དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ཞེས་བྱ་བ་ལས་གླེགས་བམ་དང་པོའི་ནང༌།

ཉིད་དང་དཔེར་བརྗོད་གཉིས། དང་པོ་ནི་རྣམ་ཐར་སྒོ་གསུམ་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་གསུང་རབ་དེའོ། །གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་སྟེ། དེའང་རྒྱས་པ་སྟོང་ཕྲག་བརྒྱ་པ། འབྲིང་གི་རྒྱས་པ་ཁྲི་ལྔ་སྟོང་པ། འབྲིང་གི་འབྲིང་ཁྲི་བརྒྱད་སྟོང་པ། འབྲིང་གི་བསྡུས་པ་ཤེས་རབ་ཁྲི་པ། བསྡུས་པའི་རྒྱས་པ་བརྒྱད་སྟོང་པ། བསྡུས་པའི་བསྡུས་པ་སྡུད་པ་སོགས་མངོན་པར་རྟོགས་པའི་དོན་སྟོན་པའི་མདོ་དང༌། ཤེས་རབ་སྙིང་པོ་ལ་སོགས་པ་ཟབ་མོའི་དོན་སྟོན་པའི་མདོ་སྡེ་རྣམས་སོ། །བཀའ་ཐ་མ་ལའང་མཚན་ཉིད་དང་དཔེར་བརྗོད་གཉིས། དང་པོ་ནི་མཚན་ཉིད་གསུམ་གྱིས་ལེགས་པར་ཕྱེ་ནས་སྟོན་པའི་གསུང་རབ་དེའོ། །གཉིས་པ་ནི། སངས་རྒྱས་ཕལ་པོ་ཆེ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། ལངྐར་གཤེགས་པ་ལ་སོགས་པ་རྣམས་སོ། །གཉིས་པ་བརྗོད་བྱའི་སྒོ་ནས་ནི་དྲང་དོན་དང་ངེས་དོན་སྟོན་པའི་མདོ་གཉིས་སུ་འབྱེད་དོ། །དེ་དག་སོ་སོའི་མཚན་ཉིད་དང་དཔེར་བརྗོད་གཉིས། དང་པོ་ནི། ཀུན་རྫོབ་བདེན་པ་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པ་དེ་དང་པོའི་དང༌། དོན་དམ་བདེན་པ་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པ་དེ་ཕྱི་མའི་སྟེ། བློ་གྲོས་མི་ཟད་པར་བསྟན་པ་ལས། ཀུན་རྫོབ་བསྒྲུབ་པ་སྟོན་པ་ནི་དྲང་བའི་དོན་ཏོ། །དོན་དམ་བདེན་པ་སྟོན་པ་ནི་ངེས་པའི་དོན་ཏེ་ཞེས་སོ། །གསུམ་པ་རྗོད་བྱེད་ཀྱི་སྒོ་ནས་ནི་གསུང་རབ་ཡན་ལག་བཅུ་གཉིས་སུ་འགྱུར་ཏེ། བརྒྱད་སྟོང་འགྲེལ་ཆེན་སྙིང་པོ་མཆོག་ལས། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང༌། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང༌། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང༌། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང༌། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་སོ། །ཞེས་གསུངས་པ་ལྟར་རོ། །བཞི་པ་གཉེན་པོའི་སྒོ་ནས་ནི། འདུལ་བའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་དེ་གསུམ་དུ་འཇོག་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་གསུང་རབ་དེ་དང་པོའི་མཚན་ཉིད། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པ་དེ་གཉིས་པའི་མཚན་ཉིད། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་དེ་གསུམ་པའི་མཚན་ཉིད་དོ། །དེ་གསུམ་གྱིས་རིས་སུ་གསུང་རབ་ཡན་ལག་བཅུ་གཉིས་བསྡུ་བ་ནི། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པ་དང་ལུང་དུ་བསྟན་པ་དང་ཚིགས་སུ་བཅད་པ་དང་ཆེད་དུ་བརྗོད་པ་སྟེ་ལྔ་ནི་ཉན་ཐོས་ཀྱི་མདོ་སྡེ། གླེང་གཞི་དང༌། རྟོགས་པ་བརྗོད་པ་དང༌། དེ་ལྟ་བུ་བྱུང་བ་གསུམ་ནི་ཉན་ཐོས་ཀྱི་འདུལ་བ།སྐྱེས་རབས་ནི་བྱང་སེམས་ཀྱི་འདུལ་བ། ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བའི་སྡེ་གཉིས་ནི་བྱང་སེམས་ཀྱི་མདོ་སྡེ། གཏན་ལ་དབབ་པ་ནི་གཉི་གའི་ཆོས་མངོན་པའི་སྡེ་སྣོད་དུ་བསྡུའོ། །གང་གི་ཚེ་གསང་སྔགས་ཀྱི་སྡེ་སྣོད་ནི་སྡེ་སྣོད་གསུམ་པོ་གང་དུ་བསྡུ་བ་ཡིན་སྙམ་ན། སློབ་དཔོན་ཤཱནྟི་པས་ནི། ཟབ་མོའི་དོན་བསྡུས་ཏེ་སྟོན་པས་མདོ་སྡེ་ཡིན་ནོ་ཞེས་གསུངས་ཤིང༌།སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་ནི་བསླབ་པ་གསུམ་ག་སྟོན་པས་སྡེ་སྣོད་གསུམ་གའོ་ཞེས་བཞེད་ལ། སློབ་དཔོན་འཕགས་པ་ལྷས་ནི་རིག་པ་འཛིན་པའི་སྡེ་སྣོད་དོ་ཞེས་དེ་ཉིད་ལོགས་སུ་ཕྱེ་བའི་བཞི་པར་བཞེད་དོ། །དེ་ལྟར་ན་སྡེ་སྣོད་བཞི་པ་ཉིད་གདུལ་བྱ་ཐུན་མོང་མ་ཡིན་པའི་དོན་དུ་གསུངས་པའི་ཕྱིར་ཕྱི་མ་ཉིད་འཐད་པར་གསུང་ངོ༌། །ལྔ་པ་གདུལ་བྱའི་སྒོ་ནས་ནི་ཉན་ཐོས་ཀྱི་སྡེ་སྣོད་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ་གཉིས་སུ་འབྱེད་དེ། དེ་དག་སོ་སོའི་མཚན་ཉིད་དང༌། ཁྱད་པར་གཉིས། དང་པོ་ནི། ཐེག་པ་ཆུང་ངུའི་ལམ་དང༌། འབྲས་བུའི་རྣམ་གཞག་གཙོ་བོར་སྟོན་པའི་གསུང་རབ་དེ་དང་པོའི་དང༌། ཐེག་པ་ཆེན་པོའི་ལམ་དང་འབྲས་བུའི་རྣམ་གཞག་གཙོ་བོར་སྟོན་པ་དེ་གཉིས་པའིའོ། །གཉིས་པ་ནི། ཉན་ཐོས་ཀྱི་སྡེ་སྣོད་ལས་བྱང་སེམས་ཀྱི་སྡེ་སྣོད་ཁྱད་པར་དུ་གྱུར་པའི་ཚུལ་མང་དུ་འབྱུང་མོད། འཕགས་པ་ལངྐར་གཤེགས་པ་ལས། ཆོས་ལྔ་དག་གི་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང༌། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་མཐའ་དག་འདུས། །ཞེས་གསུངས་ཏེ། དེའང་མིང་དང་རྒྱུ་མཚན་དང་རྣམ་པར་རྟོག་པ་དང་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་སྟེ་ཆོས་ལྔ་དང༌། ཀུན་བརྟགས་གཞན་དབང་ཡོངས་གྲུབ་སྟེ་རང་བཞིན་གསུམ་དང༌། རྣམ་པར་ཤེས་པ་ཚོགས་དྲུག་དང༌། ཉོན་མོངས་པ་ཅན་གྱི་ཡིད་དང་ཀུན་གཞིའི་རྣམ་ཤེས་ཏེ་བརྒྱད་དང༌། གང་ཟག་དང་ཆོས་ཀྱི་བདག་མེད་གཉིས་ཏེ་དེ་དག་སྟོན་པ་ནི་ཐེག་པ་ཆེན་པོའི་གཞུང་དུ་བཤད་ཅིང༌། ལམ་དང་འབྲས་བུའི་ཁྱད་པར་བདུན་གྱི་སྒོ་ནས་འཕགས་པའི་ཚུལ་ནི། མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་བརྩམས་པ་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌། །ཡང་དག་གྲུབ་པ་ཆེན་པོ་དང༌། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དག་དང་ལྡན་པས། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་པ་སྟེ། མདོ་སྡེ་ལ་སོགས་པའི་ཆོས་རྒྱ་ཆེན་པོ་ལ་དམིགས་པ་དང༌། རང་དང་གཞན་གྱི་དོན་གཉིས་སྒྲུབ་པ་དང༌། རྟོགས་པའི་དུས་ན་བདག་མེད་གཉིས་རྟོགས་པ་དང༌།བསྐལ་པ་གྲངས་མེད་གསུམ་དུ་སྦྱོར་བའི་བརྩོན་འགྲུས་བརྩམས་པ་དང༌། འཁོར་བར་མི་གཏོང་ཞིང་ཀུན་ནས་ཉོན་མོངས་པས་གོས་པ་མེད་པས་ཐབས་ལ་མཁས་པ་དང༌། སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པར་ཡང་དག་པར་གྲུབ་པ་དང༌། གཞན་དོན་རྒྱུན་མི་ཆད་པར་འབྱུང་བས་སངས་རྒྱས་ཀྱི་ཕྲིན་ལས་ཆེན་པོ་སྟེ། ཁྱད་ཆོས་བདུན་དང་ལྡན་པའི་ཕྱིར་ཐེག་པ་ཆེན་པོའོ། །ཐེག་པ་ཆེན་པོ་དེ་ལ་དབྱེ་ན་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང༌། འབྲས་བུ་རྡོ་རྗེའི་ཐེག་པ་གཉིས་སུ་འགྱུར་རོ། །དེའི་དང་པོའི་མཚན་ཉིད་ནི། གཞི་སྤོང་བ་ལམ་དུ་བྱེད་པས་འབྲས་བུ་བསྒྲུབ་པར་སྟོན་པ་དེའོ། །དེའང་མདོ་ལས་ཇི་སྐད་དུ། འདོད་པ་རྣམས་ནི་དུག་གི་ལོ་མ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་དང༌། ངོར་ཆེན་ཐམས་ཅད་མཁྱེན་པས།འདོད་ཆགས་མི་སྡུག་རྣམ་རྟོག་རླུང་བགྲང་དང༌། །ཞེ་སྡང་བྱམས་པ་གཏི་མུག་རྟེན་འབྲེལ་ལམ། །ཞེས་གསུངས་