དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་དང་པོའི་ནང༌།

༼ཀ༽༄༅། །ཤྲཱིམཱཾསངྒུརུབྷྱསྶདྡྷརྨྨཱཤྴརུཏཱཎཱཾཝརྞཎོདྷརྨྨཱརྠིཀཔཱཎཱིལལིཏསྱཛལནིདྷིརྣཱམཱཏྤྲཐམཿཔུསྟཀབིཛཧཱརཾ།།

༄༅། །དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་དང་པོ་བཞུགས་སོ།། ༄། །མཉམ་པའི་བྲྀཏྟ་རྒྱུན་ཆགས་ལ་སྤྱིར་པྲཱསྟཱ་ར་ཐེར་«༨༥༨༩༩༡༤༤༥༩༢»འབུམ་བརྒྱད་དང་དུང་ཕྱུར་ལྔ་རྗེས་འབྲང་བཅས་ཡོད་པར་ཡང་བའི་བྱ་བ་གཅིག་ཡང་བ་སུམ་ཅུ་རྩ་གསུམ་རྗེས་འབྲང་བཅས། ཡི་«༢༨༣༤༦༧༨༤༡༥༢༦»གེ་རབ་བཀྲམ་གཉིས་རྗེས་འབྲང་བཅས། ལྕི་ཡང་སོ་སོ་རབ་«༡༤༡༧༣༣༩༢༠༧༦༨»བཀྲམ་གཅིག་རྗེས་འབྲང་བཅས།ཕྱི་«༤༢༥༢༠༡༧༦༢༣༠༦»མོ་རབ་བཀྲམ།

༄། །དཤདིགཔརིམཱིཏཧིཀྵེཏྲདྷཱཏུམྦཤཾབརྟྟིསརྦྦཛྙམནྨཐཛིཙྩཀྲགུཧྱོ྅ཀྵཡཱལཾཏྲིཎཱ།།

༄། །ཕྱོགས་«་་་་་བསམ་པ་རྒྱ་ཆེ་བ་ལས་དྲངས་པའི་ཤིས་པར་བརྗོད་པ། »བཅུ་དཔག་ཡས་ཞིང་ཁམས་དབང་སྒྱུར་ཀུན་མཁྱེན་ཡིད་སྲུབས་ཐུལ་བ་རྣམས་ཀྱི་གསང་གསུམ་མི་ཟད་རྒྱན་འཁོར་ལོ། །བཞི་རྗེས་འབྲང་བཅས། །ཨ་དྷྭ་འཕྲེད་རེ་ལྔ། སྟེང་འོག་རབ་བཀྲམ་གཅིག་རྗེས་འབྲང་དུ་བཅས་མཆིས་པའི་ནང་གསེལ་ནཥྞ་ན་ཟུང་དང་རེ་ཕ་དགུ་པ་རྒྱ་མཚོ་ཞེས་བྱ་བར་ཨུདྡིཥྚ་«༢༤༥༤༢༦༧༠༢༢»ཐེར་འབུམ་གཉིས་རྗེས་འབྲང་དུ་བཅས་པ་ནས་ཟིན་པས་མཛེས་པར་སྤྲས་པའོ། །

༄། །མབྷིབཙནཀདཱབིམཱཀོཊིནིཥྛཱཡཧོབྱཱུཧཡསྐཱཡརོམོདྦྷཝཱསནྱཡེཀཱཔིསཾཔཱུརྞཎིཏཾ།།

༄། །ངོ་མཚར་བཀོད་པ་བརྗོད་པས་གཞར་ཡང་མུ་མཐར་ཐུག་མིན་གང་སྐུའི་བ་སྤུ་སྐྱེ་བའི་གོ་རེར་རྫོགས་གྱུར་ཀྱང༌། །༄། །སམཡམིཧབྷགསྶམཱཀཱཡནིརྡེཤཡཱནྱཱཏྐྲྀཔཱརྠཱདྦྷཱུཏོབྷཱརིཀསྤཎྜིཏཱམརྷཀརྨྨཻསྟྲིབྷིཿ

༄། །དུས་འདིར་སྐལ་བ་མཉམ་པའི་སྐུར་བསྟན་བརྩེ་བ་རྨད་བྱུང་གཞན་དོན་ཁུར་ཁྱེར་མཁས་པ་ལ་འོས་ལས་གསུམ་གྱིས། །༄། །ཨབགཏདིགཛནྟུབྷིནྣེངྒསཱུཀྟེཎསརྦྦཏྲསཽཁྱམྤྲཎཱིམཾགལཉྩཀྲནཱཐཻཿཔྲཡཙྪནྟུམེ།།

༄། །ཕྱོགས་བྲལ་སྐྱེ་བོ་ཐ་དད་བློར་འཚམ་ལེགས་པར་འདོམས་པས་གཏན་བདེར་འཁྲིད་པ་འཁོར་ལོའི་མགོན་རྣམས་དགེ་ལེགས་སྩོལ། །༡ རྣམ་«་་་་་ཤིས་པར་བརྗོད་པའི་སྒོ་གཉིས་པ་རང་བཞིན་བརྗོད་པ་ལས་ཡོན་ཏན་གྱི་རང་བཞིན་བརྗོད་པ། »པར་འདྲེན་པ་ཡོངས་ཀྱི་ཡེ་ཤེས་སྣང་བའི་རང་གཟུགས་མ་འགགས་བཅུ་དྲུག་ལང་ཚོའི་འཇོ་སྒེག་འཆང་གང་གི།ཡེ་ཤེས་གཟིགས་པའི་འབབ་སྟེགས་སུ་ཞིག་རྒྱུད་དུ་བཅས་ཙམ་ཐོག་མེད་འཁོར་བར་ཉེར་བསགས་དཀར་མིན་ཕུང་པོ་འཇིག །མཐའ་ཀླས་གཙུག་ལག་ཀུན་གྱི་ལྟད་མོ་ངོ་མཚར་གཞན་དྲིན་མེད་པར་ངོམ་ལ་སྟོབས་བཅུའི་དབང་ཕྱུག་ཐམས་ཅད་ལས། །ཐུགས་རྗེ་ཆེས་མྱུར་འཇཾམ་དཔཾལ་དབྱངཾས་ཁྱོད་རྣམ་དཔྱོད་འཐིབས་བུ་བསལ་བའི་བཤེས་སུ་ལེགས་སྤྱོན་ངག་གི་དབང་ཕྱུག་སྩོལ། ༢ །སྲིད་«་་་་་ཤིས་པར་བརྗོད་པའི་སྒོ་གསུམ་པ་མཚུངས་ཆོས་དང་འབྱེད་བྱེད་གཉིས་ཀ་མཚུངས་པའི་ལྡོག་པ་ཅན།་་་་་»ཞིའི་དངོས་པོ་ཀུན་གྱི་གནས་ལུགས་རྒྱུད་མངས་གླུ་དང་ལྷན་ཅིག་འདྲེན་མ་གང་དང་སྟོན་དུས་བསིལ་སྦྱིན་མཁན། །དཀར་མཛེས་ལང་ཚོ་ལྟ་བྱེད་དབང་པོའི་ཟིལ་མངར་དུ་གྱུར་རི་དྭགས་མིག་སྒེག་མཚར་སྡུག་དཀྱིལ་འཁོར་རྫོགས་པ་ཅན། །གཉིས་སྐྱེས་རྒྱལ་པོས་ཐུན་གསུམ་དུས་ཀྱི་སྔོ་བསངས་སྟུག་པོའི་གཉེན་པོར་རྒྱུའོ་རྒྱལ་བ་མ་ལུས་སྐྱེད་བྱེད་མ། །ཚངཾས་པའིཾ་སྲསཾ་ཁྱོད་ལུས་ཅན་བློ་ཡི་ཀུན་རྨོངས་སྒྲིབ་པ་སྦྱང་ཕྱིར་རྒྱུ་བའི་ངལ་སྟེགས་གཏམ་གྱི་ལམ་དུ་མཛོད། ༣ །བླ་མེད་«་་་་་འདི་ནས་བརྩམས་ཏེ་ཕྱག་བྱ་བའི་སྒོ་དང་པོ་གཟུགས་ཅན་ལས་མཐའ་དག་གཟུགས། »བྱང་ཆུབ་ཐུགས་བསྐྱེད་ཐོག་མའི་ས་བོན་མ་རྨས་ཀུན་གཞིའི་ནོར་ལྡན་བརྟན་མར་བཏབ། །དཔག་ཡས་སྤྱོད་པ་སྔོ་བསངས་དུས་ཀྱི་དམ་མས་བསྐལ་པ་ཚར་དུ་དངར་ལ་བསྐྱེད་བསྲིངས་པས། །བླ་མེད་བྱང་ཆུབ་སྙེ་མ་གཡུར་ཟ་ཕྲིན་ལས་ལྷུན་གྲུབ་ཡིད་ཅན་ཀུན་གྱི་མོས་པའི་སྣོད། །སྣ་ཚོགས་ཕྱོགས་ནས་གདངས་པའི་རེ་སྐོང་སངཾས་རྒྱསཾ་དཔག་བསམ་དབང་པོའི་ཐུགས་རྗེའི་གྲིབ་མ་བསིལ། ༤ །གཉིས་མེད་«་་་་་ཕྱག་བྱ་བའི་སྒོ་གཉིས་པ་རང་བཞིན་བརྗོད་པ་ལས་བྱ་བའི་རང་བཞིན་བརྗོད་པ། »གསུང་གི་མཆུ་སྒྲོས་འཛུམ་དུ་དམུལ་བ་ལས་འཕོས་ཡན་ལག་མ་ཚང་མེད་པའི་གླུར། །ཉེར་བླངས་བརྗོད་བྱ་བདེན་པ་ཟུང་གི་སྙིང་པོས་རབ་ལྕི་ཡི་གེ་མིང་ཚིག་ཚོགས་སུ་དངར། །རྗོད་བྱེད་དཔྱད་གསུམ་རྣམ་དག་ཕུང་པོར་ལེགས་པར་བཤད་པས་གདུལ་བྱའི་ཀུན་ནས་ཉོན་མོངས་དྲི། །བག་ལ་ཉལ་བཅས་མཐར་བྱེད་ཕྲིན་ལས་དགེ་བ་སུམ་ལྡན་དམཾ་པཾའི་ཆོཾས་དག་ལམ་དུ་བགྱི། ༥ །རྒྱལ་«་་་་་ཕྱག་བྱ་བའི་སྒོ་གསུམ་པ་གཟུགས་ཅན་ལས་མཐའ་དག་གཟུགས་ཅན། »བས་ལེགས་གསུངས་ཐེག་གསུམ་བསྟན་པའི་ཟིལ་དངར་ལོངས་སྤྱོད་མི་ཟད་མགྲོན་དུ་གཉེར་བྱས་པ། །ཕྲ་ཞིབ་གནང་བཀག་གནས་ལ་རྟག་ཏུ་བག་ཡོད་ངེས་འབྱུང་ཚུལ་ཁྲིམས་སྲོག་འཚོའི་བཅུད་དུ་བསྟེན། །བྱང་ཆུབ་ཡོན་ཏན་ལང་ཚོ་དར་བབ་གཅིག་ཏུ་གཞན་དོན་སྤྱོད་པའི་ཁུར་ཆེན་བླ་ནས་བླར། །མངོན་འདེགས་སྙིང་སྟོབས་ཕྲག་པ་རབ་བརླིང་འཕཾགས་ཚོགཾས་གསུམཾ་པོ་ཚེ་རབས་ཕྲེང་བའི་འགྲོགས་བཤེས་གཟུང༌། ༦ །ལུང་«་་་་་ཕྱག་བྱ་བའི་སྒོ་བཞི་པ་གཟུགས་ཅན་གྱི་གཟུགས་ཅན། »རྟོགས་ཀུན་གསལ་དགའ་མའི་བཞིན་རས་མང་ཐོས་མཐའ་བྲལ་རྣ་བ་ཡངས། །འཆད་རྩོད་རྩོམ་པའི་སྒྲོལ་བྱེད་རྣམ་བཀྲ་མུ་ཏིག་དྲྭ་བ་ཅི་ཡང་འཁྲོལ། །མཁྱེན་ནུས་བརྩེ་བའི་ཆུ་ལྡན་སྟུག་པོའི་ཚིགས་བཟང་གོས་ཀྱིས་རྣམ་པར་སྤ། །ཛཾམ་བཱུ་རྐང་འཐུང་མཚན་པའི་གླིངཾ་འདིར་མཁཾས་པཾའི་ལས་བྱས་གཾང་དག་བྱོཾན། ༧ །གསུང་«་་་་་ཕྱག་བྱ་བའི་སྒོ་ལྔ་པ་བསྡུས་པའི་གཟུགས་ཅན། »རབ་དགོངས་འགྲེལ་ཨ་ཤོ་ཀ་དཔལ་ལེགས་སྦྱར་རྒྱ་ནང་ཡུར་བ་དག །རང་བཞིན་རྐྱེན་དང་རྣམ་འགྱུར་ཀུན་མཁྱེན་སྒྱུ་རྩལ་སྤྱོད་མའི་རྐང་རྩེ་ཡིས། །ཡོང་ཡེ་བསྣུན་འཕྲལ་ཚིག་དོན་ཡ་མཚན་པདྨའི་འདབ་མ་སྟོང་ཕྱེ་བ། །སྐད་གཉིསཾ་བརྡཾ་སྦྱོརཾ་མཚར་སྡུག་རོལ་པས་མཐའ་དག་བློ་ལྡན་བརྟན་པ་ཕྲོགས། ༨ །ཐུབ་«་་་་་ཕྱག་བྱ་བའི་སྒོ་དྲུག་པ་དཔེ་རྒྱན་ལས་རྨོངས་པའི་དཔེ། »པ་ཆེན་པོའི་བཀའ་ལུང་མཐའ་དྲུག་དཀའ་གནས་ལྐོག་ཏུ་རབ་སོང་བ། །གཞན་དྲིང་མི་འཇོག་བཀྲལ་མཐོང་གང་ཚེ་འཇམ་པའི་དབྱངས་སུ་རྣམ་བརྟགས་ནས། །ཟུར་ཕུད་ལྔ་དང་ཤེས་རབ་རལ་གྲིས་མཚན་པ་ལས་བརྩམས་སྙན་དངགས་གླུ། །འབུམ་ཕྲག་བསྔགས་པས་འཛམ་གླིང་སྙན་ནོ་སཾ་སྐྱའིཾ་རྗེཾ་བཙུནཾ་རྣམཾ་པ་ལྔཾ། ༩།མཁས་«་་་་་ཕྱག་བྱ་བའི་སྒོ་བདུན་པ་འགོག་རྒྱན་ལས་ཆོས་འགོག་པ། »བཙུན་གྲུབ་པའི་ཡོན་ཏན་ཕྱོགས་རེའི་འཕྲིན་ཡིག་སུ་ཞིག་སྒྲ་འཛིན་ལྷུང༌། །སྔོན་མེད་ཡ་མཚན་སྐྱེ་བ་འདི་ཅི་སྟོན་མཆོག་རང་དང་དགོངས་གཅིག་ཏུ། །མཁས་ཚུལ་གསུམ་གྱིས་ལེགས་པར་བཤད་པ་དེ་མཐར་འོད་མཐའ་ཡས་པའི་ཞིང༌། །ཡུད་ཀྱིས་བགྲོད་པའི་རྒྱལ་པོ་ཉིད་དུ་ལུང་བསྟན་བརྙེས་པ་ཀུནཾ་དགཾའ་བཟཾང༌། ༡༠ །བསོཾད་ནཾམས་«་་་་་ཕྱག་བྱ་བའི་སྒོ་བརྒྱད་པ་རྒྱུ་རྒྱན་ལས་ནང་ཤེས་བྱེད་ཀྱི་རྒྱུ། »ཡེ་ཤེས་ཚོགས་མཐར་ཕྱིན་པའི་བདག །གང་གི་བློ་གྲོས་བཟཾང་པོཾས་དཔྱད་བྱ་རུ། །འཕགས་དང་སོ་སྐྱེ་མཁས་པས་གཙུག་ལག་གཞུང༌། །ད་དུང་བསྐལ་པར་སྤྲུལ་ཡང་ཉུང་སྙམ་བགྱིད། ༡༡ །སྲིད་ཞིར་མི་གནས་«་་་་་དགུ་པ་དཔེ་རྒྱན་ལས་ངག་དོན་གྱི་དཔེ། »རྣམ་པ་ཀུན་མཆོག་ཏུ། །བཀྲཾ་ཤིསཾ་སྒྲུབ་པའི་ཆོ་གས་སྒྲིབ་པ་གསུམ། །སྦྱོང་བའི་ཕྲིན་ལས་ལྷུནཾ་གྲུབཾ་གཡས་འཁྱིལ་དུང༌། །ལྡིར་བའི་སྒྲས་བཞིན་ཁོར་ཡུག་ཡངས་པར་བསྲུངས། ༡༢ །ཐམས་«་་་་་བཅུ་པ་ཟོལ་བསྟོད་ལས་དཔའ་བ་ཕུན་སུམ་ཚོགས་པའི་ཟོལ་བསྟོད། »ཅད་མཁྱེན་ཀུན་ཡོན་ཏན་དཔག་ཡས་ཀྱི། །བཀོད་པ་ཚུལཾ་ཁྲིམཾས་དག་པའི་སྐུ་གཅིག་ལ། །ལྷུནཾ་གྲུབཾ་རྫོགས་པར་བཀོད་འདིས་རྒྱལ་ཀུན་གྱི། །ཡོན་ཏན་ཉུང་ངུས་དམའ་འབེབས་མ་བྱས་གྲང༌། ༡༣ །ཆོས་ཀུན་«་་་་་བཅུ་གཅིག་པ་གཟུགས་ཅན་གྱི་རྒྱན་ལས་རྒྱུའི་གཟུགས་ཅན། »མགྲིན་ལས་འཇོ་བས་ངཾག་གི་དབངཾ༌། །ཀུནཾ་དགཾའི་རིང་ལུགས་ཡོངས་འཛིན་རྒྱལ་ཚབ་ཆེ། །དོན་གཉིས་ལྷུནཾ་གྱིས་གྲུབཾ་པས་སྐུ་གསུམ་གྱི། །ཁྱབ་བདག་རྡོ་རྗེ་འཆང་དུ་ངེས་པར་རྟོགས། ༡༤ །བསོདཾ་«་་་་་བཅུ་གཉིས་པ་སྐྱེད་བྱེད་ཀྱི་རྒྱུ་ཡོན་ཏན་རང་བཞིན་བརྗོད་པ་ཏིང་ངེ་འཛིན་གྱི་རབ་བརྟག་གསུམ་གྱི་རབ་སྤེལ། »ནམཾས་ཐ་གྲུ་ཡངས་པའི་དབངཾ་ཕྱུགཾ་གིས། །གཞུང་ལུགས་རབ་འབྱམས་འཛིན་འཆད་རྟུན་པའི་མཐུས། །རྒྱལ་བསྟན་རིང་འཚོར་བསྒྲུབས་པར་དྲིན་ཆེ་བའི། །ཁུར་གྱིས་སྐྲག་པའི་ས་འདི་རྣམ་དྲུག་འདར། ༡༥ །རྒྱལ་«་་་་་བཅུ་གསུམ་པ་གཅིག་ལ་གཅིག་ལྟོས་ཀྱི་རབ་སྤེལ། »བའི་ཕྲིན་ལས་རྨད་བྱུང་ཟླ་གཞོན་གྱི། །སྣང་བས་ནམཾ་མཁཾའི་ཕ་རོལ་ཡོངས་ཉུལ་བའི། །ངོ་མཚར་བསཾམ་མི་ཁྱབ་པས་སྲེད་མེད་བུས། །ས་གསུམ་བཅལ་བ་ཕྱོགས་རེའི་གཏམ་དུ་གྲུབཾ། ༡༦ །འདོད་འབྱུང་ལྗོན་པའི་«་་་་་བཅུ་བཞི་པ་ལྡོག་པ་ཅན་གྱི་གཟུགས་ཅན། »དབང་པོས་ལེགས་གསུངས་ཆོས། །སྦྱིན་པའི་ཡལ་ག་བརྐྱང་མིན་མགོན་པོ་ཁྱོད། །གཞན་དོན་ལ་གཞོལ་དཔཾལ་ལྡཾན་དཔག་བསམ་གྱིས། །ཆོསཾ་གཙོར་གྱུར་པའི་སྦྱིན་བཞིས་འགྲོ་བ་སྐྱོངཾ༌། ༡༧།ཀུནཾ་དགཾའི་«་་་་་བཅོ་ལྔ་པ་རིག་བྱེད་གཏམ་ལས་དྲངས་པ་བསྡུས་པའི་གཟུགས་ཅན། »དཔལ་སྟེར་ལམ་གྱིས་ལེགས་སྦྱངས་པའི། །ཐུགས་རྒྱུད་རིན་ཆེན་རྩིག་ངོས་ཐམས་ཅད་མཁྱེན། །ཡོན་ཏན་གཟུགས་བརྒྱའི་དཔལཾ་འབྱོརཾ་སྣང་བའི་མཚར། །སྐལ་བཟང་ཨཉྫ་ན་བུས་དཀའ་བས་རྟོགས། ༡༨ །ཐོས་པ་«་་་་་བཅུ་དྲུག་པ་དགའ་བའི་རྒྱན་ལས་དངོས་ཐོབ་ཀྱི་དགའ་བ། »ཕྲ་མོས་མ་གོས་ཡིད་གདུང་ཚེ། །ཀུནཾ་བཟང་ལུགས་མཆོག་མ་ནོར་ཅང་འདོམས་པས། །རབ་དགའཾ་གསར་དུ་བསྐྲུན་དེ་བསྟནཾ་འཛིཾན་གྱི། །སྐྱེས་མཆོག་དངོས་མཐོང་མིན་པས་ཅི་སྟེ་ཐོབ། ༡༩ །བཾཀྲ་«་་་་་བཅུ་བདུན་པ་སྦྱར་བའི་དཔེ་རྒྱན། »ཤིསཾ་པདྨའི་འདབ་མ་སྟོང་ལྡན་བཞིན། །མཁས་བཙུན་གྲུབ་པའི་ངང་ཚུལ་བཟཾང་པོཾ་གང༌། །སྐྱེ་དགུའི་ཐོར་ཚུགས་རྩེར་མཛེས་བསུང་ཞིམ་ལྡང༌། །སྙན་པའི་གླུར་འཇོ་བྱེ་བས་བསྔགས་པའི་ཡུལ། ༢༠ །གཙུག་«་་་་་བཅོ་བརྒྱད་པ་སྒྲས་ཟིན་མཚུངས་པའི་ལྡོག་པ་ཅན་ལས་གཅིག་གིས་ལྡོག་པ། »ལག་རབ་འབྱམས་འཛིན་དང་འཆད་མཁས་པའི། །མཆུ་འདབ་སྙུང་བ་རྫོགས་སངཾས་རྒྱསཾ་མཚུངས་ལས། །དཔཾལ་སྟུག་བཞི་པའི་ཕྲིན་ལས་བཟཾང་པོའི་རྒྱུན། །སྣ་ཚོགས་འགྲོ་ལ་འདོམས་པས་རྣམ་པར་དབྱེ། ༢༡ །ངགཾ་«་་་་་བཅུ་དགུ་པ་མ་བསྡུས་པའི་གཟུགས་ཅན། »དབངཾ་གཞོན་ནུ་གྲུབ་པའི་མ་ཧརྵིས། །གསུང་རབ་ཀུནཾ་དགཾའི་ཆུ་ཀླུང་ཡོངས་བཏུང་ནས། །ལེགཾས་པར་བཤད་པའི་ཟིལ་དངར་སྐྱུགས་རྒྱུན་གྱིས། །བདེ་འབྱུངཾ་བསྟན་པའི་སྲོག་རྩ་བརླིང་བར་བྱས། ༢༢ །ངགཾ་«་་་་་ཉི་ཤུ་པ་བསྙོན་དོར་གྱི་རྒྱན་ལས་ཆོས་ལ་བསྙོན་པ། »གི་དབངཾ་ཕྱུག་གྲུབ་མཚན་རབ་འབྱམས་གཞུང༌། །ཀུཾན་དགའིཾ་དཔལ་དུ་འཇོ་བ་ཁྱོད་གཅིག་མཐུ། །མ་ཡིན་དྲན་དབང་ཀུན་གི་རྩོམ་འཆད་དང༌། །རྩོད་པའི་བློཾ་གྲོསཾ་མ་བྱིན་བླངས་པར་ངེས། ༢༣ །རྒྱལ་«་་་་་ཉེར་གཅིག་པ་བསྡུས་པའི་གཟུགས་ཅན། »ཀུན་ཕྲིན་ལས་འཆིཾ་མེདཾ་རྫིང་རིང་ལས། །བློ་གྲོས་ཀུན་ཕན་གཞོན་ནུས་ཤེས་བྱའི་གནས། །བཅུ་ཕྲག་སྣང་བ་དཀར་པོས་ཐུབཾ་དབང་གིས། །ཉེར་བསྟནཾ་རབཾ་ཏུ་གསལཾ་མཛད་ཁྱོད་གཅིག་ཁུམས། ༢༤ །རྣམ་«་་་་་ཉེར་གཉིས་པ་རྒྱ་ཆེ་བའི་རྒྱན་ལས་བསམ་པ་རྒྱ་ཆེ་བ། »པ་ཐམས་ཅད་གཟིགས་པའི་སངཾས་རྒྱསཾ་སར། །བགྲོད་པར་ཆེ་བའི་ཡོན་ཏན་རྩལ་རྫོགས་ཀྱང༌། །བདེ་ཆེན་གྲོང་དུ་སེམས་ཅན་སྨིན་བྱའི་ཕྱིར། །ཟབ་གསང་བསྟནཾ་པཾ་སྨྲ་བའི་བརྟུལ་ཞུགས་བཟུང༌། ༢༥ །སངཾས་«་་་་་ཉེར་གསུམ་པ་འགོག་པའི་གཟུགས་ཅན། »རྒྱསཾ་ཀུན་གྱི་ཐུགས་རྗེ་སྐྱེ་བའི་གར། །ཟློས་པའི་ཟླ་བས་མེ་ཏོག་གཞུ་ཅན་སྙིང༌། །འཚེད་པའི་གདུང་བ་བསྐྱེད་ན་རྒྱཾ་མཚོཾ་ཆེ། །བསྲུབས་སྐྱེས་བསིལ་སྦྱིན་མཁན་དུ་ཇི་ལྟར་སྨྲ། ༢༦ །སྦྱངས་«་་་་་ཉེར་བཞི་པ་བསྡུས་དང་མ་བསྡུས་བསྲེས་པའི་གཟུགས་ཅན། »སྟོབས་དམན་པ་མིན་པའི་སྨྱིག་གུ་ཡིས། །གཙུག་ལག་ཆོསཾ་ཀྱི་གཟུགས་སུ་སྣང་ངོ་འཚལ། །མཁྱེན་རབ་རྩིག་ལོགས་བཀོད་པ་བཀྲག་ཆེ་བའི། །ངོ་མཚར་ལེགས་པར་བཤད་པའི་འབྱུངཾ་གནཾས་བཟང༌།༢༧ །བསོདཾ་«་་་་་ཉེར་ལྔ་པ་དོན་གཞན་འགོག་པ། »ནམཾས་ཡངས་པར་རྒྱལ་བའི་བཀའ་མ་ལུས། །འཛིན་འཆད་དྲིན་ལ་ཕུལ་བྱུང་མི་བསྔགས་ཏེ། །བློཾ་གྲོསཾ་ལྡན་པ་རྣམས་ནི་ཉིན་དང་མཚན། །བསྒྲུབ་བྱ་དམ་པའི་ཆོས་མིན་གཞན་ཅི་ཞིག ༢༨ །བསླབ་«་་་་་ཉེར་དྲུག་པ་རིག་བྱེད་གཏམ་ལས་དྲངས་པའི་མཐའ་དག་གཟུགས་ཅན། »སྦྱངས་བི་ཤྭ་ཀརྨས་བརྡར་བའི་བློ། །སངཾས་རྒྱསཾ་ཡེཾ་ཤེསཾ་འོད་གསལ་མི་སྦྱིན་སྐྱེས། །མཐའ་ཀླས་ཤེས་བྱའི་མཁའ་ལ་ལེགས་རྒྱུ་ཚེ། །ལེགས་བཤད་སྦྲང་རྩིའི་རྒྱལ་མཚན་རྩེ་དགས་དགོད། ༢༩ །ཁ་«་་་་་ཉེར་བདུན་པ་ཁྱད་པར་བརྗོད་པ་ལས་ཡོན་ཏན་མ་ཚང་བ། »གསགས་མཆིད་དང་སྣ་ཚོགས་ཚུལ་འཆོས་སོགས། །གཞན་འདྲིང་ཐབས་ལ་ནམཾ་ཡང་མི་མཁས་མོད། །མཁཾའ་མཉམ་ཡིད་ཅན་མི་ཕྱེད་དད་གསུམ་དཔཾལ། །བསྐྱེད་པའི་ཡོན་ཏན་བཟཾང་པོ་འདི་ལ་རྫོགས། ༣༠ །ཕུནཾ་«་་་་་ཉེར་བརྒྱད་པ་དཔེ་རྒྱན་ལས་མཚུངས་པ་གསལ་བྱེད་ཀྱི་སྒྲས་ཟིན་པ།»ཚོགཾས་ཕན་བདེའི་འབྱུང་གནས་རྣམ་འདྲེན་གྱི། །ལུགས་མཆོག་དྲི་མེད་བཤད་སྒྲུབ་ཟུང་དག་གིས། །འཚོ་གཞེས་ཆོ་ག་བསྒྲུབས་པའི་ལེགས་མཛད་ཀྱི། །གཏིང་དཔག་དཀའ་བ་རྒྱཾ་མཚོཾའི་རྗེས་སུ་སྙེགས། ༣༡ །སྐྱེ་བ་«་་་་་ཉེར་དགུ་པ་རྒྱུའི་རྒྱན་ལས་སྐྱེད་བྱེད་འགྲུབ་པའི་རྒྱུ། »ཟློས་དགུར་བསགས་པ་བསོཾད་ནམཾས་ཀྱིས། །བསླབ་གསུམ་ལྷུན་ལེན་བྱང་ཆུབ་སེམས་དཔའ་ཆེར། །བསྐྲུན་པའི་གར་གྱིས་རིག་པའི་ཚོགས་བཟུང་ནས། །རྣམ་གསུམ་མཁས་པའི་ལས་བྱེད་མཆོཾག་ཏུ་གྲུབཾ། ༣༢ །རྒྱལ་«་་་་་སུམ་ཅུ་པ་ཡོན་ཏན་གྱི་རང་བཞིན་བརྗོད་པ། »བ་ཀུན་དངོས་པཾདྨཱཾ་ཀ་ར་ཡི། །ཞལ་ལུང་ཟབ་མོ་གསངཾ་བ་སྔགཾས་ཀྱིས་མཚོན། །ཐམས་ཅད་མཁྱེན་རྒྱུ་ཤེས་བྱ་རིག་པའི་བཾསྟན། །ཡོངས་བཟུང་འཆད་རྩོད་རྩོམ་པའི་རོ་འཛིཾན་བདེ། ༣༣ །དྲན་དབང་«་་་་་སོ་གཅིག་པ་དཔེ་རྒྱན་ལས་མཚུངས་པ་གསལ་བྱེད་ཀྱི་སྒྲས་ཟིན་པ། »ཀུནཾ་དགཾའི་དཔལ་བསྐྱེད་ཡོན་ཏན་གྱིས། །འཛད་མེད་རྒྱཾ་མཚོའིཾ་མཇིང་ལ་རྣམ་པར་འཐབ། །རྣམ་དཀར་ཕྲིཾན་ལཾས་མི་འཆད་རྒྱུན་བཟང་གིས། །དག་བྱེད་འབུམ་ཕྲག་འབེབས་པའི་ཚུལ་ལ་འཕྱ། ༣༤ །རྣམ་«་་་་་སོ་གཉིས་པ་ནང་ཤེས་བྱེད་ཀྱི་རྒྱུ་ལ་ཏིང་ངེ་འཛིན་གྱི་རབ་བརྟག་གིས་སྤུད་པ། »ཀུན་སེམས་ཅན་ཕན་པ་ལྷུར་ལེན་ལ། །དགཾའ་བའི་འཛུམ་ཟེར་དཀར་པོས་ཁོར་ཡུག་གི །མུན་པ་བཀྲུ་སྙམ་བྱེད་ཀྱིན་ལེགས་པའི་ལམ། །འདོམས་དེ་རྒྱལཾ་བའི་སྲས་སུ་མཚནཾ་ཉིད་བཟཾང༌། ༣༥ །མདོར་ན་«་་་་་ཕྱག་བྱ་བའི་སྒོ་སོ་གསུམ་པ་བྱ་བའི་རང་བཞིན་བརྗོད་པ། »བསླབ་གཞི་རིག་བྱེད་ཀུན་གྱི་སྒོ། །ཡིག་ཀློག་འདྲི་དང་བརྡ་སྦྱོར་དང་པོ་ནས། །མཐར་ཐུག་འབྲས་བུའི་བར་གྱི་ཤེས་བྱའི་གནས། །ལེགས་འདོམས་སློབ་དཔོན་ཀུན་ལ་ཕྱག་འཚལ་ནས། ༣༦ །སྔོན་སྦྱངས་«་་་་་འདི་ནས་བརྩམས་ཏེ་དངོས་པོ་ངེས་བསྟན་ལ་གཟུགས་ཅན་ལས་ལྡན་པའི་གཟུགས་ཅན་ལས་དྲངས་པ། »བག་ཆགས་ཀྱིས་དམན་ཤེས་རྒྱུད་ཀྱི། །རང་བཞིན་གོར་མའི་གོང་བུ་སྐྱེ་བ་འདིར། །གཞུང་ལུགས་མང་དུ་ཐོས་པའི་ཆུ་གཏེར་ནང༌། །ལྷུང་ཡང་མཁྲེགས་པའི་སྙིང་པོ་མཉེན་དུ་ཅི། ༣༧ །རང་རྒྱུད་«་་་་་རབ་བརྟག་ལས་སེམས་མེད་ཀྱི་རབ་བརྟག་གིས་མཛེས་པ།»སྦྱར་རམ་གཞན་ལ་འཆད་པའི་མཐུ། །ཕྲ་ཡང་སྣ་ཚོགས་ཐོས་པའི་ཁུར་བཟུང་བ། །ངལ་བ་སྙིང་པོས་དབེན་པ་འདི་ཅི་ཞེས། །མཁའ་དབྱིངས་ཁྲེལ་བའི་གད་མོ་འབྲུག་ཏུ་དགོད།༣༨ །འོན་ཏེ་ཚོང་«་་་་་འདི་ནས་ཤླཽ་གཉིས་དོན་གཞན་བཀོད་པ་ལས་འོས་ཤིང་མི་འོས་པ། »དུས་ཟོང་དང་ལོ་ཟླའི་བུན། །སྤེལ་སྐྱེག་ཡི་གེས་སྒྲ་འཛིན་གཙེར་མོད་ཀྱི། །བརྒྱུད་ཚུལ་དྲི་མེད་ལས་འོངས་དམ་པའི་ཆོས། །ཐོས་ཚུལ་འཕྲིན་སྙན་ཤོད་འདིར་ཅི་ལ་གདུང༌། ༣༩ །གཙང་མིན་དྲི་ངའི་གནས་སུ་གཞན་གསོས་བྱ། །དགའ་བའི་ཅ་ཅོས་རྣ་བར་རྩུབ་འགྱུར་མོད། །དབྱར་སྐྱེས་སྨན་གྱི་ནགས་སུ་ཀོ་ཀི་ལ། །ལང་ཚོ་རྒྱས་པའི་གླུ་ཡིས་དེ་ལྟར་མིན། ༤༠ །ཀུན་མཁྱེན་«་་་་་རང་བཞིན་བརྗོད་པ་ལས་ཡོན་ཏན། »ཉི་མའི་རྩ་ལག་སྲས་དང་བཅས། །དཔལ་མགུར་བུམ་པ་བཟང་པོ་ལས་སྐྱེས་སྨན། །ཟེགས་མ་གཅིག་ཅིག་ལྷུང་གྱུར་ཐོས་པ་འཛིན། །དགེ་བ་གསུམ་གྱི་སྙིང་པོས་ངེས་པར་ལྕི། ༤༡ །མ་རིག་བྱེད་«་་་་་གཟུགས་ཅན་ལས་མ་བསྡུས་པ། »པོའི་རྩ་བ་སྦོམ་པོ་ལས། །མཆེད་པ་སྣ་ཚོགས་ལས་ཀྱི་མཆེལ་པ་ཅན། །སྡུག་བསྔལ་འཁོར་བའི་ཤིང་ཆེན་གཅོད་པའི་མཚོན། །ཐོས་བསམ་བསྒོམ་པས་བརྡར་བའི་སྟྭ་རེ་བཟང༌། ༤༢ །བླང་དོར་«་་་་་དཔེ་རྒྱན་ལས་རྒྱུའི་དཔེ། »གྲུབ་མཐའ་འབྱེད་པས་འདྲེན་བྱེད་ཉིད། །དཀར་མིན་ལམ་ལས་ལྡོག་ཕྱིར་དམིགས་བུ་བཟང༌། །རྣམ་གཡེང་སྤོང་བས་བག་ཡོད་བསྟི་བའི་གནས། །མངོན་འདོད་གནས་སུ་བགྲོད་ཕྱིར་ཐེམ་སྐས་བཞིན། ༤༣ །ཐོས་པ་གསར་«་་་་་གཟུགས་ཅན་ལས་རྒྱུའི་གཟུགས་ཅན།»བའི་འཕྲིན་ཤོད་བྱ་མ་རྟ། །ཐོས་དོན་དཔྱོད་ལ་མཛངས་པའི་བློ་གྲོས་བཟང༌། །དཔྱད་དོན་ཉམས་སུ་ལེན་པས་ལག་པ་ཉིད། །བླང་དོན་སྲིད་པའི་འཆིང་འགྲོལ་སོར་མོའི་འཕྲུལ།༤༤ །གཅིག་ཏུ་«་་་་་རྒྱུའི་རྒྱན་ལས་རྒྱུ་མེད་པས་འབྲས་བུ་མེད་པར་བསྐྱེད་པ། »གནས་ལྔའི་ཤེས་བྱར་མ་སྦྱངས་པར། །ཀུན་མཁྱེན་ཐོབ་པའི་མངོན་འདོད་ཡ་མ་བརླ། །རྒྱུ་མེད་འབྲས་བུ་ཕུན་ཚོགས་འབྱིན་པའི་ཆོས། །ལེགས་འདོམས་རྫོགས་པའི་སངས་རྒྱས་ཅང་བྱོན་ནམ། ༤༥ །མ་བརྟགས་«་་་་་རབ་བརྟག་ལས་ཏིང་ངེ་འཛིན་གྱིས་མཛེས་པ། »གཟུ་ལུམ་བསྒྲིགས་པའི་བརྒྱུད་རིམ་གྱིས། །མང་ཐོས་གྲལ་དུ་དཔྱད་ཚེ་གཡར་ངོའི་འཛུམ། །གནག་པའི་དྲི་མས་ནོངས་དེ་རྔུལ་ཆུའི་རྒྱུན། །མུ་ཏིག་དོག་པ་ལྡན་པས་བཀྲུ་སྙམ་བྱེད། ༤༦ །ཐུབ་«་་་་་གཟུགས་ཅན་གྱི་རྒྱན་ལས་བསྡུས་པ། »མཆོག་རིག་བྱེད་འབྱིན་པོས་གསུང་གིས་ཕབ། །འཕགས་བོད་མཁས་གྲུབ་མཁྱེན་དཔྱོད་མིག་གསུམ་ཅན། །རལ་པ་མཐའ་མེད་ལས་བརྒྱུད་དབང་བསྐུར་ཁྲིད། །བྱིན་རླབས་གདམས་ངག་ལེགས་བྲིས་ལས་འོངས་རྒྱུན། ༤༧ །ཆོས་«་་་་་གཟུགས་ཅན་ལས་མ་བསྡུས་པ། »སྨྲ་མཆོག་གི་སྐལ་ལྡན་ཤིང་རྟ་ལས། །རང་ཉིད་སྐལ་བའི་སྐྱོགས་ཀྱིས་བཅུས་པའི་གྲངས། །རིས་སུ་བསྡེབས་པའི་ཚོགས་པ་སུམ་ལྡན་གྱི། །དག་བྱེད་རྫིང་འདི་ཐར་པའི་གསོས་སུ་བཟང༌། ༤༨ །ཚུལ་འདི་«་་་་་དཔེ་ལས་མཚུངས་པ་གསལ་བྱེད་ཀྱི་སྒྲས་ཟིན་པ། »སྨྲ་མཁས་འཇཾམ་པཾའི་དབྱངཾས། །ངེས་འབྱུང་ཚུལཾ་ཁྲིམཾས་བསླབ་པའི་གཞིའི། །གནང་བཀག་ཀློག་པའི་ཕྲིན་ལས་ནི། །ལྷུནཾ་གྲུབཾ་ཟས་གཙང་སྲས་འདྲ་དེ། ༤༩ །འགྲོ་ལ་ཚད་མེད་སྙིང་རྗེའི་ཤུགས། །ལང་ཚོ་བཞིན་དུ་དར་བབ་དེས། །དགྱེས་པར་ཕྱེ་བའི་མཆུ་སྒྲོས་དག །བནྡུ་ཛཱི་བ་ཀ་མཚུངས་ལས། ༥༠།ཆོས་«་་་་་རང་བཞིན་བརྗོད་པ་ལས་བྱ་བ། »ཕུང་བརྒྱད་ཁྲི་བཞི་སྟོང་ཕྲག །འབྱུང་སྒོ་དེ་ནས་མིང་དོན་རྟགས། །འཕོ་བྱེད་ཆོ་ག་འབོགས་པའི་སྐབས། །འཕྲིན་ཡིག་དམ་པས་འདི་སྐད་མཆིད། ༥༡ །འཁོར་བ་«་་་་་གཟུགས་ཅན་ལས་བསྡུས་པ། »སྡུག་བསྔལ་ཆུ་གཏེར་ལས། །ངེས་འབྱུང་བློ་གྲོས་གྲུར་ཞུགས་ལ། །ཚུལཾ་ཁྲིཾམས་བསླབ་གཙང་ཡིད་བཞིན་ནོར། །རིཾན་ཆེནཾ་མཆོག་འདི་ཟུང་ཞིག་སྩོལ། ༥༢ །གཅིག་«་་་་་རྒྱ་ཆེ་ལས་བསམ་པ་རྒྱ་ཆེ་བ། »ཏུ་ཕྱི་ནང་ཤེས་བྱའི་གནས། །ཐམཾས་ཅདཾ་གཟིཾགས་པའི་སངས་རྒྱས་ཉིད། །དེང་དུས་སྐལ་དམན་གདུལ་བྱའི་ངོར། །ངུར་སྨྲིག་འཆང་གི་རྣམ་རོལ་བཟུང༌། ༥༣ །བསྟན་པའི་«་་་་་རྒྱུ་ལས་སྐྱེད་བྱེད་ཀྱི་རྒྱུ། »སྙིང་པོ་སྡོམ་གསུམ་གྱིས། །ཛམ་བུའི་གླིང་བརྟེན་སྐལ་བ་ཅན། །བཀྲཾ་ཤིཾས་སྒྲུབ་པའི་ཕྲིན་ལས་ནི། །ལྷུནཾ་གྲུབཾ་སྲིད་ཞིའི་ཁྱབ་བདག་ཆེ། ༥༤ །གང་«་་་་་གཟུགས་ཅན་ལས་བསྡུས་ཤིང་མ་བསྡུས་བསྲེས་པ། »མགྲིན་དབྱངས་ཅན་རོལ་མཚོ་ལས། །ཚངས་དབྱངས་ངང་པའི་བུ་མོ་ཡིས། །འབྱུང་འགྱུར་བསྟན་པའི་དབྱངས་སྙན་ལས། །གཙུག་ལག་མང་ཐོས་བོད་ཕྱོགས་སུ། ༥༥ །ལྷ་མཆོག་«་་་་་གཟུགས་ཅན་ལས་ཆ་ཤས། »ངཾག་གིཾ་དབངཾ་ཕྱུག་གི །གསང་གསུམ་བྱིན་རླབས་འོད་པོཾ་ཆེའི། །ཟེགས་མས་ལྷུང་འཕྲལ་བློ་གྲོས་ཀྱི། །སྦྲང་རྩིའི་རྒྱལ་མཚན་རྣམ་པར་ཕྱེ། ༥༦ །དེར་བརྟེན་«་་་་་གཟུགས་ཅན་ལས་ཡན་ལག་གཅིག་པ། »ལེགས་བཤད་རྐང་དྲུག་གླུ། །ཅི་འདོད་འཇོ་ལ་འཇིཾགས་བྲཾལ་བར། །ཕྱོགཾས་ལཾས་རྣམཾ་པཾར་རྒྱལཾ་འགྱུར་བཾའིཾ། །ཤིས་བརྗོད་སྔོན་འགྲོས་མངའ་ཡང་གསོལ། ༥༧ །དཔལ་«་་་་་དཔེ་ལས་མཚུངས་པ་གསལ་བྱེད་ཀྱི་སྒྲས་ཟིན་པ། »ལྡན་བླ་མ་ལྷག་པའི་ལྷཾ། །ཐ་དད་མིན་པས་སྨྲ་བའི་ངག །དངོས་གྲུབ་མཆོག་སྦྱིན་ཕྱག་རྒྱ་ནི། །དཔག་བསམ་མཚལ་པ་ལྟ་བུར་བརྐྱང༌། ༥༨ །གང་«་་་་་ཚིགས་སུ་བཅད་པ་གསུམ་རིགས་ཀྱི་སྒོ་ནས་བཞིར་ཕྱེ་བ་ལས་རིགས། »ཚེ་རྒྱལ་གསུང་རྒྱ་མཚོ་ཡི། །རྣམ་འཕྲུལ་མཚར་སྡུག་དབྱངཾས་ཅནཾ་མ། །ལོངས་སྤྱོད་འཁོར་ལོའི་ཆུ་སྐྱེས་ལ། །རང་ཉིད་བསྟི་གནས་རྣམ་བརྟགས་ནས། ༥༩ །བག་ཕབ་འཁོད་དེ་ཤེས་བྱའི་གནས། །མཐའ་དག་སྙན་དངགས་དམ་པའི་གླུར། །འདོད་པར་འཇོ་ལ་ང་ཉིད་ཀྱི། །སྒྲུན་ཟླ་སྲིད་ན་དཀོན་མིན་ནམ། ༦༠ །སྙམ་དུ་སྙེམཾས་པཾ་མཆོག་དེ་དང༌། །ལངཾ་ཚོའིཾ་འཇོ་སྒེག་ངོམ་བྱེད་ཀྱིན། །ཕུན་ཚོགས་སྡེཾ་བཞིའི་བརྗོད་བྱ་ཅན། །ལེགས་བཤད་སྒོ་བརྒྱ་འབྱེད་སྙམ་བྱེད། ༦༡ །ཅེས་བྱའི་«་་་་་རང་བཞིན་བརྗོད་པ་ལས་བྱ་བ། »མིང་གིས་གདགས་གཞིར་གྱུར་པ་དེས། །དལ་འབྱོར་ལུས་རྟེན་སྙིང་པོ་བླང་སེམས་ཀྱིས། །ཚོགས་གཉིས་ཡོངས་སུ་རྫོགས་པའི་དཔལ་ལྡན་པ། །བླ་མེད་བླ་མར་གྱུར་རྣམས་གུས་པར་བསྟེན། ༦༢ །དོན་ཡོད་«་་་་་རང་བཞིན་བརྗོད་པ་ལས་ཡོན་ཏན། »རྣམ་བཞིས་མཆོད་པའི་འཛུམ་ཞལ་ལས། །ཟབ་དང་རྒྱ་ཆེ་དཾམ་པཾའིཾ་ཆོསཾ་ཀྱི་ཚུལ། །གང་དག་ཐོཾས་པཾའི་རྣམ་གྲངས་ཡིད་བྱེད་ཀྱིས། །དུབ་པར་ཡིཾ་གེཾའི་ངལ་སྟེགས་བསྐྲུན་འདི་ཀོ ༦༣ །ཉེས་«་་་་་གཟུགས་ཅན་གྱི་རྒྱན་ལས་བསྡུས་དང་མ་བསྡུས་བསྲེས་པ། »སྤྱོད་སྡོམ་པར་བག་ཡོད་ཆུ་ཀླུང་བདག །གཞུང་ལུགས་མང་ཐོས་ནོར་བུའི་འབྱོར་པ་ཆེ། །དོཾན་གཉེརཾ་རྣམ་པར་དཔྱོད་པའི་གདེཾངས་ཅནཾ་ཚོགས། །ཀུན་དགའི་རྩེ་འཇོར་རོཾལ་པཾའི་ཆུཾ་གཏེརཾ་བསྐྲུན། ༦༤ །སྔོན་«་་་་་གཟུགས་ཅན་གྱི་རྒྱན་ལས་བསྡུས་པའི་གཟུགས་ཀྱིས་མཛེས་པ། »རྗེས་གཅིག་ནས་གཅིག་ཏུ་བརྒྱུད་མིན་རྣམ་པར་དཔྱད་ན་རང་མཚང་བརྟོལ་བ་མི་བཟད་དྲོད། །རིང་བར་ཞི་བྱེད་དཔྱད་གསུམ་ལམ་ནས་ཉེར་འཕོས་ལེགས་བཤད་ལྷོ་ཕྱོགས་དྲི་ཁྱེར་དལ་བུ་ཡིས། །འཕགས་བོད་ཡུལ་གྲུ་ཀུན་ཏུ་རབ་བྱོན་མཁས་དང་གྲུབ་བརྙེས་ཙནྡན་ནགས་ཚལ་ལས་བརྒྱུད་བསུང༌། །སྐལ་བ་ཆེར་སྦོམ་རྣམ་དཔྱོད་གཟུར་གནས་དོན་མཐུན་སྙིང་ལ་རབ་སིམ་རྨད་བྱུང་བདེ་བ་སྟེར། ༦༥ །རྣམ་«་་་་་ཟུང་ལྡན་ལས་དབུས་དང་ཐོག་མཐའ་ཡོད་པ་མ་ཆོད་པས་མཛེས་པ། »དག་སྤང་རྟོགས་ཡོན་ཏན་ཆེ་མཆོག་མཆོག་དངོས་གྲུབ་པ་ཀུན་གྱིས་ལེགས་པར་གཤེགས་པའི་ལམ། །ལམ་བཟང་སྨིན་དང་གྲོལ་བྱེད་སྨྲ་མཁས་མཁས་དང་གྲུབ་པའི་ལོངས་སྤྱོད་འཁོར་ལོར་རིམ་པར་བརྒྱུད། །བརྒྱུད་པ་བསྙེན་བསྲིང་གྱེས་ཚུལ་ཐ་དད་དད་གསུམ་ནོར་བུ་སྙིང་ལ་བཅང་བ་བདག་ཅག་བར། །བར་མ་ཆད་དུ་གཅིག་ནས་ཆིག་བརྒྱུད་བརྒྱུད་པ་ཡིད་ཆེས་སུམ་ལྡན་ཚར་དུ་དངར་རོ་ཀྱེ། ༦༦ །ཀྱེ་ཀྱེ་དེ་བཞིན་གཤེགས་དང་དེ་སྲས་ཀྱིས་གསུངས་ཐོས་པ་དོན་དུ་གཉེར་བའི་གྲོགས་ལ་ལ། །ཡང་«་་་་་ཐོག་མཐར་ཡོད་པ་མ་ཆོད་པའི་ཟུང་ལྡན། »ཡང་གཞུང་ལུགས་མཉན་པའི་ཡོན་ཏན་སོམ་ཉིས་དབེན་པར་ཡིད་ལ་བསམས་ཀྱིན་དགའ་ཡལ་ཡལ། །ཀྲོག་ཀྲོག་ཐོས་པ་འཛིན་པའི་དབང་པོ་རྩེ་གཅིག་གཏོད་དེ་ཁེངས་པ་བསྐྱུངས་ལ་ཚུར་གསོན་གསོན། །གསལ་གསལ་རྗོད་བྱེད་རྒྱུད་ལས་འཕོས་པའི་ལེགས་བཤད་གྱ་ནོམ་དགའ་སྟོན་འགྱེད་པ་འདི་ཟུང་ཟུང༌། ༦༧ །དེའང་དཔལ་ལྡན་སྨྲ་བའི་དབང་ཕྱུག་གྲུབ་པའི་སློབ་དཔོན་ཆེན་པོ་དཎྜི་པས་སྙན་དངགས་མེ་ལོང་གི་གཞུང་ལས། ཇི་སྐད་དུ། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པ་དེ་ཡི་སྒོ། །ཞེས་གང་དག་བརྗོད་པར་བྱ་བའི་སྙིང་པོ་སྟོན་པར་བྱེད་པ་ཀུན་གྱི་སྔོན་དུ་འགྲོ་བར་མི་འོས་པ་མེད་པའི་སྒོ་གསུམ་གྱིས་སྔུན་བསུས་ཏེ། སློབ་དཔོན་ཟླ་བའི་ཞབས་ཀྱིས་སློབ་མར་སྤྲིང་བ་ལས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང༌། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་འགྱུར་བ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་ནས་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་གསུངས་པ་ལྟར་འགྲོ་བ་གཞན་གྱི་ལུས་རྟེན་གྱིས་ཤིན་ཏུ་རྙེད་པར་དཀའ་བ། རང་ཉིད་གཏིང་མཐས་རྣམ་པར་དབེན་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོའི་ཕ་རོལ་དུ་བརྒལ་ཞིང༌། མཐར་ཐུག་གི་འབྲས་བུ་བླ་ན་མེད་པ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་གི་བར་དུ་བགྲོད་དེ། མཐའ་མེད་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུའང་དགེ་བའི་ས་བོན་རྨ་མེད་པར་བཏབ་ནས་མཐར་ཐུག་མི་གནས་པའི་མྱ་ངན་ལས་འདས་པའི་གོ་སར་འཁྲིད་པར་བཟོད་པའི་དོན་གཉིས་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་གང་དེ་བསྒྲུབ་ཏུ་ཡོད་པའི་རྟེན་དམ་པ་བ་དེ་རྒྱུ་བསྒྲུབ་པར་ཁོམ་པ་མིན་པའི་སྐྱེ་གནས་ཀྱིས་རྣམ་པར་བསླད་པ་མེད་པའི་དལ་བ་ཕུན་སུམ་ཚོགས་པ་དང༌། རང་གཞན་སྟོབས་ཀྱིས་ཐོབ་པའི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ལུས་རྟེན་ལན་གཅིག་ཙམ་ཐོབ་པ་འདི་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་ལས་ཀྱང་ཕན་ཡོན་ཆེས་ལྷག་པ་ཐོབ་པའི་སྐབས་འདིར་དམ་པའི་སྙིང་པོ་ཅན་དུ་སྒྲུབ་པ་ནི་ཤིན་ཏུ་འབད་པར་བྱ་དགོས་ཏེ། སློབ་དཔོན་ཞི་བའི་