཐུན་མོང་མ་ཡིན་པ་གཞུང་ཆུང་རྡོ་རྗེའི་ཚིག་རྐང་ནས་གསུངས་པ་སོགས་མཐའ་དག་གི་དགོངས་དོན་ལམ་ཐུན་མོང་བས་རྒྱུད་སྦྱངས་པ་སྔོན་དུ་སོང་ནས། སྔགས་ལམ་ལ་འཇུག་དགོས་པ་ཡིན་ཞིང༌། དེ་ཡང་གང་ཟག་རབ་འབྲིང་ཐ་གསུམ་གྱི་རབ་རྣམས་དབང་བཞི་ཚད་ལྡན་ཐོབ་ནས་དེ་བསྐུར་བའི་བླ་མ་སྐུ་བཞི་ཡེ་ཤེས་ལྔ་ལྡན་དུ་ཐག་ཆོད་ནས་གསོལ་བ་འདེབས་པ་ནི་ལམ་ཟབ་ཁོ་ནས་གྲོལ་བ། འབྲིང་པོ་སོམ་ཉི་ཅུང་ཟད་ཡོད་པ་དམ་ཚིག་བསྲུངས་པས་གྲོལ་བ། ཐ་མ་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཚུལ་བཞིན་ཉམས་སུ་བླངས་པས་གྲོལ་བ་ལས། དེང་སང་ཕྱི་མ་ཉིད་གཙོ་ཆེ་བའི་ཕྱག་ལེན་དུ་མཛད་པ་ནི། བསྟན་པ་རིན་པོ་ཆེ་ཡོངས་རྫོགས་ཀྱི་ཉམས་ལེན་དུ་འགྱུར་བ་ལ། ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་དབང་བཞི་པའི་བར་གྱི་གང་ཟག་གཅིག་འཚང་རྒྱ་བའི་ཉམས་ལེན་ཆ་ཚང་བ་དགོས་པས་ཐོག་མར། ཐེག་པ་ཐུན་མོང་བའི་ལམ་སེམས་ཅན་ལ་ཉོན་མོངས་པ་ལ་མ་དག་པའི་སྣང་བ། རྣལ་འབྱོར་པ་ལ་ཏིང་ངེ་འཛིན་ལ་ཉམས་ཀྱི་སྣང་བ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དག་པའི་སྣང་བ་སྟེ་ལམ་སྣང་བ་གསུམ་གྱི་འཁྲིད། དེ་རྗེས་མཎྜལ་ཚོམ་བུ་ལྔ་པ་ལ་བརྟེན་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བརྒྱུད་པ་ཁྱད་པར་གཉིས་ལྡན་གྱི་ཆོ་ག་རྗེ་བཙུན་གོང་མ་རྣམས་ཀྱི་གསུང་རབ་ཀྱི་དོན་སྙིང་པོར་བསྡུས་པ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་ལེགས་པར་མནོས་ནས། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་སྡོམ་པ་ཉི་ཤུ་རྩ་འགྲེལ་དང༌། བླ་མ་ལྔ་བཅུ་པ་རྩ་འགྲེལ་གྱི་བཤད་ལུང་དཔོན་སློབ་ཀྱི་འབྲེལ་བརྟག་པའི་དོན་དུ་སྩལ། དེ་ནས་རྗེ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཡི་གེ་ལྟར་སློབ་མ་རྗེས་སུ་གཟུང་བ་མཛད་དེ། བསགས་སྦྱོང་གི་ཁྲིད་དམིགས་རྣམས་ཕོག་ནས་སློབ་དཔོན་རང་ཉིད་བསྙེན་པ་ཁ་གསོ་བའི་ཏིང་ངེ་འཛིན་ལ་ཞག་བདུན་དུ་སྙོམས་པར་བཞུགས་ནས། ཏིང་ངེ་འཛིན་དེ་ལས་གྲོལ་བ་ན། བླ་མེད་རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་ཐབས་རྒྱུད་ཀྱི་གཙོ་བོ་སྨིན་གྲོལ་གཉིས་ལས། དང་པོ་ནི་ཀྱེ་རྡོ་རྗེ་ལྷ་དགུའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཀྱེ་རྡོ་རྗེའི་མངོན་པར་རྟོགས་པ་ཡན་ལག་དྲུག་པ་དང༌། གཏོར་ཆོག་མཛེས་པར་བྱེད་པའི་རྒྱན་དང༌། དབང་གི་ཆུ་བོ་ཆེན་པོ་མཛེས་པར་བྱེད་པའི་རྒྱན། དབང་གི་མཚམས་སྦྱོར་ལུང་དང་རིགས་པ་མན་ངག་གི་གཏེར་མཛོད་དང་རྒྱ་གཞུང་གི་བསྟོད་པ་དང་བཀྲ་ཤིས་རྣམས་ལ་བརྟེན་ནས།དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པའི་སྒོ་ནས་རྒྱུ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པ་བཤད་པས་མཐའ་དཔྱད་དེ་སྦྱང་གཞི་སྦྱོང་བྱེད་ལེགས་པར་ངོ་སྤྲད་པ་དང་བཅས་ཏེ་སྨིན་རྒྱས་སུ་ནོས་པའི་ཐུན་མོང་གི་དབང་དྲུག་གི་སྐབས་ནས་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ཨཥྚའི་བཟླས་ལུང་བཅས་ཏེ་རྒྱུ་དུས་ཀྱི་དབང་ཕྱིན་ཅི་མ་ལོག་པ་ཐོབ་བོ། །དེ་ལྟར་ནོས་པའི་དམ་ཚིག་དང་སྡོམ་པ་རྣམས་མི་ཉམས་པར་བསྲུང་བ་གསལ་བར་སྟོན་པའི་རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་རྒྱ་ཆེར་བཤད་པའི་འགྲེལ་པ་འཁྲུལ་པ་སྤོང་«་་་་་འདི་ནས་བརྩམས་ཏེ་ལས་དང་པོ་པ་དང་ཐུན་མོང་གི་ཆོས་བདུན་ནི་གླེགས་བམ་གྱི་དཀར་ཆག་གིས་ཟིན་པ་ལོགས་སུ་བཞུགས་ཀྱང་རུང་བ་ནི། »བ་ཞེས་བྱ་བ་རྗེ་བཙུན་ཆེན་པོ་གྲགས་པས་མཛད་པ། མངོན་རྟོགས་རྒྱས་པ་«»ཡན་ལག་བཞི་པ་སློབ་དཔོན་རིན་པོ་ཆེ་རྩེ་མོས་མཛད་པ། རྗེ་བཙུན་ཆེན་པོས་མཛད་པའི་མངོན་རྟོགས་འབྲིང་པོ་«»ཡན་ལག་དྲུག་པ་ཚིག་སྣ་རིང་ཐུང་གཉིས་ཡོད་པའི་ཐུང་བ། དེས་མཛད་པའི་རྗེ་བཙུན་རྡོ་རྗེ་བདག་མེད་མའི་རིམ་པ་གཉིས་འཁོར་དང་བཅས་པའི་མངོན་རྟོགས«» རྗེ་བཙུན་རྩེ་མོས་མཛད་པའི་དབང་གི་ཆུ་བོ་ཆེན་པོ་«»མ་ནུབ་པའི་ཕྱག་ལེན། དེས་མཛད་པའི་ཞི་བ་འབའ་ཞིག་གི་སྦྱིན་སྲེག་གི་ཆོ་ག་«»ཞིབ་ཏུ་བསྟན་ཅིང་རྣམ་གཞག་མདོར་བསྡུས་པ། དེའི་འཕྲོས་ལས་ལས་བཞི་གའི་སྦྱིན་སྲེག་གི་ཆོ་ག་མདོར་བསྟན་ཞིང་རྣམ་གཞག་རྒྱས་པར་བསྟན་པ་«»རྗེ་བཙུན་ཆེན་པོ་གྲགས་པས་མཛད་པ། ཁྱད་པར་གྱི་བཟའ་བའི་དམ་ཚིག་གི་ཚོགས་འཁོར་འབྲིང་པོ་«»རྗེ་བཙུན་ཆེན་པོས་མཛད་པ་སྟེ་ལས་དང་པོ་པའི་ཆོས་ཚན་བདུན་གྱི་ལུང་རྣམས་སྩལ་ནས། ཁྲིད་ཀྱི་དངོས་གཞི་རྗེ་ངོར་ཆེན་ཐམས་ཅད་མཁྱེན་པས་མཛད་པའི་ཁྲིད་གཞུང་རྒྱུད་གསུམ་མཛེས་པར་བྱེད་པའི་རྒྱན་བླ་མ་ཕྱི་མས་མཛད་པའི་འཆད་ཐབས་ཀྱི་མན་ངག་དང་བཅས་པའི་སྟེང་ནས་སྔོན་འགྲོ་དངོས་གཞི་རྗེས་གསུམ་ཚང་བའི་སྒོ་ནས་དབང་གི་ཡེ་ཤེས་ལ་ལོག་པར་རྟོག་པ་དགག་ཅིང་འོག་ནས་འབྱུང་བའི་ལམ་ཐམས་ཅད་སྐྱོན་མེད་པར་སྒྲུབ་པའི་སླད་དུ་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་ཁྲིད་འཁོར་འདས་དབྱེར་མེད་རྩ་འགྲེལ་ལ་བརྟེན་ནས་རིག་ཐོག་ཏུ་བརྡར་ཤ་དཔྱད། ལུས་ཐབས་རྒྱུད་ལ་དབང་བཞི་དང་འབྲེལ་བའི་ལམ་གྱི་ཐོག་མར་བུམ་དབང་དང་འབྲེལ་བ་ཕྱི་བསྐྱེད་པའི་རིམ་པ་སེམས་འཛིན་དང་བཅས་པ་གསལ་སྣང་མ་མཐོང་བར་བསྒོམ་བློར་བྱས། དེ་དག་གི་སྐབས་སུ་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་ཀྱེ་རྡོར་སྒྲུབ་ཐབས་ཀྱི་རྒྱ་ཆེར་བཤད་པ་བསྐྱེད་རིམ་གནད་ཀྱི་ཟླ་ཟེར། ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་རྣམ་པར་བཤད་པ་དང་བསྙེན་པ་བྱ་ཚུལ་དང༌། བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་རྣམས་ཀྱིས་རང་གཞན་གྱི་དོན་གང་སྒྲུབ་ཀྱང་ཕྱིན་ཅི་མ་ལོག་པར་ཤེས་པའི་རྡོ་རྗེ་སློབ་དཔོན་དུ་བསྒྲུབས་ནས།ཕྱི་རོལ་དུ་ཞེན་པའི་གདོན་གྱི་གཉེན་པོར་ནང་རྡོ་རྗེ་སློབ་དཔོན་ཆེན་པོའི་དོན་དམ་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་ལམ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པ་བསྐུར་བ་ཡི་གེ་བརྒྱ་པའི་བཟླས་ལུང་བཅས་པ་སྩལ་ནས། ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་ལུས་དཀྱིལ་གྱི་རྣམ་པར་བཤད་པ་བདེ་ཆེན་བཅུད་ཀྱི་སྙིང་པོ་དང༌། ཀྱེ་རྡོ་རྗེའི་མངོན་པར་རྟོགས་པ་ལམ་དུས་ཀྱི་དབང་དང་བཅས་པའི་རྣམ་པར་བཤད་པ་བཀླགས་པས་ཀུན་ཤེས་ཀྱི་ལུང་ཡང་སྩལ་ཞིང༌། དེ་ནས་ཁྲིད་གཞུང་ལྟར་ནང་བསྐྱེད་པའི་རིམ་པ་བསྒོམ་བྱའི་དོན་ལ་ཐོས་བསམ་གྱིས་སྒྲོ་འདོགས་དཔྱད་དེ་དཔྱད་དོན་ཉམས་སུ་ལེན་པ་བསྐྱེད་རིམ་སེམས་འཛིན་གྱི་ཉམས་ཁྲིད་ལ་ལམ་དང༌། ལྟ་བ་དང༌། གྲུབ་མཐའ་དང༌། འདའ་ཀ་མ་དང༌། ཞར་བྱུང་བར་དོ་དང༌། འབྲས་བུ་སྟེ་དོན་ཚན་དྲུག་ལྡན་དུ་སྩལ། གསང་དབང་གི་ལམ་བདག་བྱིན་གྱིས་བརླབས་པ་ཁམས་འདུས་པ་དང་པོ་རླུང་གཏུམ་མོ་དྲོད་རྟགས་ཀྱི་ཁྲིད་ཅེས་པ་གཏུམ་མོའི་དམིགས་རྐང་བཅོ་བརྒྱད་ཀྱི་རིམ་པ། ཕོ་ཉའི་ལམ་མམ་ཤེས་རབ་ཡེ་ཤེས་ཀྱི་ལམ་ཞེས་བྱ་བ་ཁམས་འདུས་པ་བར་མ་དཀྱིལ་འཁོར་འཁོར་ལོ་འདོད་པའི་ལྕགས་ཀྱུ་དགའ་བཞི་ལུགས་འབྱུང་ལུགས་ལྡོག་ཏུ་ཉམས་སུ་བླང་བའི་ཁྲིད། ཁམས་འདུས་པ་ཐ་མ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་དམ་དབང་བཞི་པའི་ལམ་རྦ་རླབས་གསུམ་གྱི་ཁྲིད་དང་བཅས་པའི་དབང་བཞི་རེ་རེ་ལའང༌། ལམ། ལྟ་བ། གྲུབ་མཐའ། འདའ་ཁ་མ། ཞར་བྱུང་བར་དོ། འབྲས་བུ་སྟེ་དོན་ཚན་དྲུག་དྲུག་གི་སྒོ་ནས་གཏན་ལ་བབ་པ་དང་བཅས་པའི་དབང་པོ་རབ་འབྲིང་ཐ་མའི་ལམ་ཆ་ཚང་བ་རེ་རེ་ཁྲིད་རིམ་དུ་ཚང་བར་སྩལ། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་རྗེ་བཙུན་བརྩེ་བ་ཆེན་པོ་པ་ལ་དངོས་སུ་གནང་བའི་མན་ངག་ས་སྐྱའི་ལྕགས་རིའི་ཁོངས་ལས་མི་འདའ་བ་བཞིའི་ནང་ཚན་ལམ་ཟབ་ཕྱི་ནང་གསང་གསུམ་ལས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་པ་དང༌། པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་སྟེང་ནས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཕྱི་མའི་ཁྲིད་ཀྱི་བྱིན་རླབས། པཎ་ཆེན་ནམ་མཁའ་དཔལ་བཟང་དང་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་ལམ་ཟབ་ནང་མའི་ཁྲིད་ཀྱི་བྱིན་རླབས། བྲང་ཏི་པཎ་ཆེན་དང་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡི་གེ་ལྟར་བླ་མ་རིན་ཆེན་འབྱུང་ལྡན་གྱི་བྱིན་རླབས། པཎ་ཆེན་གྱི་ཡི་གེའི་སྟེང་ནས་རྣལ་འབྱོར་དབང་ཕྱུག་གིས་བརྩེ་ཆེན་སྙིང་པོའི་ཞབས་ལ་དངོས་སུ་གནང་བའི་ཕྱིའི་བར་གཅོད་སྲུང་བ་རྣལ་འབྱོར་དབང་ཕྱུག་གི་སྲུང་བ་ཐུན་མོང་བའི་བྱིན་རླབས། ངོར་ཆེན་རྡོ་རྗེ་འཆང་དང་ངག་དབང་ཆོས་གྲགས་པའི་ཡི་གེའི་སྟེང་ནས་རྣལ་འབྱོར་དབང་ཕྱུག་གི་སྲུང་བ་ནང་མའི་བྱིན་རླབས། དེ་དང་འབྲེལ་བའི་བིར་སྲུང་གི་བསྲུང་བའི་དམིགས་རིམ་དང་ཡིག་རྙིང༌། སྔོན་ཆད་ཞལ་ཤེས་ཁོ་ནར་བཞུགས་པའི་བིར་སྲུང་གི་ཆ་ལག་ཟབ་མོའི་དམིགས་ཁྲིད། རྗེ་ངོར་ཆེན་གྱི་ཡི་གེའི་སྟེང་ནས་བླ་མ་དོན་གྲུབ་ཀྱི་བླ་མའི་རྣལ་འབྱོར་བྱེ་བྲག་པ་ཚར་གསུམ་ཁུག་པའི་བྱིན་རླབས། རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་སིནྡྷཱུ་རའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ། པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་ཡི་གེ་ལྟར་བརྡ་དོན་གསལ་བའི་བྱིན་རླབས། ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་ཡི་གེ་ལྟར་རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས། མན་ངག་རྣམས་ཡོངས་སུ་རྫོགས་པའི་མཐར་བརྡ་ཆིག་བརྒྱུད་ཀྱི་བྱིན་རླབས། གསུང་ངག་སྟན་ཐོག་གཅིག་ཏུ་ཉམས་སུ་བླང་བའི་ཚུལ་སྟོན་པ་ལམ་བསྡུས་ཏེ་སྒྲུབ་པའི་ལུང་སྦྱིན་པ། ལམ་ཡོངས་སུ་རྫོགས་པའི་མཐར་གསང་བ་བཅུས་རྒྱས་གདབ་པའི་བྱིན་རླབས། ཀུན་མཁྱེན་གོ་རམས་པ་དང་ངག་དབང་ཆོས་གྲགས་པའི་ཡི་གེ་ལྟར་བསྟན་པ་གཏད་ཅིང་བཀའ་བསྒོ་བའི་ཚུལ་དུ་ལམ་འབྲས་པའི་མགོན་རྐྱང་གི་རྗེས་གནང་དང་བཞི། ཆོས་གྲགས་ཀྱིས་མཛད་པའི་ཡི་གེ་ལ་བརྟེན་པ་དང་བཅས་པ་རྣམས་ལེགས་པར་ཐོས་སོ། །གཉིས་པ་དེ་རྣམས་ཀྱི་རྒྱབ་བརྟེན་དུ་བསྟན་བཅོས་ཚད་མ་དང་འབྲེལ་བའི་ལུང་ཐོབ་པའི་རྣམ་གྲངས་ལ། ཐོག་མར་གསུང་ངག་གླེགས་བམ་པོད་སེར་མ་ཞེས་པ་སྟེ། དེའི་རྒྱུ་མཚན་ན་བཟའ་སེར་པོས་དྲིལ་བས་དེ་ལྟར་དུ་གྲགས་སོ་ཞེས་གསུངས་ཏེ། དེར་བཞུགས་པའི་ཆོས་ཚན་གྱི་རྣམ་གྲངས་ལ། འཕྲང་བྲག་དམར་བ་དང༌། དཀར་ཤཱཀྱ་གྲགས་སོགས་ཀྱིས་བསྒྲིགས་པ་ཅུང་ཟད་མི་འདྲ་ཙམ་དུ་མ་འདུག་ཀྱང་འདིར་རྗེ་བཙུན་མཆོག་གིས་བསྒྲིགས་པ་འཕྱུགས་མེད་ཀྱི་རྐང་གྲངས་ཚིགས་བཅད་དུ་བརྗོད་ན། རྡོ་རྗེའི་ཚིག་རྐང་རྣམ་འགྲེལ་«་་་་་ས་དཔྱད་གཅིག་ཡོད། »གཉགས་མ་དང༌། །གསལ་བྱེད་ཀུན་གཞི་རྒྱུ་རྒྱུད་གདན་སོགས་དང༌། །ལུས་དཀྱིལ་འཆི་བསླུ་བུམ་དབང་འདའ་ཀ་མ། །ཐིག་ལེའི་རྣལ་འབྱོར་ཕྱག་རྒྱའི་མཚན་ཉིད་དང༌། །བཞི་པའི་འདའ་ཁ་བར་དོའི་གདམས་ངག་དང༌། །ལམ་དབང་ཚད་མ་བཞི་དང་གདམས་ངག་དྲུག །རྟེན་འབྲེལ་ལྔ་དང་གྲིབ་སེལ་ཡི་གེ་གཉིས། །ཐིག་ལེ་བསྲུང་དང་ཡིག་བརྒྱའི་འདོན་ཐབས་དང༌། །རླུང་སྦྱོར་བྷ་གའི་ཡི་གེ་འཁོར་བཞིའི་རྒྱ། །དབང་ཕྱུག་དོན་བརྒྱད་ས་ཕྱེད་མངོན་རྟོགས་དང༌། །དོན་བསྡུས་མ་སྟེ་ཉི་ཤུ་རྩ་བཞི་ནི། །རྩ་བ་ཉིད་ཀྱི་སྟེང་དུ་བཤད་བྱའོ། །དེ་དག་ལས་འཕྲོས་གུད་དུ་གསུངས་པའི་ཆོས། །འཁོར་འདས་དབྱེར་མེད་དབང་བཞིའི་མན་ངག་གནད། །མཆོག་དབང་བསྐུར་ཚུལ་བསྐྱེད་རིམ་བསྡུས་པ་དང༌། །རིལ་བུའི་སྒྲུབ་ཐབས་ཡུམ་གྱི་བྱིན་རླབས་དང༌། །གེགས་སེལ་བཞི་དང་དབང་ཆུ་སྒྲུབ་ཐབས་གསུམ། །རྩ་ལྟུང་འཁྲུལ་སྤོང་ཚོགས་འཁོར་སྦྱིན་སྲེག་སྟེ། །འཕྲོས་ཏེ་གསུངས་པའི་ཆོས་སྣ་བཅུ་བདུན་ལས། །ཕྱི་མ་བདུན་པོ་ལོགས་སུ་བཞུགས་ཀྱང་རུང༌། །འབྲིང་གསུམ་ལམ་གཉིས་གཞུང་ཤིང་ཆེན་པོ་བཞི། །རྟོགས་བསྐྱེད་ཆོས་ལྔ་ལམ་ཟབ་བླ་མ་དང༌། །ལུང་སྦྱོར་བཞི་དང་བརྒྱུད་པའི་ལོ་རྒྱུས་གཉིས། །མན་ངག་ཕྲ་མོར་བཅས་པ་དྲུག་ཅུའོ། །ཞེས་ཏེ་དྲུག་ཅུ་པ་འདིར་མན་ངག་ཕྲ་མོ་ལ་ངོས་བཟུང་བ་ལྟར་སྣང་ཡང་དོན་ལ་གཞུང་རྩ་བ་འདྲེན་པ་འཐད་པར་བཞེད། དེ་ཡང་ཚད་མ་བཞི་དང་སྦྱོར་ཚུལ་ནི། །བླ་མ་ཚད་མ་རྒྱ་བོད་རྣམ་ཐར་གཉིས། །ཉམས་མྱོང་ཚད་མ་ཁྲིད་ཀྱི་གཞུང་ཤིང་བཞི། །རྟོགས་བསྐྱེད་ཆོས་ལྔ་གེགས་སེལ་ཡི་གེ་བཞི། །དབང་དང་དམ་ཚིག་གསུམ་གསུམ་ལྟ་བའི་གཅིག །བསྐྱེད་རིམ་ལྔ་དང་ཡུམ་གྱི་བྱིན་རླབས་དང༌། །གཞུང་ཤིང་དང་པོ་སྦྱར་བའི་ཆོས་བཅུ་གསུམ། །འབྲིང་བསྡུས་ལམ་གཉིས་ལམ་ཟབ་བླ་མ་དང༌། །ཉི་ཤུ་རྩ་དགུ་ཉམས་མྱོང་ཚད་མའི་སྐོར། །གཉགས་མ་གསལ་བྱེད་ཉེར་གཉིས་དོན་བསྡུས་མ། །ཉི་ཤུ་རྩ་བཞི་བསྟན་བཅོས་ཚད་མའི་སྐོར། །ལུང་གི་ཚད་མ་ལུང་སྦྱོར་རྣམ་བཞི་སྟེ། །མན་ངག་ཕྲ་མོས་ཀུན་ལ་ཕན་འདོགས་བྱེད། །གཞུང་ཤིང་རྒྱས་པར་སྦྱར་བྱའི་ཆོས་བཅུ་གསུམ། །འཕྲོས་ཏེ་གསུངས་པའི་ཆོས་སྣ་བཅུ་བདུན་ལས། །གེགས་སེལ་གདམས་ངག་བཞི་སྤང་བཅུ་གསུམ་མོ། །ཞེས་པ་ལྟར་ཚིགས་སུ་བཅད་པས་མདོར་བསྟན་ནས། དེ་དག་སོ་སོར་ཕྲལ་ཏེ་བསྟན་པ་ནི། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གླེགས་བམ་གྱི་དཀར་ཆག་རྗེ་བཙུན་«་་་་་འདི་གླེགས་བམ་གྱི་དབུར་བཞུགས་ཀྱང་ཆོས་སྣ་དྲུག་ཅུར་མི་གཏོགས་སོ།། »ཆེན་པོས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་མཛད་པ། གསུང་ངག་རིན་པོ་ཆེའི་རྩ་བ་རྡོ་རྗེའི་ཚིག་རྐང༌།«་་་་་འདི་རྗེ་བཙུན་ཆེན་པོའི་གླེགས་བམ་དཀར་ཆག་ན་མི་གསལ་བར་བརྟེན་རྗེས་འབྲང་མང་པོ་ཞིག་གླེགས་བམ་གྱི་གྲངས་སུ་མི་འདྲེན་པ་ནི་འཁྲུལ་པར་བཞེད་དོ།། »གཞུང་ཆུང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། དགེ་བའི་བཤེས་གཉེན་གཉགས་བཞི་རབ་པ་དབང་ཕྱུག་རྒྱལ་མཚན་གྱིས་ཞུས་པའི་ངོར་དཔལ་ལྡན་ས་སྐྱ་པ་ཆེན་པོས་མཛད་པའི་རྣམ་འགྲེལ་གཉགས་མ།«་་་་་རྣམ་འགྲེལ་བཅུ་གཅིག་ཙམ་ཡོད་པའི་ནང་ནས་འདི་གཞུང་ཉུང་ལ་དོན་རྒྱས་པའི་ཁྱད་དུ་འཕགས་ཞེས་དཀར་ཆག་ཏུ་སྣང་ངོ༌།། »དཀར་ཆག་ལས་མི་གསལ་བ་གསལ་བར་བྱེད་པ་ལ་ཞལ་ལས་ཤེས་སོ་ཞེས་སྨོས་པ་དགུ་ལས་མེད་ཀྱང་གསལ་བར་བྱེད་པའི་ཡི་གེ་ཉི་ཤུ་རྩ་གཉིས་ཡོད་དེ་ཞེས་གསལ་བྱེད་ཀྱི་ཡི་གེ་ཉི་ཤུ་རྩ་གཉིས་དོན་བསྡུས་མ་དང་བཅས་པ་ལས་ཀུན་གཞིའི་ཡི་གེ་དོན་བསྡུས་པ། གདན་སོགས་ཀྱི་ཡི་གེ ལུས་ཀྱི་དཀྱིལ་འཁོར་གྱི་ཡིག་ཆུང༌། བུམ་དབང་གི་འདའ་ཁ་མའི་སྐབས་སུ་འཆི་ལྟས་འཁྲུལ་འཁོར་འཆི་བསླུ་དང་བཅས་པ་སྣང་བ་བསྒྱུར་བའི་འདའ་ཁ་མ་སྟེ་བུམ་དབང་གི་ཡིག་ཆུང་ཆོས་སྡེ་གཅིག་ཏུ་འདྲེན་པ། གསང་དབང་གི་ཐིག་ལེའི་རྣལ་འབྱོར། ཤེས་རབ་ཡེ་ཤེས་ཀྱི་ཕྱག་རྒྱའི་མཚན་ཉིད། བཞི་པའི་འདའ་ཁ་མ་བུམ་དབང་དང་ཐུན་མོང་དུ་ཡི་གེས་སྒོ་དགག་པ་དང་བཅས་པའི་ཡིག་ཆུང་འདི་ནི་བུམ་དབང་དང་ཐུན་མོང་བ་ཡིན་ནོའི་མཐའ་ཅན། བར་དོ་བཞིའི་ཡིག་ཆུང༌། ལམ་དུས་ཀྱི་དབང་རྒྱས་འབྲིང་བསྡུས་གསུམ་གྱི་ཡིག་ཆུང༌། ཚད་མ་བཞིའི་ཡིག་ཆུང༌། གདམས་ངག་དྲུག་གི་ཡིག་ཆུང༌། རྟེན་འབྲེལ་ལྔར་བསྟན་པའི་ལམ་གྱི་ཡིག་ཆུང༌། གྲིབ་སེལ་དང་གནས་སྦྱོང་འབྱམས་གཅོད་ཀྱི་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག«་་་་་ཀླུ་སྒྲུབ་པའི་ཁོག་འབུབས་སུ་འདི་སཱཙྪའི་མཇུག་ཏུ་འདུག »གི་ཡིག་ཆུང༌། གདོན་གྱི་གྲིབ་མ་ཁྲུས་ཀྱིས་སེལ་བའི་ཡིག་ཆུང༌།གྲིབ་མ་སཱཙྪས་སེལ་བའི་ཡིག་ཆུང༌། ཐིག་ལེ་འཛག་པ་བསྲུང་བའི་ཡིག་ཆུང༌། ཡི་གེ་བརྒྱ་པ་གདོན་ཐབས་ཀྱི་ཡིག་ཆུང་སྟེ་འཁོར་འདས་ཐུན་མོང་གི་སྐབས་དགོས་པ་བཅུ་བདུན། རླུང་གི་སྦྱོར་བ་བདུན། བྷ་གའི་ཡི་གེ་བཅུ་བཞི་སྟེ་འཁོར་ལོ་འཆམ་པ་ལ་གཉིས། གསང་དབང་གི་སྐབས་སུ་འཁོར་བཞིའི་རྒྱ། བཞི་པའི་དབང་ཕྱུག་གི་དོན་བརྒྱད། མཐར་ཕྱིན་པའི་ས་བཅུ་གསུམ་ཕྱེད་འོག་མའི་མངོན་རྟོགས་ཏེ་འདས་ལམ་གྱི་སྐབས་སུ་གསུམ་གྱི་གསལ་བྱེད་ཉི་ཤུ་རྩ་གཉིས་སོ། །བྱང་ཆུབ་སེམས་དཔའ་ཨ་སེང་གིས་ཞུས་པའི་ངོར་ས་སྐྱ་པ་ཆེན་པོས་གནང་བའི་འགྲེལ་པ་ཐམས་ཅད་ཀྱི་དོན་བསྡུས་ཀྱི་ཚིགས་བཅད་རྣམ་འགྲེལ་ཨ་སེང་མར་གྲགས་པ་ཉི་ཤུ་རྩ་བཞི་«་་་་་གླེགས་བམ་འདི་ཉིད་ཚད་མ་བཞི་དང་སྦྱར་ན་འདི་ཡན་གྱི་ཆོས་ཚན་ཉི་ཤུ་རྩ་ལྔ་པོ་བསྟན་བཅོས་ཚད་མ།»ནི་བསྟན་བཅོས་འདི་ཉིད་ཀྱི་སྟེང་དུ་བཤད་པར་བྱ་བ་ཡིན་ནོ། །དེ་དག་ལས་འཕྲོས་པའི་གུད་དུ་གསུངས་པའི་ཆོས་སྐོར་ལ། ཀུན་གཞི་རྒྱུ་རྒྱུད་ལས་འཕྲོས་ནས་སྙིང་པོའི་དོན་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་རྩ་བ་ཚིག་ལེའུར་བྱས་པ་རིན་པོ་ཆེའི་སྣང་བ་ཤླཽ་ཀ་ཉི་ཤུ་པ་འགྲེལ་པ་དང་བཅས་པ། ཐབས་རྒྱུད་གདན་སོགས་ལས་འཕྲོས་པ་དབང་བཞིའི་ཆོ་ག་མཐའ་དག་མདོར་བསྡུས་པའི་མན་ངག་གི་ཡི་གེའམ་རྒྱུ་དུས་སུ་དབང་གི་ཆུ་བོ་མ་ནུབ་པའི་མན་ངག་གི་གནད།གདན་སོགས་ལས་འཕྲོས་པ་མཆོག་དབང་གསུམ་གྲོལ་ལམ་ལ་བརྟེན་ནས་བསྐུར་བའི་མན་ངག ལམ་སོགས་ཉི་ཤུ་ལས་འཕྲོས་ནས་ཕྱི་བསྐྱེད་པའི་རིམ་པ་མདོར་བསྡུས་པའི་གནད་ཅེས་པ་རྒྱས་འབྲིང་མི་འདྲ་བའི་ཁྱད་པར་བསྟན་པའི་མཇུག་ཏུ་བསྡུས་པ་ལ་བསོད་ནམས་ཚོགས་གསོག་སོགས་གསལ་བར་བསྟན་པ། དམ་ཚིག་ལས་འཕྲོས་པ་བདུད་རྩི་རིལ་བུ་སྒྲུབ་ཚུལ། གསང་སྔགས་སྙན་བརྒྱུད་སོགས་མ་ཆད་པ་ལས་འཕྲོས་ནས་རྡོ་རྗེ་བདག་མེད་མའི་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པའི་ཐོ་ཡིག་བརྩེ་ཆེན་སྙིང་པོའི་ཞབས་ཀྱིས་མཛད་པ།«་་་་་དཀར་ཆག་ཏུ་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་ནི་ལོགས་སུ་རྟོགས་པར་བྱའོ་གསུང་བ་འདི་ཡིན་ལ་ཕྲ་མོའི་ཆོས་སྡེར་ཡང་གཏོགས་སོ།། »བསྲུང་བ་སུམ་ཅུ་དང་མན་ངག་གི་གནད་བདུན་ཅུ་ལས་འཕྲོས་ནས་གེགས་སེལ་གྱི་ཡི་གེ་བཞི་བྱུང་བ་ལས་ཐོག་མར་བསམ་གཏན་འདོར་བའི་འཕྲང་བདུན་གྱི་གེགས་སེལ་ཐབས། བྱུང་རྒྱལ་དུ་མི་གཏོང་བའི་གནད་བཞི། ལུས་འཁྲུགས་རླུང་དང་སྤྱོད་ལམ་གྱིས་སེལ་བ། རྣལ་འབྱོར་གྱི་ཕྲིན་ལས་སུམ་ཅུ་རྩ་གཉིས་ཏེ་དགུ་པོ་འདི་གླེགས་བམ་དུ་དངོས་སུ་བཞུགས་ཤིང༌། ལས་དང་པོ་པ་དང་ཐུན་མོང་དུ་དགོས་པའི་ཆོས་བདུན་པོ་དེང་སང་གླེགས་བམ་འདིར་མི་བཞུགས་པས་གོང་དུ་སྨོས་ཟིན་ནའང་དོན་དུ་དེ་དག་ཐམས་ཅད་རྩ་བ་རྡོ་རྗེའི་ཚིག་རྐང་ལས་འཕྲོས་པའི་སྐོར་ཡིན།«་་་་་དཀར་ཆག་ཏུ་གླེགས་བམ་འདི་ན་གནས་ཀྱང་འགལ་བ་མེད་ལ་ལས་དང་པོ་པ་དང་ཐུན་མོང་དུ་དགོས་པའི་ཕྱིར་ལོགས་སུ་འདུག་ཀྱང་ཉེས་པ་མེད་དོ་ཞེས་སོ། »།ལམ་རྒྱས་འབྲིང་བསྡུས་གསུམ་གྱི་རྒྱས་པ་གོང་དུ་བཤད་མ་ཐག་པ་ལྟར་དང༌། འབྲིང་པོ་རྩ་བ་མེད་པའི་ལམ་འབྲས་འབྲིང་དུ་བསྡུས་ནས་གང་ཟག་གཅིག་གིས་ལམ་འབྲས་བུ་དང་བཅས་མ་ཚང་བ་མེད་པར་སྟོན་པ། རང་གི་གཞུང་ཅུང་ཟད་ཡོད་པ་སྒྲུབ་པའི་ལུང་སྦྱིན་པའམ་འབོགས་པ་ལམ་བསྡུས་པ། དེ་ལྟར་ལམ་རྒྱས་འབྲིང་བསྡུས་གསུམ་མཐའ་དག་རྣལ་འབྱོར་པས་ཉམས་སུ་བླང་བའི་ཕྱིར་གཞུང་ཤིང་ཆེན་པོ་བཞི་ལས་ཐོག་མར་གཞུང་ཇི་ལྟ་བར་བཀྲི་བའི་ཁྲིད་ཡིག་ཇོ་ལྕགས་མར་གྲགས་པ་ལྷོ་བྲག་པ་དཀར་སྟོན་ཇོ་སྲས་ལྕགས་ཀྱི་རྡོ་རྗེས་ལན་མང་དུ་གསོལ་བ་བཏབ་པ་ལ་བརྟེན་ནས་མཛད་པ།«་་་་་དཀར་ཆག་དང་རིན་པོ་ཆེ་ཀླུ་སྒྲུབ་པའི་ཁོག་འབུབས་སུ་འདི་ལྟར་འདུག་ཅིང༌། རྗེ་མཁྱེན་བརྩེའི་ཁོག་འབུབས་ན་གཞུང་ཤིང་དང་རྟོགས་པ་བསྐྱེད་པ་བསྡོམས་པའི་ཆོས་ཚན་དགུ་པོ་གེགས་སེལ་གྱི་འགོར་འདུག་པ་ཚད་མ་བཞི་དང་སྦྱོར་བའི་དབང་དུ་བྱས་སོ། »།མན་ངག་གི་གནད་དྲུག་གིས་བཀྲི་བའི་ཁྲིད་ཡིག་ཁྱད་པར་ཅན། བརྩོན་འགྲུས་ཅན་མན་ངག་གི་གནད་བཅུ་གཅིག་གིས་བཀྲི་བའི་ཁྲིད་ཡིག་གང་ཟག་དབང་པོ་རབ་འབྲིང་གསུམ་བཀྲི་བའི་ཁྲིད་ཡིག་དང་བཞི། དེ་ལྟར་ཉམས་སུ་བླངས་པ་ལས་བྱུང་བའི་རྟོགས་པ་བོགས་དབྱུང་བའི་ཕྱིར་རྟོགས་པ་བསྐྱེད་པའི་ཆོས་ལྔ་ལ། ཐོག་མར་ལམ་འཇུག་ལྡོག མགྱོགས་བྱེད་ཕོ་ཉའི་ལམ་ཕྱག་རྒྱ་འཇུག་ལྡོག ཤེས་པས་ཕན་འདོགས་པའི་མན་ངག་བདུན། འཁོར་འདས་ཀྱི་ལམ་ཐུན་མོང་དུ་བསྲེ་བ་དང༌།འགྲོས་བཞི་དང་བཅས་པའི་ཡི་གེ ཕྱི་ནང་གི་མཛད་པ་བཅུ་གཉིས། རྟོགས་པ་བསལ་བའི་ཕྱིར་«་་་་་དཀར་ཆག་དང་ཀླུ་སྒྲུབ་པའི་ཁོག་འབུབས་ཀྱི་དངོས་བསྟན་ལས་བདག་ཆེན་རྡོ་རྗེ་འཆང་གི་ཕྱག་དཔེའི་དཔེ་རིས་རྣམས་ཅུང་ཟད་མང་བར་སྣང་ངོ༌།། »འཆི་ལྟས་བརྟག་པ་རྒྱས་པའི་དཔེ་ཆུང༌། མ་ངེས་པའི་འཆི་ལྟས་ཀྱི་དཔེ་ཆུང༌། དེ་གཉིས་དང་འདྲ་མིན་རེ། རྩ་བའི་དཔེ་རིས་རྒྱས་འབྲིང་བསྡུས་གསུམ། གསུང་ངག་དཀྱུས་དང་སྲས་དོན་མའི་ལུགས་ཀྱི་བྷ་གའི་ཡི་གེ་བཅུ་བཞིའི་དཔེ་ཆུང་སོ་སོ། ཡང་བྷ་གའི་དཔེ་ཆུང་ལུགས་གཅིག་ཉམས་སྐྱེ་ཚུལ་དང་བཅས་པ། རྣལ་འབྱོར་གྱི་ཕྲིན་ལས་སུམ་ཅུ་རྩ་གཉིས་དཔེ་རིས།གེགས་སེལ་གཞན་གྱི་དཔེ་ཆུང་གཉིས། ལམ་སྦས་བཤད་ཀྱི་རིགས་དྲུག་སྐྱེ་བ་བརྟག་པའི་དཔེ་ཆུང་རྣམས་རྣམ་གྲངས་གཅིག་ཏུ་འདྲེན་ནོ། །གང་ཟག་དབང་པོ་རབ་བླ་མས་གྲོལ་བས་ལམ་གཞན་ལ་ལྟོས་མི་དགོས་པས་དེའི་ཆ་རྐྱེན་ལམ་ཟབ་འབྲིང་གསུམ་ལས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་བླ་མ་ཆེན་པོའི་དབུ་སྙུང་མ་«་་་་་འདི་ཡན་ལ་རྟོགས་པ་བསལ་བའི་སྐོར་མ་གཏོགས་དངོས་བསྟན་གྱི་ཡི་གེ་རྣམས་ཀྱི་སྟེང་དུ་དབང་ཆུ། སྒྲུབ་ཐབས་ཡན་ལག་བཞི་དྲུག བདག་མེད་མའི་སྒྲུབ་ཐབས། སྦྱིན་སྲེག་རྣམས་བསྣན་པའི་ཆོས་སྣ་སུམ་ཅུ་པོ་རྣམས་ཉམས་མྱོང་ཚད་མ་ཡིན་ནོ།། »ཚད་མ་བཞི་པ་བཀའ་ཡང་དག་པའི་ལུང་ཚད་མ་དང་སྦྱོར་བར་ལུང་ཚད་མ་གསུང་ངག་རིན་པོ་ཆེ་འདི་ཉིད་དང་མདོར་བསྡུས་ཏེ་སྦྱར་བ་ལམ་ཕྱི་མ་གཉིས་ཀྱང་དེ་བཞིན་དུ་ཤེས་པར་བྱའོའི་མཐའ་ཅན།གསུང་ངག་རིན་པོ་ཆེ་ལུང་མཐའ་དག་དང་མདོར་བསྡུས་ཏེ་སྦྱར་བ་གསུང་ངག་ཚད་མ་ལུང་དང་སྦྱར་བའི་གདམས་ངག་གོའི་མཐའ་ཅན། རྗེ་བཙུན་བརྩེ་བ་ཆེན་པོས་མཛད་པའི་གསུང་ངག་རིན་པོ་ཆེ་ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ།«་་་་་དཀར་ཆག་ཏུ་ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ་ནི་ལོགས་སུ་ཤེས་པར་བྱའོ་གསུང་བ་འདི་ཡིན་པས། དཔེ་ལ་ལར་དམར་གྱིས་མཛད་ཚུལ་འདུག་པ་ནི་མཆན་བུ་ལྟ་བུ་དམར་གྱིས་མཛད་པ་ཡོད་སྲིད་པ་ལ་འཁྲུལ་ལམ་སྙམ་མོ། །ཕྲ་མོའི་ཆོས་སྡེར་ཡང་སྣང་ངོ༌། »།གླེང་གཞི་དང་གླེང་བསླང་བ་དང་རྒྱུད་ཀྱི་ཡན་ལག་རྒྱས་པར་དབྱེ་བ་དང་སྦྱར་བ་གསུམ་གྱི་སྒོ་ནས་བསྟན་པ་«་་་་་ལུང་སྦྱོར་གསུམ་པོ་འདི་ལུང་ཚད་མ། »མཚོན་གྱིས་བསྲུངས་ལ་མཁའ་འགྲོས་བཟོད་པར་གསོལ་གྱི་མཐའ་ཅན། བླ་མ་ཚད་མར་སྦྱར་བའི་སྐབས་ཀྱི་བླ་མ་བརྒྱུད་པ་རྒྱ་གར་བའི་ལོ་རྒྱུས་ཞེས་པ་རྣལ་འབྱོར་དབང་ཕྱུག་གི་རྣམ་ཐར།«་་་་་འདི་གཉིས་བླ་མ་ཚད་མའོ། »།བླ་མ་བརྒྱུད་པ་བོད་ཀྱི་ལོ་རྒྱུས་ཞེས་པ་འབྲོག་མི་ལོ་ཆེན་ནས་ས་སྐྱ་པ་ཆེན་པོའི་བར་གྱི་རྟོགས་བརྗོད་མདོར་བསྡུས། འདི་ཡན་གྱིས་ལམ་འབྲས་གླེགས་བམ་ཆོས་སྣ་དྲུག་ཅུ་ཞེས་པ་ཚང་བ་ཡིན་ལ། རྗེས་འབྲང་ལ་ལ་དག་རྡོ་རྗེའི་ཚིག་རྐང་དང་རྟོག་བསལ་དོར་ནས་ཡི་གེ་མེད་པའི་ལུང་སྦྱོར་རྒྱས་པ་དང་ཕྲ་མོའི་དཀར་ཆག་གཉིས་འདྲེན་པ་དང༌། འགའ་ཞིག་རྡོ་རྗེའི་ཚིག་རྐང་གི་ཚབ་ཏུ་མན་ངག་ཕྲ་མོ་གཞན་རྣམས་གཅིག་ཏུ་འདྲེན་པ་དང༌། རྫོང་པའི་བཞེད་པར་རྡོ་རྗེའི་ཚིག་རྐང་གི་ཚབ་ཏུ་དཀར་ཆག་འདྲེན་པ་འདུག་གོ །དེང་སང་ཡོངས་གྲགས་ལ་གླེགས་བམ་དུ་ངེས་པར་བཞུགས་དགོས་པ་བཞི་བཅུ་ཞེ་དགུ་«་་་་་དགར་ཆག་ལ་སྔ་རྩོམ་ཕྱི་རྩོམ་གྱི་ཁྱད་ནས་ལ་ལར་འཁོར་འདས་དབྱེར་མེད་རྩ་འགྲལ་མེད་འདུག་པ་དེའི་དབང་གིས་ཞེ་དགུར་ངོས་བཟུང་ངམ་སྙམ་མོ། »།ཞེས་གྲགས་ནའང་དཀར་ཆག་གི་ཚིག་གིས་ཟིན་པ་ལྔ་བཅུ་ང་གཅིག ལོགས་སུ་བཞུགས་པ་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་དང་ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ་གཉིས། གླེགས་བམ་འདིར་བཞུགས་ཀྱང་རུང་ཞིང་མ་བཞུགས་ཀྱང་རུང་བའི་ཡིག་སྣ་བདུན་དང་བཅས་པས་ཆོས་སྡེ་དྲུག་ཅུ་ཐམ་པ། ཡང་ཆོས་སྡེ་དྲུག་ཅུར་དངོས་སུ་མི་གཏོགས་པར་གླེགས་བམ་དུ་བཞུགས་པ། བདེ་བར་གཤེགས་པའི་བཀའ་ཡང་དག་པ་ལུང་གི་ཚད་མ་ལུང་འདི་ཉིད་དང་སྦྱར་ན་མཐར་ཐུག་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་བཀའི་དབང་དུ་བྱས་ཏེ། གླེང་གཞིའི་མདོ་དང་གླེང་བསླང་གི་མདོ་རྒྱུད་དོན་རྒྱས་པ་དང་སྦྱར་བ་སློབ་དཔོན་རིན་པོ་ཆེས་མཛད་པ།«་་་་་ཕྲ་མོའི་ཆོས་སྡེར་ཡང་ཐེ། »མཇུག་ན་འདི་ནི་བདག་ཅག་སྤུན་གཉིས་དང་བཀའ་ལུང་པ་དང་རྨོག་སྟོན་དང་བཞིས་ཞུས་པ་ལགས་ཞེས་སོགས་ཡོད་པ། རྗེ་ས་སྐྱ་པ་ཆེན་པོས་གསུང་ངག་འདི་ལ་ཞུ་བ་པོ་སོ་སོའི་དོན་དུ་མཛད་པའི་རྣམ་འགྲེལ་བཅུ་གཅིག་ཙམ་ཡོད་པའི་ནང་ནས་ཤིན་ཏུ་ཟབ་ཅིང་རྒྱས་པ་རིགས་ཀྱི་སྲས་སློབ་དཔོན་རིན་པོ་ཆེ་སྐུ་མཆེད་གཉིས་ཀྱི་དོན་དུ་མཛད་པའི་རྣམ་འགྲེལ་སྲས་དོན་«ཨཻ་ཝེ་་་་་་འདི་དང་པོད་ནག་མ་གཉིས་དེ་སྔོན་མ་ཐོབ་ཀྱང་ཐོབ་འགྱུར་གྱི་དབང་གིས་བྲིས་སོ། »།མར་གྲགས་པ་རྡོ་རྗེའི་ཚིག་རྐང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་བཤད་པ་ཞལ་ནས་ཞལ་དུ་བརྒྱུད་པའི་གདམས་ངག་རྫོགས་བྱང་གི་མཐའ་ཅན། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་གླེགས་བམ་པོད་«ཨེ་ཝེ་»ནག་ཏུ་གྲགས་པའི་སྐོར་ལ། བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བ། ཕྱི་དཀྱིལ་གྱི་མངོན་རྟོགས་ཡན་ལག་དྲུག་པ། ལམ་དུས་ཀྱི་སྨིན་བྱེད་མཆོག་གི་དབང་བསྐུར་བའི་ཚུལ་ཟབ་པ་ལས་ཀྱང་ཆེས་ཟབ་པ། ཀྱེ་རྡོ་རྗེའི་སྒྲུབ་ཐབས་ལམ་དུས་དབང་གི་ཉམས་ལེན་དགེ་བཤེས་ཀུན་དགའ་རྒྱལ་མཚན་གྱི་ངོར་མཛད་པ། བླ་མ་ལ་བརྟེན་ནས་དངོས་གྲུབ་རྣམ་གཉིས་སྒྲུབ་པའི་རྣལ་འབྱོར་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་དང་བླ་མ་སྲས་པའི་དོན་དུ་མཛད་པ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཡན་ལག་མདོ་སྟོད་པ་ཆོས་རྒྱལ་འོད་ཟེར་གྱི་ངོར་མཛད་པ།ལམ་འབྲས་བུ་དང་བཅས་པའི་གཞུང་ཇི་ལྟ་བ་བཞིན་བཀྲི་བའི་ཁྲིད་ཡིག་སྦས་དོན་གསལ་བ། གནད་དྲུག་གིས་བཀྲི་བའི་ཁྲིད་ཀྱི་གསལ་བྱེད་གནད་ཀྱི་ལྡེ་མིག