པ་ལྟ་བུའོ། །གཉིས་པའི་མཚན་ཉིད་ནི། གཞི་མི་སྤོང་བ་ལམ་དུ་བྱེད་པས་འབྲས་བུ་སྒྲུབ་པའི་ཐབས་ཁྱད་པར་ཅན་སྟོན་པ་དེའོ། །དེའང་ཇི་ལྟར་ན། གསང་འདུས་ལས། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་ཡོན་ལྔ་རྣམས་བསྟེན། །ཞེས་དང༌། ཀྱེ་རྡོ་རྗེ་ལས། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པ་འཆིང་བ་ལས་གྲོལ་འགྱུར། །ཞེས་སོགས་གསུངས་པ་ལྟ་བུའོ། །ལམ་འདི་གཉིས་ལ་ཁྱད་པར་ཅི་ཡོད་སྙམ་ན། མ་རྨོངས་པ་སོགས་བཞིས་ཕྱི་མ་ཁྱད་པར་འཕགས་ཏེ། གནས་པ་བསྡུས་པ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པའི། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་སོ། །དེའང་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང༌། འབྲས་བུ་སྔགས་ཀྱི་ཐེག་པའི་ལམ་གཉིས་རྟོགས་པའི་ལྟ་བ་དང༌། མཐར་ཐུག་འབྲས་བུ་སངས་རྒྱས་དང༌། གཞི་བྱང་ཆུབ་ཀྱི་སེམས་རྣམས་མཚན་ཉིད་མཐུན་མོད་ཀྱི།དེ་དག་རྒྱུད་ལས་བསྐྱེད་པའི་ཐབས་བཞིས་གསང་སྔགས་ཁྱད་པར་འཕགས་པའི་ཚུལ་ནི། ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས་སོ་སྐྱེའི་གནས་སྐབས་སུ་རྟོག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བསྐྱེད་པ་མི་སྲིད་ལ། སྔགས་ལ་བརྟེན་པས་ནི་དབང་དུས་དང་ལམ་དུས་སུ་སྐྱེས་པའི་ཡེ་ཤེས་ཀྱིས་ཆོས་དབྱིངས་དཔེའི་ཚུལ་དུ་རྟོགས་ནས། དེས་མཚོན་བྱ་དོན་གྱི་ཡེ་ཤེས་ཀྱང་མྱུར་དུ་འདྲེན་པར་ནུས་པའི་ཕྱིར་རྟོགས་བྱེད་ཀྱི་ཐབས་ལ་མ་རྨོངས་པ་སྟེ། ཀྱེ་རྡོ་རྗེ་ལས། སྐྱེ་བོ་མི་ཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་དང༌། འདུས་པའི་རྒྱུད་ཕྱི་མ་ལས། ཐབས་དང་ཤེས་རབ་ལས་བྱུང་བའི། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །ཕུང་པོ་ཁམས་དང་སྐྱེ་མཆེད་གཟུགས། །སྔགས་པས་སྦྱོར་བ་ངེས་བྱས་ལ། །ཞེས་སོ། །ཐུན་མོང་བའི་ལམ་ལ་ཐབས་ཀྱི་ཁྱད་པར་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་སྟེང་དུ་སྨིན་གྲོལ་ལ་སོགས་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ཟབ་པ་དང་རྒྱ་ཆེ་བ་མང་དུ་གསུངས་པའི་ཕྱིར་ཐབས་མང་བ་དང༌། ཕར་ཕྱིན་གཞུང་ནས་བཤད་པའི་ཤིན་ཏུ་བསྒྲུབ་པར་དཀའ་བའི་དཀའ་སྤྱད་དང་དཀའ་ཐུབ་རྣམས་སྤྱད་པ་མེད་པར་གསང་སྔགས་པས་སྤྱོད་པ་བདེ་བས་འགྲུབ་པའི་ཕྱིར་དཀའ་བ་མེད་པ་སྟེ། གསང་འདུས་ལས། དཀའ་ཐུབ་སྡོམ་པ་མི་བཟད་པར། །བརྟེན་ཀྱང་འགྲུབ་པར་མི་འགྱུར་ཏེ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་སོགས་སོ། །སྔགས་ཀྱི་ཐབས་ལ་མཁས་པའི་གང་ཟག་ནི་སོ་སོ་སྐྱེ་བོ་ཡིན་ཡང༌། ལམ་ལ་ཚུལ་བཞིན་དུ་བརྩོན་པས་འབྲས་བུ་བསླུ་བ་མེད་པར་མྱུར་དུ་འགྲུབ་པའི་ཕྱིར་དབང་པོ་རྣོན་པོའི་དབང་དུ་བྱས་པ་སྟེ། དེ་ཉིད་ལས། འདི་ནི་དེ་བཞིན་གཤེགས་པའི་སྐུ། །ཆོས་འཛིན་མཆོག་གི་གསུང་དང་ནི། །རྡོ་རྗེ་འཛིན་པའི་ཐུགས་དག་ཀྱང༌། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །ཅེས་སོ། །དེ་ལྟར་ཁྱད་པར་འཕགས་པའི་རྡོ་རྗེ་ཐེག་པའི་རྒྱུད་སྡེའི་ངོ་བོ་ངེས་པར་བྱ་བ་ལ་གསུམ་སྟེ། ངེས་ཚིག