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་ཡིས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པ། དེ་ལྟ་བུའི་རྟེན་དེ་ལ་བརྟེན་ནས་ལེ་ལོ་དང་སོས་དལ་གྱི་དབང་དུ་མ་སོང་བར་སྙིང་པོ་བླང་བའི་ཐབས་ལ་རྟུན་པ་ཆེར་བསྐྱེད་དགོས་པའང༌། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། ཚེ་འདིར་གནོད་མང་རླུང་གིས་བཏབ་པ་ཡིས། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་དང༌། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་པས་ཀྱང༌། སྲིད་གསུམ་ཐམས་ཅད་མི་རྟག་ངང་ཚུལ་ཅན། །སྐྱེས་བུའི་ཚེ་ཡང་རྩྭ་རྩེའི་ཟིལ་པ་ལྟར། །མི་རྟག་མྱུར་དུ་འཆི་བར་ངེས་པས་ན། །ཤུགས་དྲག་བརྩོན་འགྲུས་བསྐྱེད་དང་བློ་ལྡན་དག །ཅེས་གསུངས་པ་ལྟར་སྤྱིར་ལས་མངོན་པར་འདུས་བྱས་པ་ལས་གྲུབ་པའི་སྲིད་པ་གསུམ་དུ་སྣོད་བཅུད་ཀྱི་རྣམ་པར་ཇི་སྙེད་ཅིག་སྣང་བ་ཐམས་ཅད་མི་རྟག་ཅིང་མི་བརྟན་པར་རྣམ་པར་འགྱུར་བའི་ཆོས་ཅན་ལས་གཞར་ཡང་མ་འདས་པའི་ཕྱིར་དང༌། ཁྱད་པར་སྐྱེས་བུའི་འཚོ་བ་ཉིད་ནི་སྐད་ཅིག་སྔ་མ་ནས་ཕྱི་མའི་ཡུན་ཚད་ཙམ་དུའང་རྟག་པའི་ངེས་པ་ཡོད་པར་མ་གསུངས་པའི་ཕྱིར། ཚེ་འདིའི་བྱ་བ་ཐམས་ཅད་ཆུ་ཤིང་བཞིན་དུ་སྙིང་པོ་མེད་པར་ཤེས་པར་བྱས་ནས། ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་ཐབས་ཀྱིས་ནམ་ཡང་མི་བསླུ་ངེས་པ་ཉིད་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་ཁོ་ན་སྟེ་དེའི་རྗེས་སུ་རིམ་གྱིས་འཇུག་པ་དང་ཉེ་བར་ཞུགས་པའི་སྒོ་ནས་སྙིང་པོ་བླང་དགོས། སྙིང་པོ་ལེན་པའི་ཐབས་ལ་བཞི་སྟེ། འཇུག་ཡུལ་ཤེས་པའི་ཆེད་དུ་བསྟན་པའི་རྣམ་གཞག་བསྟན་པ། འཇུག་སྒོ་ཤེས་པའི་ཆེད་དུ་ཐོས་བསམ་ལ་རིམ་གྱིས་སློབ་ཚུལ། ཐོས་དོན་ཡིད་ཆེས་ཆེད་དུ་ཆོས་ཀྱི་བརྒྱུད་རིམ་བསྟན་པ། ཐོས་བསམ་དོན་ཡོད་ཆེད་དུ་རང་གཞན་དོན་གཉིས་སྒྲུབ་པའི་ཚུལ་ལོ། །དང་པོ་འཇུག་ཡུལ་ཤེས་པའི་ཆེད་དུ་བསྟན་པའི་རྣམ་གཞག་བསྟན་པ་ནི། བདག་ཅག་གི་སྟོན་པ་ཚད་མེད་པའི་ཡོན་ཏན་དང་ཐུགས་རྗེར་ལྡན་པ་ཀུན་མཁྱེན་ཉི་མའི་རྩ་ལག་ཆེན་པོ་དེ་ཉིད་ཀྱིས། གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་རྗེས་སུ་མཐུན་པར་ཉོན་མོངས་པའི་གཉེན་པོར་དམ་པའི་ཆོས་ཀྱི་བདུད་རྩིའི་སྒོ་འཕར་བསམ་གྱིས་མི་ཁྱབ་པར་ཕྱེ་སྟེ། ཇི་སྐད་དུ་མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་སོ། །དེའི་རྣམ་པར་གཞག་པ་ལ་གཉིས་ཏེ། ཆོས་སྤྱི་མདོར་བསྟན་པ་དང༌། བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་ནི་སྤྱིར་ཆོས་ཞེས་བྱ་བའི་སྒྲ་དེ་དོན་དུ་ལ་འཇུག་ཅེ་ན། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང༌། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་ཆོས་ཀྱི་སྒྲ་འཇུག་ཡུལ་བཅུ་ལ་བཤད་པ་ལས། འདིར་ཤེས་བྱ་དང༌། ལམ་དང༌། མྱ་ངན་ལས་འདས་པ་གསུམ་བརྗོད་བྱར་བྱས་ནས། གསུང་རབ་རྗོད་བྱེད་ཀྱི་དབང་དུ་བྱས་པའི་དམ་པའི་ཆོས་སོ། །གཉིས་པ་བྱེ་བྲག་ཏུ་རྒྱས་པར་བཤད་པ་ལ་གསུམ་སྟེ། མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་ནི་གང་ཞིག་སྤྱད་ཅིང་ཉམས་སུ་བླངས་པས་སེམས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་པ་གང་ཡིན་པ་དེ་ཉིད་དོ། །དེ་སྐད་དུའང་མདོ་ལས། སྡུག་བསྔལ་དག་ནི་ཐམས་ཅད་དང༌། །སྒྲིབ་པ་ཀུན་སེལ་དམ་པའི་ཆོས། །ཞེས་སོ། །གཉིས་པ་ནི། ལེགས་པར་སྦྱར་བའི་སྐད་དུ། སདྡྷརྨྨ་ཞེས་འབྱུང་བ། བོད་སྐད་དུ་དམ་པའི་ཆོས་ཏེ། དམ་པ་ནི་རྫོགས་པའི་སངས་རྒྱས་ཡིན་ལ། དེས་གསུངས་པའི་ཆོས་ཡིན་པས་སམ། དམ་པ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་སམ། སྐྱེས་བུ་དམ་པ་རྣམས་ཀྱིས་སྤྱད་པར་བྱ་བ་ཡིན་པས་ན་དམ་པའི་ཆོས་སོ། །གསུམ་པ་ལ་གཉིས། བརྗོད་བྱ་རྗོད་བྱེད་ཀྱི་སྒོ་ནས་དབྱེ་བ་དང༌། རྒྱུ་དང་འབྲས་བུའི་སྒོ་ནས་དབྱེ་བའོ། །དང་པོ་ལ།རྟོགས་པའི་དམ་པའི་ཆོས་དང༌། ལུང་གི་དམ་པའི་ཆོས་གཉིས་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་སོ། །རྟོགས་པའི་ཆོས་ཀྱི་མཚན་ཉིད་ནི། ལུང་གི་དམ་པའི་ཆོས་ཉམས་སུ་བླངས་པ་ལས་བྱུང་བའི་རྣམ་བྱང་གི་བདེན་པའོ། །དབྱེ་ན་འགོག་བདེན་དང༌། ལམ་བདེན་གཉིས་ཏེ། རྒྱུད་བླ་མ་ལས།གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང༌། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་སོ། །ལུང་གི་ཆོས་ཀྱི་མཚན་ཉིད་ནི། རྟོགས་པ་དམ་པའི་ཆོས་བརྗོད་བྱར་སྟོན་པའི་གསུང་རབ་དེའོ། །དབྱེ་ན་གཉིས། སྤྲོས་པ་ལས་བྱུང་བའི་བག་ཆགས་དང༌། རྒྱུ་མཐུན་ལས་བྱུང་བའི་མངོན་བརྗོད་དོ། །དང་པོ་ནི། རྟ་དང་གླང་པོ་ལ་སོགས་པའི་གཏམ་སྣ་ཚོགས་ཏེ་འཁོར་བ་དང་ཆོས་མཐུན་པས་འཇིག་རྟེན་པའི་མངོན་བརྗོད་ཅེས་བྱའོ། །གཉིས་པ་ནི། གསུང་རབ་ཡན་ལག་བཅུ་གཉིས་ཏེ། དེའང་ཆོས་ཉིད་དམ་ཆོས་དབྱིངས་རྟོགས་པར་བྱེད་པའི་རྒྱུ་མཐུན་ལས་བྱུང་བས་དེ་སྐད་ཅེས་བྱ་སྟེ། མྱ་ངན་ལས་འདས་པ་དང་ཆོས་མཐུན་པས་འཇིག་རྟེན་ལས་འདས་པའི་མངོན་བརྗོད་ཅེས་བྱའོ། །དེ་སྐད་དུའང༌། དབུས་མཐའ་ལས། རྒྱུ་མཐུན་དོན་གྱི་མཆོག་ཉིད་དང༌། །ཞེས་དང༌། མྱང་འདས་ཀྱི་མདོ་ལས། ཆུ་བོ་ཆེན་པོ་བཞི་རྒྱ་མཚོར་བབས་འབབ་གཞོལ་བ་དེ་བཞིན་དུ། ཆོས་ཐམས་ཅད་མྱ་ངན་ལས་འདས་པར་བབས་འབབ་གཞོལ་ལོ་ཞེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། འབྲས་བུའི་ཆོས། བསྒྲུབ་པའི་ཆོས།བཤད་པའི་ཆོས་སོ། །དང་པོ་ནི་འགོག་པ་སྟེ། སྡུག་བསྔལ་བདུན་ཞི་བའི་མྱང་འདས་སོ། །དེའང་སྐྱེ་བ། རྒ་བ། འཆི་བ། ཕྲད་པ། བྲལ་བ། འདོད་པ་མ་རྙེད་པ། ཕུང་པོའི་སྡུག་བསྔལ་ཏེ་བདུན་ནོ། །གཉིས་པ་ནི་ལམ་སྟེ། འབྲས་བུའི་ཆོས་དེ་ཐོབ་པར་བྱེད་པའི་བསླུ་མེད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའོ། །གསུམ་པ་ནི། ལམ་གྱི་ཆོས་གསལ་བར་བྱེད་པ་སྟེ། དེ་ལ་དབྱེ་ན་གཉིས། བཀའ་དང་བསྟན་བཅོས་སོ། །དང་པོ་ནི། ལྷའི་བུ་རབ་གནས་ཀྱིས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བཅས། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ནི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་ལྟར། བདག་རྐྱེན་གྱི་གཙོ་བོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་བཀའ་ལུང་གི་ཚོགས་དང༌། སྟོན་པའི་ཕྲིན་ལས་ཀྱི་རྒྱུན་དམ་པ་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་དུ་མི་ནུབ་པར་རྗེས་སུ་སྐྱོང་བར་བྱེད་པ་སྤྲུལ་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་བཀའི་དོན་ལེགས་པར་བཀྲལ་བའི་དགོངས་འགྲེལ་བསྟན་བཅོས་ཀྱི་ཚོགས་ཆེན་པོ་གཉིས་སོ། །དེ་དག་གི་རྣམ་པར་གཞག་པ་ལ་གཉིས། དང་པོ་བཀའི་རྣམ་པར་གཞག་པ་ལ་མཚན་ཉིད། སྒྲ་དོན། དབྱེ་བ་སྟེ་གསུམ་ལས། དང་པོ་ནི། བརྗོད་བྱ་དོན་དང་ལྡན་པ།རྗོད་བྱེད་ཀྱི་ངག་ཚིག་དྲི་མ་མེད་པ། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་སྤོང་བ། འབྲས་བུ་ཞི་བའི་ཕན་ཡོན་སྟོན་པར་བྱེད་པའི་གསུང་རབ་དེ་ཉིད་དེ། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང༌། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང༌། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང༌། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་སོ། །གཉིས་པ་ནི། སུ་བྷ་ཥི་ཏ་ཞེས་པ་ལེགས་པར་གསུངས་པས་ན་བཀའོ། །ཇི་ལྟར་ལེགས་པར་གསུངས་ན་གསུང་དབྱངས་ཡན་ལག་བཅུ་ཚན་དྲུག་པས་ཏེ།འཕགས་པ་བྱམས་པས། བདེ་གཤེགས་གསུང་ནི་མཐའ་ཡས་ཏེ། །ཡན་ལག་དྲུག་ཅུ་བསམ་མི་ཁྱབ། །ཅེས་སོ། །གསུམ་པ་བཀའ་ལ་དབྱེ་བ་དྲུག་སྟེ། དང་པོ་དུས་ཀྱི་སྒོ་ནས་དབྱེ་ན། བདེན་པ་བཞིའི་ཆོས་འཁོར། མཚན་ཉིད་མེད་པའི་ཆོས་འཁོར། ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཏེ་གསུམ་དུ་འགྱུར་རོ། །བཀའ་དང་པོ་ལ་མཚན་ཉིད་དང་དཔེར་བརྗོད་གཉིས། དང་པོ་ནི། འཕགས་པའི་བདེན་པ་བཞི་བརྗོད་བྱ་གཙོ་བོར་བྱས་ནས་སྟོན་པའི་གསུང་རབ་དེའོ། །གཉིས་པ་ནི་འདུལ་བ་ལུང་སྡེ་བཞི་ལ་སོགས་པ་རྣམས་སོ། །བཞི་ནི་ལུང་བཞི། ལུང་རྣམ་འབྱེད། ལུང་ཕྲན་ཚེགས། གཞུང་བླ་མའོ། །བཀའ་བར་མ་ལ་མཚན་  >     རྗེས་མ། >>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*