གནད་བཅུ་གཅིག་གིས་བཀྲི་བའི་ཁྲིད་ཀྱི་གསལ་བྱེད་གནད་ཀྱི་སྒོ་འབྱེད། དབང་པོ་རབ་འབྲིང་ཐ་གསུམ་བཀྲི་བའི་ཁྲིད་ཀྱི་གསལ་བྱེད་ཉུང་ངུ་རྣམ་གསལ། ལམ་འབྲས་འབྲིང་དུ་བསྡུས་ནས་སྣང་བ་གསུམ་དུ་གང་ཟག་གཅིག་ལ་དགོས་པ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རྗོད་བྱེད་ཀྱི་སྒྲ་ལ་མ་ལྟོས་པར་བརྗོད་བྱའི་དོན་གཙོ་བོའི་དབང་དུ་བྱས་ནས་མ་ཚང་བ་མེད་པར་བསྟན་པའི་སྙན་བརྒྱུད། ལམ་འབྲས་བུ་དང་བཅས་པའི་གདམས་ངག་རྣམ་པར་བཤད་པ་མན་ངག་གི་མཛོད་རྣམས་སོ། །གསུང་ངག་རིན་པོ་ཆེའི་པོ་ཏི་སྨར་ཆུང་ངམ་པོད་དམར་དུ་གྲགས་པའི་ལམ་འབྲས་ཀྱི་ཡི་གེའི་སྐོར་ལ། རིང་བརྒྱུད་ཀྱི་སྐོར་ཚད་མ་བཞི་དང་སྦྱར་ཏེ་བཤད་པ་དང༌། ཉེ་བརྒྱུད་ཀྱི་སྐོར་ཚད་མ་བཞི་དང་སྦྱར་ཏེ་ཤེས་པར་བྱ་བ་ལ། དང་པོ་ནི། བླ་མ་ཚད་མ་བརྒྱུད་འདེབས་ཁ་སྐོང་དང༌། །ས་བིར་མཇལ་ཚུལ་ཉམས་མྱོང་ཚད་མ་ནི། །ཞུ་ལན་སྤྱན་དང་ཨཥྚའི་བཟླས་ལུང་བཤད། །བདུད་རྩི་དབང་དབྱེ་རྒ་གདམས་མཎྜལ་གསུམ། །ལུས་སྦྱོང་ལུས་གནད་བདག་མེད་གཏུམ་མོ་གཉིས། །གེགས་སེལ་དགུ་དང་ཕྲིན་ལས་སྡོམ་བཅས་དང༌། །དབང་བཞི་ངོ་སྤྲོད་རྩ་འགྲེལ་ལུང་སྦྱིན་དང༌། །གསང་བ་བཅུ་ཡི་རྒྱས་གདབ་རྣམས་ཡིན་ནོ། །གནད་ཆེན་རྟེན་འབྲེལ་ལྔ་དང་ལྕགས་ཀྱུ་དང༌། །ཕྱག་ཆེན་འཁོར་བཞིའི་རྒྱ་དང་ཚོགས་སྦྱོར་ལམ། །ལམ་བསྡུས་བཤད་པ་བསྟན་བཅོས་ཚད་མའི་སྐོར། །ལུང་གི་ཚད་མ་ལུང་སྦྱོར་གསལ་བྱེད་དེ། །དགོན་པ་བ་ལས་བརྒྱུད་པའི་རྣམ་གྲངས་སོ། །གཉིས་པ་ནི། ལམ་ཟབ་རིན་འབྱུང་བིར་སྲུང་བྱིན་རླབས་སྐོར། །བིརྺས་ས་ཆེན་དངོས་ལ་བརྒྱུད་པའོ། །བརྡ་དོན་གསལ་བ་རྩ་འགྲེལ་དང་བཅས་པ། །ཚད་མ་སྦྱར་ཚུལ་བསྒྲེས་ཏེ་ཤེས་པར་བྱ། །ཞེས་གསུངས་པ་ལྟར། དེ་རྣམས་ཀྱི་ཁ་སྐོང་རྗེ་ཡབ་སྲས་ཀྱིས་མཛད་པ་ལ། རྗེ་བཙུན་འགྲོ་ཀུན་དགའ་མཛད་བཅུ་ཕྲག་གཅིག །དཀོན་མཆོག་མཁྱེན་པའི་གཏེར་ཆེན་རྣམ་གྲངས་བརྒྱད། །ཅེས་སྡོམ་གྱིས་བསྡུས་པའི་ཆོས་ཀྱི་རྣམ་གྲངས་སོ་སོར་གསལ་བར་འགོད་པ་འདི་ལྟ་སྟེ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག་གིས་མཛད་པའི་དཀར་ཆག་རིན་པོ་ཆེའི་ཕྲེང་བ། བླ་མ་ཚད་མའི་སྐབས་སུ། རྗེ་བཙུན་རིན་པོ་ཆེ་གྲགས་པས་མཛད་པའི་བླ་མ་བརྒྱུད་པའི་གསོལ་འདེབས་བླ་མ་རྡོར་འཛིན་མ་«་་་་་ཕྲ་མོ་ནའང་ཡོད། »དེའི་ཁ་སྐོང་ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་གངས་ཁྲོད་མ། དེའི་ཞར་བྱུང་ཁ་སྐོང་དུ་ངོར་ཆེན་གྱིས་མཛད་པའི་ཤར་ཆེན་དང་བུདྡྷ་ཤྲཱིའི་གསོལ་འདེབས། ས་ཆེན་ཡབ་སྲས་དང་བིརྺ་པ་མཇལ་བའི་ལོ་རྒྱུས་སྒ་ཐེང་ལ་བསྐུར་བ། ཉམས་མྱོང་ཚད་མའི་སྐབས་སུ། བྲ་སྟོན་བློ་གྲོས་ཀྱིས་ཞུས་པའི་གཞུང་ཇི་ལྟ་བ་བཞིན་དུ་བཀྲི་བའི་ཁྲིད་ཡིག་ཚིགས་བཅད་མ་རྗེ་བཙུན་གྲགས་པས་མཛད་པ།«་་་་་ཕྲ་མོར་འཇུག་པ་ཤླཽ་ཀ་གཅིག་མེད་པ་ཞིག་འདུག »བརྩེ་བ་ཆེན་པོས་མཛད་པའི་སངས་རྒྱས་སྤྱན་མའི་རྣལ་འབྱོར་དབང་དུས་སུ་རྨི་ལམ་ངན་པ་བཟློག་པ་དང་ཐུན་མོང་འཆི་བ་ཐུབ་པ་ཡང་ངོའི་མཐའ་ཅན། དེས་མཛད་པའི་ཨཥྚའི་བཟླས་ལུང་བླ་མའི་ཕྱག་ལེན་མཛད་པ་བཞིན་བྲིས་པའོའི་མཐའ་ཅན།«་་་་་ཕྲ་མོའི་དེ་འདི་དང་མི་གཅིག་པ་འདུག »ས་པཎ་གྱིས་མཛད་པའི་རྩ་བའི་སྔགས་ཀྱི་རྣམ་པར་བཤད་«་་་་་ཕྲ་མོ་ནའང་ཡོད། »པ་སྙིང་པོ་དོན་གསལ། བདུད་རྩི་རིལ་བུ་སྒྲུབ་པའི་ཕྱག་ལེན་བདུད་རྩི་འབྱུང་བ་ཞེས་པ་འཕགས་པས་མཛད་པ།«་་་་་ཕྲ་མོ་ནའང་ཡོད། »དབང་གི་རབ་དབྱེ་རྗེ་བཙུན་གྲགས་པའི་གསུང་བཞིན་ཞང་བཙུན་གྱིས་བྲིས་པ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་བྱི་ལོ་ནག་ཟླའི་ཚེས་བཅུ་ལ་སྒ་སྟོན་རྡོ་རྗེ་གྲགས་ལ་སྤྲིང་ཡིག«་་་་་ཕྲ་མོར་ཡང་ཡོད། »སྐྱུ་རའི་དབོན་པོ་དཔོན་གཡོག་གིས་གསོལ་བ་བཏབ་པ་ལ་བརྟེན་ནས་ས་པཎ་གྱིས་བསམ་ཡས་སུ་མཛད་པའི་ཕྱི་ནང་གསང་གསུམ་གྱི་མཎྜལ། དེའི་ཁ་སྐོང་ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་པགས་པ་གསེར་གྱི་ས་གཞི་མ། འགོར་དང་པོ་ལག་བཀྲུ་ལྟ་བུ་སྟེ། ཞེས་ཡོད་པའི་ལུས་སྦྱོང་ཉི་ཤུའི་གསལ་བྱེད་མདུད་འགྲོལ་ཟིན་བྲིས་ནོར་བཟང་པས་མཛད་པ། ལུས་གནད་ལ་དབབ་པའི་གདམས་པ་ཚིགས་བཅད་མ་ས་པཎ་གྱི་ཞབས་ལ་སྤྱི་བོས་རབ་ཏུ་བཏུད་པའི་དཔལ་ལྡན་ཕུག་པ་དམར་གྱིས་ཟིན་བྲིས་ཀུན་དང་ཐུན་མོང་མ་ཡིན་པ། བདག་མེད་མའི་བྱིན་རླབས་བརྒྱུད་པ་མ་ཉམས་པའི་ལག་ལེན་གྱི་ཐོ་ཡིག་རྗེ་བཙུན་གྲགས་པས་མཛད་པ།«་་་་་ཕྲ་མོར་འདུག་པ་ས་ཆེན་གྱིས་མཛད་པར་བཞེད། »འགོར་བཤང་སྒོར་ཡཾ་ལས་རླུང་གི་དཀྱིལ་འཁོར་ཞེས་ཡོད་པའི་འཁོར་ལོ་བཞིའི་རྒྱ་ས་ཆེན་གྱིས་མཛད་པ་ཐུགས་ཀྱི་ཉིང་ཁུ་ལགས་སོའི་མཐའ་ཅན། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས་བྱུང་བའི་རང་བྱིན་གྱིས་བརླབས་པའི་དམིགས་པ་ཉི་ཤུ་རྩ་དགུ་བ་ཞར་བྱུང་རླུང་གི་རྣལ་འབྱོར་གཙོ་བོར་བཞེད་པ་བླ་མའི་ཞལ་ཤེས་ཞེས་པའི་གེགས་སེལ་དང་བཅས་པ། རྗེ་ས་སྐྱ་པ་ཆེན་པོས་ལྷོ་བྲག་དཀར་སྟོན་ལ་གནང་བའི་ཕྱི་ནང་གསང་བའི་བར་གཅོད་གསུམ་སེལ།«་་་་་ཕྲ་མོ་ནའང་ཡོད། »འགོར་རྩ་དག་པར་བྱ་བ་ནི་ཞེས་ཡོད་པའི་བླ་མ་ས་ཆེན་གྱི་ཉམས་ཆུང་པ་བར་པ་དང་མཐའ་མ་ལ་སོགས་པའོའི་མཐའ་ཅན།«་་་་་ཕྲ་མོར་ཡང་ཡོད། »འགོར་སྤྱིར་སྲོག་འཛིན་པ་སྙིང་གར་རེངས་པའི་ཚུལ་བཞི་ཞེས་ཡོད་པའི་བླ་མ་ས་ཆེན་གྱི་ཉམས་ཆེན་མོ།«་་་་་ཕྲ་མོར་ཀུན་གཞི་བྱིན་རླབས་དང་མེ་མཉམ་གྱི་རླུང་རེངས་ཚུལ་སོགས་ཀྱང་ཆོས་ཚན་གཅིག་ཏུ་བཞེད།»མཐར་དྲི་ཆེན་རྡོ་ལྟ་བུ་སྐམ་པོ་འབྱུང་ངོའི་མཐའ་ཅན། ཁྱད་པར་གྱི་རླུང་རེངས་པ་ལྔ་འཆོས་པ་སོགས་ཀྱི་ཐབས་བླ་མའི་ཞལ་ལ་ལྟོས་པ་ཁྲག་དེ་ཉིད་བསྐོལ་ཏེ་སྤོད་ཀྱིས་སྦྲན་ནས་གཏང་ངོའི་མཐའ་ཅན།«་་་་་ཕྲ་མོར་ཐིག་ལེ་བསྲུང་བ་ཡན་ལས་མི་འདུག »ལྷོ་པ་དཀར་སྟོན་གྱིས་ཞུས་པའི་གཞན་ལ་མེད་པའི་གེགས་སེལ་གསང་བདུན་མ།«་་་་་ཕྲ་མོར་ཡང་ཡོད། »འགོར་འཁོར་འདས་ཀྱི་ཆོས་ཐམས་ཅད་བསྐྱེད་པའི་ས་བོན་ཞེས་ཡོད་པའི་གེགས་སེལ་གླིང་བཞི་མ་རི་བོང་གི་རིལ་མ་འདྲ་བ་ཆུ་དང་བཅས་ནས་སྟན་ཐོག་ཏུ་བྱུང་བས་སེལ་ལོའི་མཐའ་ཅན།«་་་་་ཕྲ་མོ་ན་ཉམས་ཆེན་པོ་དང་སྦྲེལ་ནས་འདུག་ཅིག་སྒོམ་ཆེན་རྡོ་རྗེ་འབར་ལུས་མ་བདེ་བ་མན་མི་འདུག »འབྱུང་བ་ལུས་འཁྲུགས་སོགས་སེལ་བའི་ཐབས་གེགས་སེལ་ཅེས་གནད་དུ་གྲགས་པ་འདི་དག་ཐམས་ཅད་ཉམས་མྱོང་རྗེས་སུ་དྲན་པའི་ཚད་མ་ལས་ཤེས་པར་བྱའོའི་མཐའ་ཅན། དམར་ཆོས་ཀྱི་རྒྱལ་པོས་ཞུས་པའི་གེགས་སེལ་བཀའ་རྒྱ་མ།«་་་་་ཕྲ་མོར་ཡང་ཡོད། »འདི་ཁམས་པ་ལྔ་དང་རྗེ་བཙུན་སྐུ་མཆེད་གཉིས་ལ་གནང་ཞིང་ཛང་གིས་རྗེ་བཙུན་སྐུ་མཆེད་སྦྲན་པས་ཛང་འདི་ངེད་ལ་ཤིན་ཏུ་དྲིན་ཆེ་གསུང་བ་མཇུག་ན་སྣང༌། འགོར་གཞན་དབང་རྟེན་འབྲེལ་ཞེས་བྱས་ཏིང་ངེ་འཛིན་གྱི་གེགས་སེལ་སྟོན་ཞེས་ཡོད་པས་གེགས་སེལ་བཞིའི་ཞལ་ཤེས་འདི་ལ་གོམས་ནས་མཚན་སུམ་ཅུ་སོ་གཉིས་ཐོབ་གསུང་ངོའི་མཐའ་ཅན། འགོར་ཛ་ལནྡྷ་ར་ཞེས་ཡོད་པའི་ཕྲིན་ལས་སོ་གཉིས་ཀྱི་སྡོམ་ཚིག་ཞལ་ཤེས་བུདྡྷ་ཤྲཱིས་མཛད་པ། དེའི་ཞལ་ཤེས་འགོར་ལག་གཉིས་བསྣོལ་བ་ཞེས་ཡོད་པ་རེ་མོས་རྡོག་གི་མཐའ་ཅན། ས་སྐྱ་པ་ཆེན་པོས་མཛད་པའི་དབང་བཞི་ངོ་སྤྲོད།«་་་་་ཕྲ་མོ་ནའང་ཡོད། »དེའི་འགྲེལ་པ།འགོར་རྗེ་བཙུན་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཞེས་ཡོད་པའི་བརྡ་དོན་གསལ་བའི་རྩ་བ་ས་པཎ་གྱིས་མཛད་པ།«་་་་་ཕྲ་མོར་ཡང་ཡོད། »དེའི་རང་འགྲེལ་རྩོམ་པ་དམ་བཅར། རྡོ་རྗེའི་ཚིག་འབྱེད་བརྡ་དོན་གསལ་བ་འདི། །དབུས་གཙང་མཚམས་སུ་བླ་མ་རྗེ་ལ་གནང༌། །ཞེས་ཡོད་པ། དེའི་གསལ་བྱེད་ལྷོ་པས་གསུང་བཞིན་ཟིན་བྲིས་སུ་མཛད་པ།«་་་་་ཕྲ་མོ་ནའང་ཡོད། »བསྟན་བཅོས་ཚད་མའི་སྐབས་སུ་བསྐྱེད་རིམ། རླུང༌། བྱིན་རླབས། ཕྱག་རྒྱ་མ། ཕྱག་རྒྱ་ཆེན་པོ། རྟེན་འབྲེལ་ཏེ་གནད་དུ་ཆེ་བ་དྲུག་གི་གདམས་པ་ས་ཆེན་གྱིས་མཛད་པ།«་་་་་འདི་ཕྲ་མོར་ལམ་སྐོར་ཁྲོད་དུ་བགྲངས་འདུག »ས་པཎ་གྱིས་མཛད་པའི་རྟེན་འབྲེལ་ལྔས་ལམ་ཡོངས་སུ་རྫོགས་པ།«་་་་་འདི་ཕྲ་མོ་ནའང་བཞུགས། »འགོར་གཡས་པའི་ཁུ་ཚུར་བརྐྱངས་བྱས་ཏེ་ཞེས་ཡོད་པའི་དམར་གྱིས་མཛད་པའི་ལམ་བསྡུས་པ་འདོད་པའི་ལྕགས་ཀྱུ་ལམ་འབྲིང་པོ་བྱ་བ་ཡིན་གསུང་བའི་མཐའ་ཅན། ཕྱག་རྒྱ་ཆེན་པོའི་དབྱེ་བ་དཔལ་ལྡན་ས་སྐྱ་པཎྜི་ཏའི་མནལ་ལམ་བསམ་ཡས་སུ་བྱུང་བ།«་་་་་མཇུག་གི་ཤླཽ་ཀ་གཅིག་མ་ཚང་བ་ཞིག་ཕྲ་མོ་ནའང་ཡོད། »དེས་མཛད་པའི་འཁོར་ལོ་བཞིའི་རྒྱ།«་་་་་འདི་གཉིས་ཕྲ་མོར་ཡང་ཡོད།་་་་་»བླ་མ་ཆོས་ཀྱི་རྒྱལ་པོ་འཕགས་པས་མཛད་པའི་ཚོགས་སྦྱོར་གཉིས་ཀྱི་མངོན་རྟོགས། ལམ་བསྡུས་པའི་བཤད་པ་མདོ་ཙམ་དུ་བསྟན་པ་བླ་མ་རིན་པོ་ཆེའི་གསུང་ལ་བརྟེན་ནས་ས་ཆེན་གྱིས་མཛད་པ། ལམ་བསྡུས་ཏེ་སྒྲུབ་པའི་ལུང་སྦྱིན་པ་ས་པཎ་གྱིས་མཛད་པ།«་་་་་ཕྲ་མོར་ཡང་ཡོད། »རྗེ་ས་ཆེན་གྱིས་མཛད་པའི་གསང་བཅུའི་རྒྱས་གདབ། ཉམ་པའི་འཕྲང་ལ་ཡིད་བཞིན་ནོར་བུ་ལྟར། །གསང་བཅུད་ལྡན་པའི་སྤྱོད་པ་མཐའ་རུ་བསྐྱལ་གྱི་མཐའ་ཅན། ལམ་ཟབ་བླ་མའི་ཁྲིད་ཡིག་ས་པཎ་གྱིས་དཔལ་ལིང་ཆུ་རྩེའི་ཁབ་ཀྱི་གཙུག་ལག་ཁང་དུ་སྦྱར་བ།«་་་་་ཕྲ་མོ་ནའང་ཡོད། »བླ་མ་རིན་ཆེན་འབྱུང་གནས་ཀྱི་རྣལ་འབྱོར་ས་སྐྱ་པཎ་ཆེན་གྱི་གསུང་བཞིན་ཆོས་རྒྱལ་དམར་གྱིས་ཡི་གེར་བཀོད་པ། ལམ་སྦས་བཤད་ཀྱི་ཡི་གེ་ས་སྐྱ་པཎྜི་ཏས་མདོ་སྨད་དུ་སྦྱར་བ།«་་་་་ཕྲ་མོ་ནའང་ཡོད། »འགོར་ལམ་སྦས་ཏེ་ཁྲིད་ན་ཞེས་ཡོད་པའི་ཕོ་བྲང་ལྔ་ལ་བརྟེན་པའི་སྦས་བཤད་འབྲས་བུ་རིམ་པར་རྒྱས་པ་གཞུང་དུ་གསལ་ལོའི་མཐའ་ཅན། འགོར་མཁལ་འདེགས་རིགས་གསུམ་སྤྱིའུ་ཚུགས་དང༌། ཞེས་ཡོད་པའི་ལམ་སྦས་བཤད་ཀྱི་འཁྲུལ་འཁོར་རྩ་བ་རྗེ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པ། དེའི་རང་འགྲེལ་ཆོས་རྫོང་དུ་ཡི་གེར་བཀོད་པ། འགོར་རྡོ་རྗེ་ལྕེ་ཡི་སྦྱོར་བ་དང༌། ཞེས་ཡོད་པའི་གྲུབ་ཆེན་བཅུ་དང་ཕྲ་མོ་བརྒྱད་ཀྱི་རྩ་བ།«་་་་་འདི་གཉིས་ཕྲ་མོ་ནའང་ཡོད།་་་་་»དེའི་འགྲེལ་པ་འགོར་དཔལ་ལྡན་རྣལ་འབྱོར་དབང་ཕྱུག་བིརྺ་པའི་ཞལ་གྱི་གདམས་པ་ཞེས་ཡོད་པ་ས་སྐྱ་པཎྜི་ཏའི་ཐུན་མོང་མ་ཡིན་པའི་གདམས་པ། དེའི་གསལ་བྱེད་སྙོམ་ལས་པ་བུདྡྷ་ཤྲཱིས་བརྗེད་བྱང་དུ་བྲིས་པ།«་་་་་ཕྲ་མོར་ལ་ལར་བུདྡྷ་ཤྲཱིས་མཛད་ཟེར་བ་མི་འཐད་ཚུལ་དང་བཅས་པ་སྣང་ངོ༌།།»འགོར་རྡོ་རྗེའི་ཚིག་རྐང་ལས་སྲུང་བའི་འཁོར་ལོ་ཞེས་ཡོད་པའི་བིར་སྲུང་སྭ་དྷེཾ་སྭཱ་ཧཱའི་མཐའ་ཅན།«་་་་་ཕྲ་མོར་འཕགས་པའི་ཡི་གེའི་གསལ་བྱེད་དུ་བགྲངས་འདུག་གོ »།འགོར་དཔལ་ལྡན་མཐུ་སྟོབས་དབང་ཕྱུག་ཅེས་ཡོད་པའི་བིར་སྲུང་སྤྱན་སྔར་དཔེ་འདི་གཏུགས་སོའི་མཐའ་ཅན། འགོར་ར་ག་ཏ་ཛ་ཕཊ། ཅེས་ཡོད་པའི་བིར་སྲུང་མི་ཚུགས་སོའི་མཐའ་ཅན། འཕགས་པས་ཤིན་ཏུ་ཞིབ་པར་བཀོད་པའི་བིར་སྲུང་དང༌།«་་་་་འདི་ཕྲ་མོར་ཡང་ཡོད། »བྱིན་རླབས་བྱ་ཚུལ།«་་་་་ཕྲ་མོར་བྱིན་རླབས་འདི་ས་ཆེན་གྱིས་མཛད་པར་བཞེད། »འགོར་རྣལ་འབྱོར་དབང་ཕྱུག་བིརྺ་པ་ནས་བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པ། ཞེས་ཡོད་པའི་རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས་བྱ་ཚུལ་བར་མ་ཆད་པའོའི་མཐའ་ཅན། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ལ་ས་པཎ་གྱིས་མཆན་མཛད་པ། དེའི་གསལ་བྱེད་ས་པཎ་གྱིས་མཛད་པའི་རྣམ་པར་བཤད་པ་བདུད་རྩི་སྤེལ་བ། རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུད་དོན་ཉམས་སུ་བླང་བའི་ཆོ་ག་ནུབ་པ་རིག་འཛིན་གྲགས་ཀྱིས་མཛད་པ། རྗེ་བཙུན་ཆེན་པོས་དབང་ཕྱུག་འོད་ཟེར་གྱི་ངོར་བཙོང་ཁ་དགོན་པར་མཛད་པའི་ཚར་གསུམ་ཁུག་པའི་མན་ངག«་་་་་ཕྲ་མོར་དཀར་ཆག་གིས་མ་ཟིན་པའི་ཁྲོད་དུ་ཡོད། »འགོར་སྤྱིར་ཡི་གེ་བརྒྱ་པ་ཕྱིར་བཟློག་ཏུ་འགྲོ་བ་དང༌། ཞེས་ཡོད་པའི་ཡིག་བརྒྱའི་མན་ངག་ས་ཆེན་གྱིས་མཛད་པ། འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་བརྗོད་དོའི་མཐའ་ཅན། འབྲོག་མིས་པཎྜི་ཏ་དྲུག་ལས་ཆོས་གསན་པའི་སྒོ་དྲུག་ཆོས་འབྲེལ་དུ་གྲགས་པ་ལ་ཤེས་རབ་འབྱུང་གནས་སྦས་པས་གདོན། ཛྙཱ་ན་ཤྲཱི་ལུས་འཁྲུགས། རིན་ཆེན་རྡོ་རྗེས་སེམས་ཀྱི་བར་ཆད་བསྲུང་བ་གསུམ་ཆོས་ཚན་གཅིག་ཏུ་བྱས་པ།«་་་་་ཕྲ་མོར་ཡང་ཡོད། »ནཱ་རོ་པའི་ཕྱག་རྒྱ་ཆེན་པོ་སྡུག་བསྔལ་གསུམ་སེལ་གྱི་གསལ་བྱེད་རྗེ་བཙུན་གྱིས་མཛད་པ་ཞར་བྱུང་བཞི་པ་མན་ཆད་རླུང་དང་བསྟུན་ཚུལ།«་་་་་ཕྲ་མོར་ཡང་ཡོད།་་་་་»ངག་དབང་གྲགས་པའི་གཉུག་མ་དྲན་གསལ།«་་་་་ཕྲ་མོར་ཡང་ཡོད། »དེའི་དབང་བཞི་སྟན་ཐོག་གཅིག་ཏུ་བླང་བ་ཞང་འཕགས་པ་ལྷས་ཡང་ཡང་བསྐུལ་ནས་རྗེ་བཙུན་ཆེན་པོས་མཛད་པ།«་་་་་ཕྲ་མོར་བླ་མ་བརྒྱུད་པ་ཡན་ལས་དེ་མན་གྱི་ཞང་འཕགས་པ་ལྷས་བསྐུར་ཚུལ་སོགས་མི་འདུག »གཞུང་རྣམས་ལེགས་པར་ཚར་ནས་ཤཱནྟ་པས་གནང་བའི་མདོ་རྒྱུད་བསྲེ་བ་སྙིང་པོའི་དོན་རང་གྲོལ་དུ་གྲགས་པ།«་་་་་ཕྲ་མོར་ཡང་ཡོད། »རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་ལམ་འབྲས་བུ་དང་བཅས་པ་བཤད་ཐབས་ཀྱི་གདམས་ངག་གསང་བའི་སྒོ་འབྱེད། དེས་མཛད་པའི་རྒྱུད་གསུམ་ལམ་གྱི་རིམ་པའི་བསྡུས་དོན། དེས་མཛད་པའི་ལམ་ཟབ་ནང་མའི་བླ་མའི་རྣལ་འབྱོར། དེས་མཛད་པའི་རྒྱུ་དུས་ཀྱི་དབང་གི་རྟོགས་པ་བསྐྱེད་པའི་རིམ་པ། བིར་སྲུང་གི་མན་ངག་བར་ཆད་ཀུན་སེལ། དེས་མཛད་པའི་བིརྺ་པའི་སྐུའི་རྣམ་འགྱུར་དྲུག་གི་དབྱེ་བ། དེས་མཛད་པའི་བིར་སྲུང་གི་ཐུན་མོང་མ་ཡིན་པའི་བྱིན་རླབས་བྱ་ཚུལ་ཚིགས་བཅད་མ། དེས་མཛད་པའི་ཐུན་མོང་མ་ཡིན་པའི་བིར་སྲུང་ཉམས་སུ་བླང་ཚུལ། དཀར་ཆག་ཏུ་མི་གསལ་བ་དེས་མཛད་པའི་བིར་སྲུང་གསར་མ་སྲུང་བཟློག་གི་གདམས་པ་ཁྱད་པར་ཅན་རྣམས་སོ། །དེ་དག་ཏུ་མ་གཏོགས་པ་ལམ་སྐོར་ལྷག་མ་བརྒྱད་ཀྱི་ཆོས་ཚན་ཁ་ཤས་བགྲངས་འདུག་པ་ནི་ཕལ་ཆེར་གླེགས་བམ་དུ་བཞུགས་པ་ཤས་ཆེ། དེ་ཐམས་ཅད་ལ་ཉེ་བར་མཁོ་བའི་གནད་དྲུག་ཅེས་པ་བསྐྱེད་རིམ་རླུང༌།«་་་་་པོད་དམར་ན་ལམ་འབྲས་ཀྱི་ཆོས་སྡེར་བགྲངས་འདུག »མཁའ་འགྲོའི་བྱིན་རླབས། ཕྱག་རྒྱ་མ། ཕྱག་རྒྱ་ཆེན་པོ། རྟེན་འབྲེལ་ཏེ་དྲུག་སྟོན་པ། ལམ་སྐོར་བྱུང་ཚུལ་ཞེས་པའི་ཡིག་ཆུང་ལམ་དགུ་པོ་བླ་མ་བཞི་ལས་གསན་གསུང་ངོའི་མཐའ་ཅན། བསམ་གྱིས་མི་ཁྱབ་པའི་ལོ་རྒྱུས་བླ་མ་ས་སྐྱ་པ་ཆེན་པོའི་གསུང་སྒྲོས་ཇི་ལྟ་བ་བཞིན་རང་གི་སློབ་མའི་ངོར་དཀར་སྟོན་ཆོས་འོད་ཀྱིས་དབྲི་བསྣན་མེད་པར་བྲིས་པ། བསམ་གྱིས་མི་ཁྱབ་པའི་བྱིན་རླབས་བླ་ཆེན་འབྲོག་མི་ལས་རང་གིས་ཐོབ་པ་ལྟར་བརྗེད་བྱང་དུ་བྲིས་པ་འདི་ནི་ཡབ་ཡུམ་དབང་རྫོགས་ཐོབ་པར་གདམས་ཏེ་བྱིན་པ།«་་་་་འདི་འབྲོག་མིའི་དངོས་སློབ་གཅིག་གིས་ཡིན་ཚུལ་དཀར་ཆག་ན་འདུག »བར་སྟོན་གྱི་ལམ་སྐོར་ཟིན་བྲིས་ལ། མཆོད་རྟེན་དྲུང་ཐོབ། བསམ་མི་ཁྱབ། པདྨ་བཛྲ་གྱི་ལམ། ལྷན་ཅིག་སྐྱེས་གྲུབ། གཏུམ་མོ་ལམ་རྫོགས་རྣམས་ཀྱི་ཟིན་བྲིས་ཆོས་ཚན་གཅིག་ཏུ་བསྡེབས་པ།«་་་་་ཐོག་མར་རྩོམ་པའི་དུས་འདི་རྣམས་འཁོར་འདས་དབྱེར་མེད་ཀྱི་འགོར་བྲིས་ཡོད་འདུག» གཉགས་སྙིང་པོ་རྒྱལ་མཚན་གྱིས་མཛད་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་ཉམས་སུ་ལེན་པའི་ཁྲིད།«་་་་་མཛད་བྱང་ན་ཧྲི་ད་དྷྭ་ཛ་ཞེས་རྒྱ་སྐད་དུ་བྲིས་འདུག» འགོར་བསམ་གྱིས་མི་ཁྱབ་པའི་གདམས་ངག་འདི་ལ་ཞེས་ཡོད་པའི་ཟིན་བྲིས་ཆེན་མོ་ལྟ་བ་བསམ་གྱིས་མི་ཁྱབ་པ་ལྔས་རྒྱུ་དུས་སུ་གཏན་ལ་ཕབ་སྟེ་ལམ་དུས་སུ་ལུས་ངག་ཡིད་གསུམ་སྦྱངས་ནས་འབྲས་བུ་ལུང་བསྟན་པའི་ཕྱག་རྒྱས་མཚམས་སྦྱར་བས་གནས་འགྱུར་གྱི་སྐུ་གསུམ་ཡན་ལག་བདུན་ལྡན་འགྲུབ་པར་བྱེད་པའོའི་མཐའ་ཅན། གསུང་ངག་རིན་པོ་ཆེའི་བསྟན་པ་འཛིན་པ་རྣམས་ཀྱིས་མཛད་པའི་ཡིག་སྣ་ཐོར་བུའི་སྐོར་ལ། རྣམ་འཇོམས་བིར་ལུགས་ལྷ་བདུན་ཅུ་རྩ་ལྔའི་སྒྲུབ་ཐབས་ནུབ་པ་རིག་འཛིན་གྲགས་ཀྱིས་མཛད་པའི་དབུའི་ཕྱོགས་ནས་ཕྱུང་བ་རྣམས། རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པ། དེས་མཛད་པའི་ག་ཡ་དྷ་ར་ནས་བརྒྱུད་པའི་གུར་མགོན་གྱི་རྗེས་གནང་བྱ་ཚུལ། རྗེ་མུས་ཆེན་སངས་རྒྱས་རིན་ཆེན་གྱིས་མཛད་པའི་གསུང་ངག་རིན་པོ་ཆེའི་ཁྲིད་ཡིག་དངོས་གྲུབ་འབྱུང་གཏེར་ཁ་སྐོང་དང་བཅས་པ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་གསུང་ངག་རིན་པོ་ཆེ་རྒྱུད་གསུམ་མན་ངག་དང་བཅས་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་འཇུག་གི་ཕོ་ཉ་བཅས་པ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཉམས་ལེན། གསུང་ངག་རིན་པོ་ཆེའི་དམིགས་རིམ་དང་མཐུན་པའི་གསོལ་འདེབས་ཟབ་དོན་སྙིང་པོ། དེའི་ལམ་ཁྱེར་གྱི་སྨོན་ལམ་བདུད་རྩིའི་ཐིགས་པ། མན་ངག་གི་བརྡ་འཕྲོས་ཟབ་དོན་སྣང་བ། དབང་གི་སྔོན་འགྲོའི་སེམས་བསྐྱེད། མན་ངག་ལུགས་ཀྱི་སློབ་མ་རྗེས་འཛིན་གྱི་ཡི་གེ ས་ཆོག་མདོར་བསྡུས། ཀྱེ་རྡོ་རྗེའི་སྒྲུབ་ཐབས་བསྙེན་སྒྲུབ་ཡན་ལག་བཞི་ལྡན། མངོན་རྟོགས་ཡན་ལག་དྲུག་པའི་མཛེས་རྒྱན། ལུས་དཀྱིལ་མཛེས་རྒྱན། བདག་མེད་མའི་སྒྲུབ་དཀྱིལ་གྱི་ཐོ། ལམ་འབྲས་རྡོ་རྗེའི་ཚིག་རྐང་གི་བསྡུས་དོན་ཚང་བདེ་ཉུང་གསལ། གཞུང་ཇི་ལྟ་བ་བཞིན་དུ་བཀྲི་བའི་ལམ་གྱི་སྔོན་འགྲོའི་ཁྲིད་ཡིག་སྣང་གསུམ་མཛེས་པར་བྱེད་པའི་རྒྱན། དེས་མཛད་པའི་ལམ་གྱི་དངོས་གཞིའི་ཁྲིད་ཡིག་རྒྱུད་གསུམ་མཛེས་པར་བྱེད་པའི་རྒྱན། དེས་མཛད་པའི་དཔལ་ཀྱེ་རྡོ་རྗེའི་དབང་གི་ཚིག་དོན་རྣམས་ལེགས་པར་བཤད་པ་ལུང་དང་མན་ངག་གི་གཏེར་མཛོད། དེས་མཛད་པའི་དབང་གི་མཚམས་སྦྱོར་སྙིང་པོ་བསྡུས་པ། དེས་མཛད་པའི་ཀྱེ་རྡོ་རྗེའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་ལག་ལེན་གསལ་བའི་མེ་ལོང༌། དེ་ལ་ལྟོས་པ་རྒྱས་པའི་སྦྱིན་སྲེག་གི་ཐོ། ཀྱེ་རྡོ་རྗེའི་འགྲེལ་པ་ལུགས་དང་མཚོ་སྐྱེས་ལུགས་དང་ནག་པོ་ལུགས་རྣམས་ཀྱི་སྒྲུབ་ཐབས་དང་དཀྱིལ་ཆོག ཚུལ་དང་པོ་གསུམ་གྱི་དོན་ཉུང་ངུས་ངག་གི་སྒོ་ནས་སྟོན་པ་ཚུལ་གསུམ་གསལ་བར་བྱེད་པའི་རྒྱན། རྒྱུད་ཀྱི་མངོན་པར་རྟོགས་པའི་དོན་གསལ་བར་བྱེད་པ་ལྗོན་ཤིང་མཛེས་པར་བྱེད་པའི་རྒྱན། ལེགས་པར་བཤད་པ་གོང་མའི་དགོངས་རྒྱན་ལ་སོགས་པ་དང༌། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཆོ་ག ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཉམས་ལེན། བླ་མ་རིན་འབྱུང་གི་བྱིན་རླབས་བྱ་ཚུལ། བིར་སྲུང་ཐུན་མོང་བའི་བྱིན་རླབས་བྱ་ཚུལ། སྒྲུབ་པ་ལུང་བྱིན། བརྡ་ཆིག་བརྒྱུད།རྣམ་འཇོམས་བིར་ལུགས། བརྡ་དོན་གསལ་བ་རྣམས་ཀྱི་བྱིན་རླབས་བྱ་ཚུལ་གྱི་ཆོ་ག བླ་མ་མཆོད་པའི་ཆོ་ག་ཐུན་མོང་དང་ཐུན་མོང་མ་ཡིན་པ་བྱ་བའི་ལག་ལེན། རྗེ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་ཀྱེ་རྡོ་རྗེའི་ལས་བཞིའི་སྦྱིན་སྲེག་གི་རྣམ་བཤད་ཡེ་ཤེས་མེ་དཔུང་རྣམས་སོ། །པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་གསུང་ངག་གི་ཡི་གེའི་སྐོར་ལ། སློབ་མ་རྗེས་འཛིན་གྱི་ཕྱག་ལེན་ཉམས་སུ་བླང་བདེ་བ། ཨཥྚའི་བཟླས་ལུང་བྱེད་ཚུལ་ལུགས་གཉིས། བརྒྱུད་པ་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་ཀྱི་ཆོ་ག་དམ་པའི་བཞེད་སྲོལ་སེམས་ཉིད་ངལ་གསོའི་བདུད་རྩི། ཚར་གསུམ་ཁུག་པའི་བྱིན་རླབས་བྱ་ཚུལ་གསང་ཆེན་ཆོས་ཀྱི་རྔ་ཆེན། ལམ་དབང་གི་མཐའ་དཔྱོད་ཟུར་འདེབས་ཀྱི་གནད། རྡོ་རྗེ་བདག་མེད་མའི་བྱིན་རླབས་བྱ་ཚུལ་ལེགས་བྱས་གཏམ་གྱི་བདུད་རྩི། ལམ་ཟབ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་བྱ་ཚུལ་མཁས་ལ་ཉེ་བར་མཁོ་བ། བླ་མ་རིན་འབྱུང་གི་ཉམས་ལེན་བྱིན་རླབས་དང་བཅས་པའི་ཡི་གེ་འདོད་དགུའི་དཔལ་འབྱོར་མ་ལུས་པ་འབྱུང་བའི་གནས་ལེགས་བྱས་ཀྱི་རྔ་བོ་ཆེ། ལམ་ཟབ་ནང་གི་རྣལ་འབྱོར་གྱི་བྱིན་རླབས་བྱ་ཚུལ་མཁས་ལ་ཉེར་མཁོ།བིར་སྲུང་ཐུན་མོང་གི་བྱིན་རླབས་རྗེ་རྡོ་རྗེ་འཆང་གིས་མཛད་པ་ལ་ཟུར་འདེབས་ཅུང་ཟད་དང་བཅས་པ། བིར་སྲུང་ཐུན་མོང་མ་ཡིན་པའི་བྱིན་རླབས་བྱ་ཚུལ་ཟུར་འདེབས་དང་བཅས་པ། བརྡ་དོན་གསལ་བའི་བྱིན་རླབས་བྱ་ཚུལ་ལ་གཉིས་ལས་གསུམ་བྱུང་གི་གོ་དོན་དང་བཅས་པ། ལམ་སྦས་བཤད་ཀྱི་བྱིན་རླབས་བྱ་ཚུལ་བཀླག་ཆོག་ཏུ་བཀོད་པ། བརྡ་ཆིག་བརྒྱུད་ཀྱི་བྱིན་རླབས་བྱ་ཚུལ་ལག་ལེན་གོ་བདེ་བཀླག་ཆོག་ཏུ་བཀོད་པ། སྒྲུབ་པ་ལུང་སྦྱིན་དང་གསང་བཅུ་རྒྱས་གདབ་ཀྱི་ཕྱག་ལེན་གོ་བདེ་བཀླག་ཆོག་ཏུ་བཀོད་པ་མཐའ་དཔྱོད་དང་བཅས་པ་རྣམས་ཀྱི་ལུང་དང༌། གཞན་ཡང་འདི་དག་གི་སྐོར་རྒྱས་པ་ནི་ས་སྐྱ་པའི་རྗེ་བཙུན་གོང་མ་ལྔ་དང༌། ངོར་ཆེན་རྡོ་རྗེ་འཆང་ཡབ་སྲས་ལ་སོགས་པའི་གསུང་རབ་ལ་བཞུགས་པ་ཐོས་པའི་བརྒྱུད་པ་རྣམས་ནི་སོ་སོའི་ལུང་གི་སྐབས་སུ་འཆད་པར་འགྱུར་ལ། འདིར་རྒྱུ་དུས་ཀྱི་དབང་བསྐུར་བ་དང་བྱིན་རླབས་དང་ཁྲིད་དང་གླེགས་བམ་རིན་པོ་ཆེ་ཕལ་ཆེར་གྱི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། སམྱཀྶཾ་བུདྡྷ་བཛྲ་དྷ་རཿ། བྷཊྚཱ་རཱ་ཀ་བཛྲ་ནཻ་རཏྣ། ཨཱ་ཙཱརྻ་ཡོ་གེ་ཤྭ་ར་ཤྲཱི་མདྦིརྺ། ཥཥབྷཱུ་མི་ཤྭ་ར་མ་ཧཱ་སིདྡྷ་པཱུརྦ་དིཀ་ཧྞཿ། རཱ་ཛྙཱཿཀཱུ་ལ་ཌཱ་མ་རུ་པ།བྷཊྚཱ་རཱ་ཀ་ཨ་ཝ་དྷཱུ་ཏིཿ། མ་ཧཱ་པཎྜི་ཏ་ག་ཡ་དྷ་རཿ། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རྗེ་བདག་མེད་མ། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིརྺ་པ། ས་དྲུག་གི་དབང་ཕྱུག་གྲུབ་ཆེན་ཤར་ཕྱོགས་ནག་པོ་པ། རྒྱལ་རིགས་ཌཱ་མ་རུ་པ། རྗེ་བཙུན་གཉིས་སྤངས་པ།མཁས་པ་ཆེན་པོ་སྤྲིན་འཛིན། མ་ཧཱ་ལོ་ཀ་ཙཀྵུ་འབྲོག་མི་ཤཱཀྱ་ཛྙཱ་ནཿ། གུ་རུ་སེ་ཀུ་ཌྱལྤ་སརྦྦ་བི་ཏྲཿ། གུ་རུ་ཀ་ཀཱ་ར་ཎྱ་ཀ་དྷརྨྨ་ཛྭ་ལཿ། བྷཊྚཱ་རཱ་ཀ་མ་ཧཱ་བྷཱུ་མི་པཎྜུ་ར་ནནྡ་གརྦྷཿ། ཨཱ་ཙཱརྻ་རཏྣ་པུཎྱཱ་གྲཿ། བྷཊྚཱ་རཱ་ཀ་རཏྣ་ཀཱིརྟི་དྷྭ་ཛཿ། མ་ཧཱ་པཎྜི་ཏ་བྷཱུ་མི་པཎྜ་རཱ་ནནྡ་དྷྭ་ཛ་ཤྲཱི་བྷ་དྲཿ། འཇིག་རྟེན་གྱི་མིག་ཆེན་པོ་འབྲོག་མི་ཤཱཀྱ་ཡེ་ཤེས། བླ་མ་སེ་མཁར་ཆུང་པ་ཀུན་རིག བླ་མ་ཞང་དགོན་པ་བ་ཆོས་འབར། རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། ཛ་ག་ནཱ་ཐ་དྷརྨྨ་རཱ་ཛ། རཏྣཱརྻ་མ་ཏི་དྷྭ་ཛཿ། གུ་རུ་ཀ་ཀ་རཏྣ་ཤྲཱིཿ། མ་ཧཱ་སིདྡྷ་ཤེ་ལ་ཀཽ་ཊྱ་ཀ་པུཎྱ་ཤྲཱི། སརྦ་ཛྙཱ་པུཎྱ་དྷྭ་ཛ་ཤྲཱི་བྷ་དྲཿ། དྷརྨྨ་སྭཱ་མི་ཤྲཱི་མཙྪཱི་ལཿ། མ་ཧཱ་སིདྡྷ་བུདྡྷ་ཤྲཱི། མ་ཧཱ་ངོར་བཛྲ་དྷ་རཱ་ནནྡ་བྷ་དྲཿ། འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ། འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན། བླ་མ་ཞང་དཀོན་མཆོག་དཔལ། གྲུབ་ཆེན་བྲག་ཕུག་པ་བསོད་ནམས་དཔལ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་སངས་རྒྱས་དཔལ།ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མ་ཧཱ་སཏྭ་རཏྣ་དྷྭ་ཛཿ། ཏཽ་ཡུ་བྷ་ཡཱ་བྷྱཾ་སངྱུ་ཝ་རཱ་ཛཱ་ནནྡེ་ཤོ་རཤྩ་སརྦ་ཛྙཱ་པུཎྱ་སི་དྷཽ་ཡུ་བྷ་ཡཱ་བྷྱཾ་ཤྲུ་ཏཾ། པིཤྩུ་མ་ཏྲི་བྷྱཿཔ་རི་དྷ་ར་རཏྣ་ཝརྡྷཿ། ཏསྨཱཏྤཱུ་མི་པཎྜ་རལློ་ཙཱ་མཉྫུ་སྭ་རཱ་ནནྡ་པུཎྱ་ན་ཤྲུ་ཏཾ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། དེ་གཉིས་ཀ་ལས་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་དང་ཀུན་མཁྱེན་བསོད་ནམས་སེང་གེ་གཉིས་ཀས་གསན། ཕྱི་མ་གསུམ་ཆར་ལས་ཡོངས་འཛིན་དཀོན་མཆོག་འཕེལ། དེ་ལས་ས་སྐྱ་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས་ཀྱིས་གསན། ཏཽ་ཡུ་བྷ་ཡཱ་བྷྱཾ་སརྦྦ་ཛྙཱ་རཏྣ་ནི་རཱ་བྷོ་གེ་ན་ཤྲུ་ཏམ། ཏསྨཱཏབྷ་ཊྚཱ་ར་ཀེ་ཝ་མི་རཏྣ་ཤྲཱི་ཝཱཉྩ། བྷཊྚཱ་རཱ་ཀ་ག་ག་ན་ཤྲཱི་བྷ་དྲ་དཱི་བྷྱཾ་ཤྲུ་ཏཾ། ཏཽ་ཡུ་བྷ་ཡཱ་བྷྱམྨཉྫུ་སྭ་རཱ་ནནྡ་ནི་རཱ་བྷོ་གེ་ན་ཤྲུ་ཏཾ། ཏསྨཏྶརྦྦ་ཛྙཱ་ཤྱ་གྲ་དྷྭཱ་ཛེ་ན་ཤྲུ་ཏཾ། དེ་གཉིས་ཀ་ལས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་གསན། དེ་ལས་རྗེ་བཙུན་ཨེ་ཝཾ་པ་དཀོན་མཆོག་དཔལ་ལྡན་དང༌། རྗེ་བཙུན་ནམ་མཁའ་དཔལ་བཟང་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཀྱིས་གསན། དེ་ལས་ཐམས་ཅད་མཁྱེན་པ་དཔལ་མཆོག་རྒྱལ་མཚན་གྱིས་གསན།ཏསྨདྨཉྫུ་གྷོ་ཥ་བུདྡྷ་ལུཀྵྨྱཱ་ཤྲུ་ཏཾ། ཏསྨཱཏྤྲ་ས་དཱཏབྷཱུ་ཏ་མ་ཧཱ་བཛྲ་དྷ་རཤྴཱི་ལ་ནི་རཱ་བྷོ་ག་མངྒ་ལ་ཀཱིརྟི་དྷྭ་ཛ་ཤྲཱི་བྷ་དྲེ་ན་ཤྲུ་ཏཾ། ཏ་ཏྭ་སྱ་ཛྙཱ་ན་ཀྲྀ་སཱ་ནུ་བྷ་ཝཻ་ར་ནུ་དྷ་ར་ཀ་སྱཱཏྨ་བནྡེ་ཤཱི་ལ་རཏྣཾ་ཝ་ཙ་ན་ཝཱ་གྲཏྣ་སྱཱ་བྷི་ཥེ་ཀ་ནཱ་ཡ་ནཽ་པ་རི་པཱུརྞཎ་སྟྲི་ཎཱཉྩ། དེ་ལས་འཇམ་དབྱངས་སངས་རྒྱས་ཕུན་ཚོགས་ཀྱིས་གསན། དེ་ལས་བཀའ་དྲིན་རྨད་བྱུང་རྡོ་རྗེ་འཆང་བ་ཆེན་པོ་ཚུལ་ཁྲིམས་ལྷུན་གྲུབ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོས་གསན། དེ་ཉིད་ཀྱི་མཁྱེན་བརྩེ་ནུས་པས་རྗེས་སུ་བཟུང་བའི་བདག་བཙུན་པ་ཚུལ་ཁྲིམས་རིན་ཆེན་ལ་གསུང་ངག་རིན་པོ་ཆེའི་དབང་ཁྲིད་ཡོངས་སུ་རྫོགས་པ་ལན་གསུམ་དང༌། ཧེ་ཏུ་ཝཱ་པཉྩ་མ་པྲ་ད་ཏི།ཝཱ་མ་ཧཱ་པ་ཊུ་སིདྡྷ་བུདྡྷ་ལཀྵྨྱཱ་ཏྲ། ཨ་པ་མཱ་ཎ་པུཎྱ་ཤྲཱི་ཝཱཾ། མ་ཧཱ་བཛྲ་དྷ་རཤྴཱི་ལ་ནི་རཱ་བྷོ་ག་མ་ཐོ་ཀཱིརྟི་དྷྭ་ཛ་ཤྲཱི་བྷ་དྲཿ། ཏསྨཱ་དཱཏྨ་བནྡེ་ཤཱི་ལ་རཏྣེ་ན་སུ་པྲཔྟཿ། རྒྱུ་དབང་ལན་ལྔའི་བར་དུ་སྩལ་ཏོ། །ཡང་ན་མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས་ནས། མཚུངས་མེད་བསོད་ནམས་དཔལ་ལྡན། རྡོ་རྗེ་འཆང་བ་ཆེན་པོ་ཚུལ་ཁྲིམས་ལྷུན་གྲུབ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེ་ལས་བདག་བཙུན་པ་ཚུལ་ཁྲིམས་རིན་ཆེན་གྱིས་ལེགས་པར་ཐོབ་བོ། །ཡང་ན་ཤར་ཆེན་ཤེས་རབ་འབྱུང་གནས་ནས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། འཇམ་དབྱངས་སངས་རྒྱས་ཕུན་ཚོགས་མན་སྔར་བཞིན་ནོ། །ཡང་ན་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་ནས། རྗེ་ནམ་མཁའ་སངས་རྒྱས། ནམ་མཁའ་དཔལ་བཟང༌། འཇམ་དབྱངས་སངས་རྒྱས་ཕུན་ཚོགས་མན་སྔར་བཞིན་ནོ། །ཡང་ན་པཎ་ཆེན་ནམ་མཁའ་དཔལ་བཟང་དང་བྱམས་པ་ཀུན་དགའ་བཀྲ་ཤིས། མཁས་གྲུབ་དཔལ་ལྡན་དོན་གྲུབ་གསུམ་ག་ལས། རྗེ་ནམ་མཁའ་སངས་རྒྱས་ཀྱིས་གསན། དེ་ལས་ཧོར་ནམ་མཁའ་དཔལ་བཟང་མན་འདྲ། ཡང་ན་ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་ནས། མཁས་པའི་དབང་པོ་དཔལ་ལྡན་དོན་གྲུབ། དེ་ལས་འཇམ་མགོན་དཔལ་མཆོག་རྒྱལ་མཚན་གྱིས་གསན་པ་མན་སྔར་བཞིན་ནོ། །ཡང་ན་པཎ་ཆེན་ནམ་མཁའ་དཔལ་བཟང་ནས།རྗེ་ནམ་མཁའ་སངས་རྒྱས། འཇམ་མགོན་དཔལ་མཆོག་རྒྱལ་མཚན་མན་སྔར་དང་འདྲ། ཡང་ན་པཎ་ཆེན་བྲང་ཏི་པ་ནས། རྗེ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། རྗེ་དཔལ་མཆོག་རྒྱལ་མཚན་མན་འདྲ། ཡང་ན་རྩེ་གདོང་ཁྲི་ཆེན། བྱམས་པ་ཀུན་དགའ་བཀྲ་ཤིས། མཁས་གྲུབ་དཔལ་ལྡན་དོན་གྲུབ་གསུམ་ཆར་ལས། ཤར་པ་ཤེས་རབ་འབྱུང་གནས་ཀྱིས་སོ། །ཡང་ན་ཡོངས་འཛིན་དཀོན་མཆོག་འཕེལ་དང་རྗེ་སངས་རྒྱས་རིན་ཆེན་གཉིས་ཀ་ལས་རྗེ་ལྷ་མཆོག་སེང་གེ དེ་ལས་རྗེ་དཀོན་མཆོག་ལྷུན་གྲུབ་དང༌། རྗེ་སངས་རྒྱས་སེང་གེ་གཉིས་ཆར་གྱིས་གསན། དེ་གཉིས་ཆར་ལས་རྗེ་དཀོན་མཆོག་དཔལ་ལྡན་དང༌། པཎ་ཆེན་ནམ་མཁའ་དཔལ་བཟང་གཉིས་ཆར་གྱིས་གསན། དེ་གཉིས་ཆར་ལས་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་དང༌།ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་གཉིས་ཀྱིས་གསན། དེ་གཉིས་ཆར་ལས་རྗེ་དཔལ་མཆོག་རྒྱལ་མཚན་གྱིས་གསན་ནོ། །ཡང་ན་རྗེ་དཀོན་མཆོག་དཔལ་ལྡན་ལས། རྗེ་ནམ་མཁའ་དཔལ་བཟང༌། བྱམས་པ་ཀུན་དགའ་བཀྲ་ཤིས། མཁས་གྲུབ་དཔལ་ལྡན་དོན་གྲུབ་གསུམ་ཆར་གྱིས། དེ་གསུམ་ལས་རྗེ་ནམ་མཁའ་སངས་རྒྱས་ཀྱིས་གསན་པ་མན་འདྲ། ཡང་ན་འཇམ་དབྱངས་སངས་རྒྱས་སེང་གེ མུས་ཆེན་ནམ་མཁའ་དཔལ་བཟང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ་མན་སྔར་བཞིན་ནོ།>རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*