དབྱེ་བ། བཞུགས་ཚུལ་བསྟན་པའོ། །དང་པོ་ནི། ཐེག་པ་དེ་ལ་ཅིའི་ཕྱིར་རྒྱུད་ཅེས་བྱ་ཞེ་ན། སྐད་བྱེ་བྲག་ཏུ་རྟོགས་པར་འབྲིང་པོ་ལས། ཏནྟྲ་པྲ་བནྡྷ་ཁྱེ་ཞེས་འབྱུང་བ་རྒྱུན་ཆགས་པར་བཤད་པའི་དོན་ཏེ། གཞི་ལམ་འབྲས་བུ་གསུམ་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་རྒྱུན་ཆགས་པས་ན་རྒྱུད་ཅེས་བྱ་སྟེ། གསང་བ་འདུས་པ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །ཞེས་དང༌། རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བར་རྒྱུད་དུ་འདོད་པ་སྟེ། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་སོ། །གཉིས་པ་དབྱེ་བ་ལ་གཉིས། དབྱེ་བསྡུའི་ཁྱད་པར་དང༌། གྲངས་ངེས་པའོ། །དང་པོ་ནི། སློབ་དཔོན་སངས་རྒྱས་གསང་བས། རྣལ་འབྱོར་སྤྱོད་དང་བྱ་དབྱེ་བས། །རྒྱུད་སྡེ་རྣམ་པ་གསུམ་དུ་འདོད། །ཅེས་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་ཏེ་རྒྱུད་སྡེ་གསུམ་དུ་བསྡུ་བ་ནི་སློབ་དཔོན་ཀུན་དགའ་སྙིང་པོ་ལ་སོགས་པ་བཞེད་དོ། །ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། འདོད་ཆགས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སྟོན་པའི་ཕྱིར་བཙུན་མོའི་འཁོར་གྱི་དབུས་སུ་བྷ་ག་ལ་བཞུགས་ཏེ།འཇིག་རྟེན་དང་འགལ་བའི་སྤྱོད་པ་དང་མཐའ་དྲུག་གི་བཤད་པ་སྟོན་པ་ནི་རྣལ་འབྱོར་གྱི་རྒྱུད་ལ་བཞུགས་སོ། །རིག་པ་དང་ལྷ་མོ་དཀྱིལ་འཁོར་ལ་བཀོད་དེ། དེ་ལས་ཕྲིན་ལས་བསྒྲུབ་པ། དེ་ཁོ་ན་བཅུ་སྟོན་པ་ནི་གཉིས་ཀའི་རྒྱུད་ལ་བཞུགས་སོ། །ལས་ཀྱི་བྱ་བ་རྒྱ་ཆེན་པོ་སྟོན་པ། ཕྱག་རྒྱ་དམིགས་པའི་མཚན་ཉིད་སྟོན་པ། སྒྲུབ་པར་བྱེད་པ་ནི་སྤྱོད་པའི་རྒྱུད་ལ་བཞུགས་སོ། །འཇིག་རྟེན་ལ་དམིགས་ཏེ་ཤིན་ཏུ་གཙང་སྦྲ་དང་ཡེ་ཤེས་སེམས་དཔའི་བདེ་བ་མེད་པ་དང༌། བདག་ཉིད་ལྷའི་སྙེམས་པ་མེད་པ་དང༌། རྨད་དུ་བྱུང་བའི་སྤྱོད་ཡུལ་ལ་རྐྱེན་གྱི་རྒྱུའི་རྟོག་པས་རབ་ཏུ་སྤྱོད་པ་ནི་བྱ་བའི་རྒྱུད་ལ་བཞུགས་སོ། །སྔགས་དང་སྦྱིན་སྲེག་དང་ཕྱེ་མ་དང་རྐང་མགྱོགས་ལ་སོགས་པའི་དངོས་གྲུབ་བརྒྱད་སྤྱད་པས་སྒྲུབ་པར་བྱེད་པ་ནི་རྟོག་པའི་རྒྱུད་ལ་བཞུགས་སོ་ཞེས་རྟོག་པའི་རྒྱུད་ལོགས་སུ་ཕྱེ་བས་རྒྱུད་སྡེ་ལྔར་དབྱེ་བ་ནི་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་བཞེད་དོ། །ཡང་ན་ཀྱེ་རྡོ་རྗེ་ལས། དགོད་དང་བལྟ་བ་དག་གིས་དང༌། །འཁྱུད་དང་དེ་བཞིན་གཉིས་གཉིས་ཀྱིས། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱི། །དགོངས་པའི་སྐད་ནི་མ་བསྒྲགས་པ། །ཞེས་བཞི་གསུངས་པའི་ཤུགས་ལས་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་མ་དང༌། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཅེས་རྒྱུད་སྡེ་ལྔར་བཞེད་པ་ནི་སློབ་དཔོན་བྷ་བའི་ལྷ་ལ་སོགས་པ་བཞེད་དོ། །ཡང་དཔལ་བདེ་མཆོག་རྩ་བའི་རྒྱུད་ལས། ཇི་སྲིད་མདོ་བྱ་སྤྱོད་པ་ནི། །རྣལ་འབྱོར་གསང་མཐའི་དབྱེ་བ་ཡིས། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་དེ་ལ་དགའ་བ་ཡིན། །ཞེས་མདོ་སྡེ་རྟོག་པའི་རྒྱུད་དང༌། བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དང༌། རྣལ་འབྱོར་གསང་བ་དང་སྟེ་གསང་བ་འདུས་པ་ལ་སོགས་པ་དང༌། གསང་བའི་མཐའ་དཔལ་བདེ་མཆོག་སྟེ་རྒྱུད་སྡེ་དྲུག་ཏུ་དབྱེ་བ་ནི་གྲུབ་ཆེན་ནཱ་རོ་ཏ་པ་རྗེས་འབྲངས་དང་བཅས་པའི་བཞེད་པའོ། །གཉིས་པ་ནི། དེ་ལྟ་བུའི་དབྱེ་བསྡུའི་ཁྱད་པར་དེ་དག་ལས་རྒྱུད་སྡེ་གསུམ་དུ་འདོད་པ་ནི་ཏིང་ངེ་འཛིན་གཙོ་བོར་གྱུར་པ་ཙམ་ལ་དགོངས་ནས། རྣལ་འབྱོར་བླ་ན་མེད་པའང་རྣལ་འབྱོར་གྱི་རྒྱུད་དུ་བསྡུས་པ་ཡིན་གྱི། རྣལ་འབྱོར་བླ་ན་མེད་པ་ནི་དབང་དང་ལམ་ལ་སོགས་པས་ཁྱད་པར་དུ་གྱུར་པས་ལོགས་སུ་བྱེད་པ་ཉིད་དོ། །རྟོག་པའི་རྒྱུད་ནི་དངོས་གྲུབ་ཕྲ་མོ་སྟོན་པ་ཙམ་ལ་དགོངས་ནས་ལོགས་སུ་བྱས་པ་ཡིན་གྱི། ཕྱིའི་བྱ་བ་སྟོན་པ་དང་དམན་པ་འཛིན་པས་བྱ་བའི་རྒྱུད་དུ་འདུ་བ་ཡིན་ནོ། །གསང་བའི་མཐའ་ཞེས་བྱ་བ་ནི་རྣལ་འབྱོར་མའི་རྒྱུད་ལོགས་སུ་སྨོས་པའང་རྒྱུད་དེ་ཉིད་ཀྱི་ཁྱད་པར་སྟོན་པ་ཙམ་ལ་དགོངས་ཀྱི། དོན་གསང་བའི་ཡེ་ཤེས་བླ་ན་མེད་པ་ལས་ལོགས་སུ་གྱུར་པ་མ་ཡིན་པས་སོ། །དེས་ན་དོན་ལ་རྒྱུད་སྡེ་བཞིར་ངེས་པའི་འཇོག་བྱེད་ནི་དྲུག་སྟེ། དང་པོ་ཕྱི་རོལ་པའི་ཆོས་སུ་སྨྲ་བ་བཞི་རྗེས་སུ་གཟུང་བའི་ཕྱིར་རྒྱུད་སྡེ་བཞིར་ངེས་པ་ནི། འདོད་ཆགས་ཅན་ལྷ་ཆེན་པོའི་རྗེས་སུ་འབྲངས་ནས་འདོད་ཆགས་ཆོས་སུ་སྨྲ་བ་དང༌། ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲངས་ནས་འཚེ་བ་ཆོས་སུ་སྨྲ་བ་དང༌། གཏི་མུག་ཅན་ཚངས་པའི་རྗེས་སུ་འབྲངས་ནས་གཙང་སྦྲ་ཆོས་སུ་སྨྲ་བ་དང༌། གསུམ་ག་ལ་མོས་པས་གསུམ་ག་ཆོས་སུ་སྨྲ་བ་སྟེ་བཞི་ཡོད་པ་དེ་དག་རྗེས་སུ་གཟུང་བའི་ཕྱིར་ཏེ།རིམ་པར་ཇི་སྐད་དུ། དཔལ་གསང་བ་འདུས་པ་ལས། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་ཡོན་རྣམ་ལྔ་བསྟེན། །ཞེས་དང༌། མངོན་བྱང་ལས། ཨེ་མའོ་གསོད་པ་འདི་ནི་བཟང༌། །བསད་པ་གསོད་པ་མ་ཡིན་ཏེ། །ཞེས་སོགས་དང༌། ལེགས་པར་གྲུབ་པ་ལས། ཁྲུས་བྱས་གཙང་ཞིང་གཟུང་བྱ་སྟེ། །བཀྲ་ཤིས་ངོ་མཚར་དག་བྱས་ནས། །ཞེས་དང༌། དེ་ཁོ་ན་ཉིད་བསྡུས་པར་འདོད་ཆགས་ཅན་གྱི་དོན་དུ་རྡོ་རྗེ་དབྱིངས། ཞེ་སྡང་ཅན་གྱི་དོན་དུ་ཁམས་གསུམ་རྣམ་རྒྱལ། གཏི་མུག་ཅན་གྱི་དོན་དུ་འགྲོ་འདུལ། སེར་སྣ་ཅན་གྱི་དོན་དུ་ཐམས་ཅད་གྲུབ་པའི་དུམ་བུ་གསུངས་པར་བཤད་དོ། །གཉིས་པ་སངས་རྒྱས་པ་ལ་གྲུབ་མཐའ་སྨྲ་བ་བཞི་ཡོད་པ་དེ་དང་སྒོ་བསྟུན་གྱི་བསྐྱེད་ཆོག་མི་འདྲ་བ་བཞིར་གཞག་པ་ནི།ཉན་ཐོས་དབང་པོ་ཐ་མ་གནས་མ་བུ་དང་འབྲིང་ཉི་འོག་བྱེ་བྲག་ཏུ་སྨྲ་བ་དག ཕུང་པོ་ལས་གཅིག་དང་ཐ་དད་པར་བརྗོད་དུ་མེད་པའི་བདག་འདོད་པ་དང་མཐུན་པར་བྱ་བའི་རྒྱུད་ཀྱི་བསྐྱེད་ཆོག་སྟེ། བདག་དང་རས་བྲིས་གཉི་ག་མ་ཡིན་པར་ཡེ་ཤེས་སེམས་དཔའ་འདོད་པའོ། །དེ་ཡང་ཇི་སྐད་དུ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། བདག་ཉིད་ལྷ་ཡི་སྙེམས་པ་མེད་པ་དང༌། ཡེ་ཤེས་སེམས་དཔའི་བདེ་བ་མེད་པ་ནི་བྱ་བའི་རྒྱུད་ལ་བཞུགས་སོ་ཞེས་གསུངས་སོ། །ཉན་ཐོས་རབ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་དག དེ་ལྟར་གང་ཟག་གི་བདག་ཅེས་བྱ་བ་ཡོད་པར་མི་འདོད་ལ། གཟུང་བའི་ཡུལ་རྡུལ་ཕྲན་དང༌། འཛིན་པའི་ཤེས་པ་སྐད་ཅིག་མ་དོན་དམ་པར་འདོད་པ་དང་འདྲ་བར་སྤྱོད་པའི་རྒྱུད་ཀྱི་བསྐྱེད་ཆོག་སྟེ།བདག་དམ་ཚིག་སེམས་དཔར་བསྐྱེད། མདུན་དུ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་སོ་སོར་འདོད་པའོ། །རང་རྒྱལ་བ་རྡུལ་ཕྲན་ཆ་དྲུག་ཏུ་དབྱེ་བ་ན་རང་བཞིན་མེད་པས་གཟུང་ཡུལ་བདེན་པར་མི་འདོད་ལ། འཛིན་པའི་ཤེས་པ་སྐད་ཅིག་མ་ཙམ་བདེན་པར་སྨྲ་བ་སྟེ། རྒྱན་ལས། གཟུང་བའི་རྟོག་པ་སྤང་ཕྱིར་དང༌། །འཛིན་པ་མ་སྤངས་ཕྱིར་ན་ཡང༌། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་གསུངས་པ་དང་མཐུན་པར་རྣལ་འབྱོར་རྒྱུད་ཀྱི་བསྐྱེད་ཆོག་སྟེ། བདག་དམ་ཚིག་སེམས་དཔར་ཡེ་ཤེས་སེམས་དཔའ་བཅུག་ནས་སླར་ཡང་གཤེགས་སུ་གསོལ་བར་འདོད་པའོ། །ཐེག་ཆེན་སེམས་ཙམ་པ་དང་དབུ་མ་པ་དག །གཟུང་བ་མེད་པས་འཛིན་པ་མེད། །ཅེས་གཟུང་འཛིན་གཉིས་སུ་མེད་པར་འདོད་པ་དང་མཐུན་པར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་བསྐྱེད་ཆོག་སྟེ། དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དབྱེར་མེད་པར་བཅིངས་ནས་གཤེགས་སུ་གསོལ་བར་མི་འདོད་པའོ། །དེས་ན་བསྐྱེད་ཆོག་མི་འདྲ་བ་བཞིས་རྒྱུད་སྡེ་བཞིར་གཞག་པ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱིས་བཞེད་དེ། གསུམ་པ་འདོད་ཁམས་ཀྱི་གང་ཟག་བཞི་རྗེས་སུ་གཟུང་བའི་ཕྱིར་བཞིར་ངེས་པ་ནི། གཞན་འཕྲུལ་དབང་བྱེད་པས་བལྟས་པས་ཚིམ་པ་དང༌། འཕྲུལ་དགའ་བ་དག་དེའི་སྟེང་དུ་དགོད་པས་ཚིམ་པ་དང༌། དགའ་ལྡན་དང་འཐབ་བྲལ་བ་དེ་དག་གི་སྟེང་དུ་ལག་པ་འཁྱུད་པས་ཚིམ་པ་དང༌། སུམ་ཅུ་རྩ་གསུམ་པ་དང་རྒྱལ་ཆེན་རིས་བཞི་པ་དང་མི་ལ་སོགས་པ་རྣམས་དེའི་སྟེང་དུ་དབང་པོ་གཉིས་སྦྱོར་གྱི་ཆགས་པས་ཚིམ་པ་ཡིན་ལ། དེ་རྣམས་རྗེས་སུ་གཟུང་བའི་ཕྱིར་ཡང་རྒྱུད་སྡེ་བཞིར་ངེས་ཏེ། སམྤུ་ཊ་ལས། དགོད་དང་བལྟས་དང་ལག་བཅངས་དང༌། །གཉིས་གཉིས་འཁྲིག་པའི་བྱེ་བྲག་གིས། །སྲིན་བུའི་ཚུལ་གྱིས་རྒྱུད་བཞི་ཡིན། །ཞེས་སོ། །བཞི་པ་བྲམ་ཟེ་ལ་སོགས་པའི་མིའི་རིགས་བཞི་རྗེས་སུ་གཟུང་བའི་ཕྱིར་ཡང་རྒྱུད་སྡེ་བཞིར་ངེས་པ་ནི། རྡོ་རྗེ་ས་འོག་གི་རྒྱུད་ལས། བྲམ་ཟེ་རྗེའུ་རིགས་རྒྱལ་རིགས་དང༌། །དམངས་རིགས་རྗེས་སུ་གཟུང་བའི་ཕྱིར། །རྡོ་རྗེ་འཛིན་པ་ཉིད་ཀྱིས་ནི། །རྒྱུད་སྡེ་རྣམ་པ་བཞིར་བཤད་དོ། །ཞེས་སོ། །ཡང་གང་ཟག་སྦྱངས་པ་དམན་པ་དང༌། ཕྱི་ལུས་ངག་གི་བྱ་བ་ཁྲུས་ལ་སོགས་པར་དགའ་བ་དང༌། འབྲིང་ཕྱི་ལུས་ངག་གི་བྱ་བ་དང༌། ནང་ཏིང་ངེ་འཛིན་གཉིས་ཀ་ལ་སྤྱོད་པ་དང༌། མཆོག་ཏིང་ངེ་འཛིན་ཁོ་ན་གཙོ་བོར་སྤྱོད་པ་དང༌། ཆེས་མཆོག་ཏུ་གྱུར་པ་ཏིང་ངེ་འཛིན་གྱི་ཁྱད་པར་གོང་ན་མེད་པ་གཙོ་བོར་སྤྱོད་པ་ལ་དགའ་བ་རྣམས་ཀྱི་དོན་དུ་རྒྱུད་སྡེ་བཞིར་ངེས་པ་ནི། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་སོ། །ལྔ་པ་རྒྱུད་སྡེ་བཞི་པོ་དེར་སྨིན་བྱེད་ཀྱི་དབང་བསྐུར་མི་འདྲ་བ་བཞི་ཡོད་པས་རྒྱུད་སྡེ་བཞིར་ངེས་པ་ནི། བྱ་བའི་རྒྱུད་ལ་སོགས་པ་བཞི་པོ་རིམ་པར། ཡེ་ཤེས་ཐིག་ལེ་ལས། ཆུ་དང་དེ་བཞིན་ཅོད་པཎ་དབང༌། །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་སློབ་དཔོན་དབང༌། །རྣལ་འབྱོར་རྒྱུད་ལས་བཤད་པ་ཡིན། །རྣལ་འབྱོར་མ་ཡི་རྒྱུད་དུ་ནི། །གསང་བ་ཤེས་རབ་ཡེ་ཤེས་དང༌། །ཤེས་རབ་ཡེ་ཤེས་ཆེན་པོའོ། །ཞེས་སྔ་མ་སྔ་མའི་སྟེང་ཕྱི་མ་ཕྱི་མ་རྣམས་ལྷག་པར་བསྟན་པས་ཀྱང་དེ་ལྟར་དུ་ངེས་པའི་ཕྱིར་རོ། །དྲུག་པ་ལམ་གྱི་ཁྱད་པར་མི་འདྲ་བ་བཞི་ཡོད་པས་ཀྱང་རྒྱུད་སྡེ་བཞིར་ངེས་པ་ནི། བྱ་བའི་རྒྱུད་ལ་རྗེ་འབངས་ཀྱི་ཚུལ་གྱིས་དངོས་གྲུབ་སྒྲུབ་པ་སྟེ། དམ་ཚིག་ཡེ་ཤེས་རྗེ་འབངས་ཏེ། །རྗེ་ཁོལ་ཉིད་དུ་ཉེ་བར་གནས། །ཞེས་སོ། །སྤྱོད་པའི་རྒྱུད་ལ་གྲོགས་པོའི་ཚུལ་གྱིས་དངོས་གྲུབ་བསྒྲུབ་པ་སྟེ། སྤྱོད་པ་གྲོགས་པོའི་ཚུལ་གྱིས་ཏེ། །གྲོགས་པོ་ཉིད་དུ་ཉེ་བར་གནས། །ཞེས་སོ། །རྣལ་འབྱོར་རྒྱུད་ལ་ཡེ་ཤེས་སེམས་དཔའ་འཇུག་པ་དང་འབྱིན་པའི་ཚུལ་གྱིས་ཏེ། དེ་བཞིན་གཤེགས་པ་ཚད་མེད་པ་དང་སེམས་ཅན་ཚད་མེད་དུ་བསྒྲུབས་ནས་སླར་གཤེགས་པར་བཤད་དོ། །རྣལ་འབྱོར་ཆེན་པོར་དམ་ཡེ་གཉིས་སུ་མེད་པའི་ཚུལ་གྱིས་ཏེ། མདོར་ན་ཕུང་པོ་ལྔ་རྣམས་ནི། །རྒྱལ་བ་ལྔར་ནི་རབ་ཏུ་གྲགས། །ཞེས་དང༌། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པའོ། །གསུམ་པ་བཞུགས་ཚུལ་བསྟན་པ་ལ་གཉིས། བཞུགས་ཚུལ་སྤྱིར་བསྟན་པ། རྣམ་གྲངས་བྱེ་བྲག་ཏུ་བསྟན་པའོ། །དང་པོ་བྱ་བའི་རྒྱུད་ནི་ཕྱིའི་བྱ་བ་སྟོན་པ་སྟེ། གསང་བ་སྤྱི་རྒྱུད་དང་དཔུང་བཟང་ལ་སོགས་པའོ། །སྤྱོད་པའི་རྒྱུད་ནི་ཕྱིའི་བྱ་བ་དང་ནང་ཏིང་ངེ་འཛིན་གཉིས་ཀ་སྟོན་པ་སྟེ། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པའོ། །རྣལ་འབྱོར་གྱི་རྒྱུད་ནི་སེམས་ཀྱི་ཏིང་ངེ་འཛིན་གཙོ་བོར་སྟོན་པ་སྟེ། དེ་ཉིད་འདུས་པ་ལ་སོགས་པའོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི། ཐབས་དང་ཤེས་རབ་ཟུང་འཇུག་ཏུ་སྟོན་པ་སྟེ། དེ་ལ་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་གསུམ་ལས། ཐབས་རྒྱུད་ནི་གསང་བ་འདུས་པ་ལ་སོགས་པ་དང༌། ཤེས་རབ་ཀྱི་རྒྱུད་ནི་མ་ཧཱ་མཱ་ཡཱ་ལ་སོགས་པ་དང༌། གཉིས་སུ་མེད་པའི་རྒྱུད་ནི་དུས་ཀྱི་འཁོར་ལོ་དང་ཀྱེ་རྡོ་རྗེ་ལ་སོགས་པའོ། །གཉིས་པ་ནི། །དེ་ལྟ་བུའི་རྒྱུད་སྡེ་བཞི་པོ་རེ་རེ་ལ་ནང་གསེས་གྱི་གྲངས་ཅི་ཙམ་ཞིག་བཞུགས་པ་ཡིན་སྙམ་ན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། རྟོག་པའི་རྒྱུད་ནི་སྟོང་ཕྲག་བཞིའོ། །བྱ་བའི་རྒྱུད་ཀྱང་སྟོང་ཕྲག་བཞིའོ། །སྤྱོད་པའི་རྒྱུད་ནི་སྟོང་ཕྲག་བརྒྱད་དོ། །གཉིས་ཀའི་རྒྱུད་ལ་སྟོང་ཕྲག་དྲུག་གོ །རྣལ་འབྱོར་གྱི་རྒྱུད་ལ་མིང་སྟོང་ཕྲག་བཅུ་གཉིས་སོ། །དེ་ལྟར་ན་སྟོང་ཕྲག་སུམ་ཅུ་རྩ་བཞིའོ། །རྒྱས་པར་བྱས་ན་ཚད་མེད་དོ་ཞེས་གསུངས་སོ། །དཔལ་བདེ་མཆོག་སྡོམ་པ་འབྱུང་བ་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་དྲུག་ཅུའི་གྲངས། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ས་ཡ་དང་ནི་དུང་ཕྱུར་ལྔ། །ཐེག་ཆེན་ལས་གཞན་མདོ་སྡེ་རྣམས། །དུང་ཕྱུར་ཕྲག་བརྒྱད་གསུངས་པ་ཡིན། །ཞེས་གསུངས་ཏེ། འདི་རྣམས་ཀྱང་རྒྱུད་དང་མདོ་སྡེའི་ཆོས་ཀྱི་རྣམ་གྲངས་སུ་བསྟན་པ་ཡིན་གྱི། ཚིགས་སུ་བཅད་པའི་གྲངས་སུ་མི་བལྟའོ། །ཅིའི་ཕྱིར་ཞེ་ན། བྱ་བའི་རྒྱུད་ལ་སྟོང་ཕྲག་བཞི་ཞེས་འབྱུང་ཡང་དོན་ཞགས་ཀྱི་མདོ་ཁོ་ན་ལའང་སྟོང་ཕྲག་བརྒྱད། དེ་ཉིད་འདུས་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་རེ་རེ་ལའང་ཚིགས་སུ་བཅད་པའི་གྲངས་མང་པོ་ཡོད་པའི་ཕྱིར་རོ། །དྲུག་པ་བདག་རྐྱེན་གྱི་སྒོ་ནས་དབྱེ་ན་གསུམ་སྟེ། ཞལ་ནས་གསུངས་པའི་བཀའ། བྱིན་གྱིས་བརླབས་པའི་བཀའ། རྗེས་སུ་གནང་བའི་བཀའོ། །དང་པོ་ནི། འཕགས་པ་བསྐལ་པ་བཟང་པོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་ལྟ་བུའོ། །གཉིས་པ་ལ་གསུམ་སྟེ། སྐུས་བྱིན་གྱིས་བརླབས་པ། གསུང་གིས་བྱིན་གྱིས་བརླབས་པ། ཐུགས་ཀྱིས་བྱིན་གྱིས་བརླབས་པའོ། །དང་པོ་ནི་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཕྱག་གཡས་པ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་སྤྱི་བོར་བཞག་པས་དེས་ས་བཅུ་པ་གསུངས་པ་ལྟ་བུའོ། །གཉིས་པ་ནི། བརྒྱད་སྟོང་པ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ངེས་པར་འབྱུང་བར་འགྱུར་བ་དེ་ལྟར་སྤོབས་པ་སྐྱེད་ཅིག་ཅེས་གསུངས་པས། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་སྤོབས་པ་བྱུང་བ་ལྟ་བུའོ། །གསུམ་པ་ལ་གསུམ་སྟེ། ཐུགས་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ། ཐུགས་ཐུགས་རྗེས་བྱིན་གྱིས་བརླབས་པ། ཐུགས་བདེན་པའི་སྟོབས་ཀྱིས་བྱིན་གྱིས་བརླབས་པ་སྟེ་གསུམ་ལས། དང་པོ་ནི། སྟོན་པ་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཤཱ་རིའི་བུ་དང་སྤྱན་རས་གཟིགས་འདྲི་བ་དང་ལན་ལྡོན་པའི་ཚུལ་གྱིས་ཤེས་རབ་སྙིང་པོ་གསུངས་པ་ལྟ་བུའོ། །གཉིས་པ་ནི། གནོད་སྦྱིན་ལ་སོགས་པས་སྨྲས་པའི་སྔགས་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པས་དངོས་གྲུབ་ཁྱད་པར་ཅན་སྒྲུབ་ནུས་པ་ལྟ་བུའོ། །གསུམ་པ་ནི། སངས་རྒྱས་ཀྱི་མཐུས་ནམ་མཁའ་དང་འོད་ཟེར་དང་རོལ་མོ་དང་ལྗོན་ཤིང་ལ་སོགས་པ་ལས་ཆོས་ཀྱི་སྒྲ་འབྱུང་བ་ལྟ་བུའོ། །གསུམ་པ་ནི། སྙིང་རྗེ་པདྨ་དཀར་པོ་ལས། བཀའ་བསྡུ་བའི་ཚེ་ཐོག་མར་འདི་སྐད་བདག་གིས་ཐོས་པ་ལ་སོགས་པས་གླེང་སློངས། བར་དུ་མཚམས་སྦྱོར་གྱི་ཚིག་ཆུགས། མཐའ་མར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བ་ཆུགས་ཤིག་ཅེས་རྗེས་སུ་གནང་བ་ལྟ་བུའོ། །དེ་དག་གིས་ནི་བཀའི་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།གཉིས་པ་བསྟན་བཅོས་ཀྱི་རྣམ་པར་གཞག་པ་ལ། འདིར་ཁ་ཅིག་འདི་སྙམ་དུ། དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལུང་ནི། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཞེས་ཡོན་ཏན་བཞི་ལྡན་ཚངས་སྤྱོད་སྟོན་པའི་མཆོག་ཉིད་དུ་བཞུགས་བཞིན་པར་དེ་ལ་བརྟེན་ནས་གང་ཟག་གཞན་གྱིས་བཀྲལ་བའི་བསྟན་བཅོས་ཀྱི་ཚོགས་ཆེན་པོ་འདི་དག་ཅི་ཞིག་དགོས་ཤེ་ན། བཀའ་ལུང་དམ་པའི་ཆོས་ནི་ཡོན་ཏན་བཞི་དང་ལྡན་པ་བརྗོད་བྱ་རྗོད་བྱེད་ཕུན་སུམ་ཚོགས་པའི་བདག་ཉིད་ཅན་དུ་བཞུགས་མོད། དེས་བརྗོད་བྱའི་སྙིང་པོ་སྡོམ་པ་གསུམ་པོ་འཁོར་དང་བཅས་པའི་ཐབས་ཀྱི་ཁྱད་པར་ཐམས་ཅད་གང་ཟག་གིས་ཉམས་སུ་ལེན་པའི་ཚེ། གསུང་རབ་མ་ལུས་པ་གདམས་པར་འཆར་བ་ཞིག་དགོས་པ་ལ། དེ་དག་ལུང་རིགས་གདམས་ངག་གི་སྒོ་ནས་བཀྲལ་བའི་བསྟན་བཅོས་ཚད་མ་མི་བཞུགས་ན་ཉམས་སུ་ལོན་ཐུབ་པ་མེད་ཅིང༌། ཐེག་པ་གསུམ་གྱི་རིགས་ཅན་དུ་གཏོགས་པའི་གདུལ་བྱ་སོ་སོའི་དབང་དུ་གསུངས་པའི་བདེ་བར་གཤེགས་པའི་གཞུང་ལུགས་ཀྱི་རྣམ་གཞག་ཕལ་ཆེར་མི་མཐུན་ཏེ། ཉན་ཐོས་དང་ཐེག་ཆེན་གཉིས་པོ་གྲུབ་མཐའ་མི་འདྲ། ནང་གསེས་སུའང་ཉན་ཐོས་རྩ་བའི་སྡེ་པ་བཞི་ལས་གྱེས་པ་བཅོ་བརྒྱད་པོ་ལྟ་སྤྱོད་ཕལ་ཆེར་འགལ་བར་སྣང་བ་དང༌། ཐེག་ཆེན་ལའང་ཕ་རོལ་ཏུ་ཕྱིན་པ་དང༌། རྡོ་རྗེ་ཐེག་པ་གཉིས་ཕལ་ཆེར་མི་འདྲ། ཕ་རོལ་ཏུ་ཕྱིན་པ་ལའང་སེམས་ཙམ་དང་དབུ་མ་གཉིས་མི་འདྲ་ཞིང༌། གསང་སྔགས་ལའང་རྒྱུད་སྡེ་བཞི་པོ་སོ་སོའི་རྣམ་གཞག་མི་འདྲ་བ་མང་དུ་ཡོད་པ་རྣམས་ཕན་ཚུན་འགལ་བ་ལྟར་སྣང་ཡང་གང་ཟག་གཞུག་པའི་རིམ་པ་དང༌། ཡོན་ཏན་སྐྱེ་བའི་རིམ་པ་དང༌། གང་ཟག་དམན་པ་དང་མཆོག་གི་མོས་པ་དང༌། རང་དོན་དང་གཞན་དོན་ལ་འཇུག་པའི་རིམ་པ་དང༌། ཟབ་པ་དང་རྒྱ་ཆེ་བ་ལ་དགའ་བ་དང༌།དྲང་དོན་དང་ངེས་དོན་དང་སྒྲ་ཇི་བཞིན་པ་དང་ཇི་བཞིན་མིན་པ་ལ་སོགས་པ་སངས་རྒྱས་ཀྱི་དགོངས་པ་མཐའ་ཡས་པ་ཡོད་པས། དེ་དག་ལེགས་པར་ཤེས་ནས་ཐམས་ཅད་འགལ་མེད་དུ་རྟོགས་ནས་འཆད་ཤེས་པ་ཞིག་དགོས་མོད་ཀྱི། དེ་ནི་སྟོན་པ་དེ་བཞིན་གཤེགས་པ་སྲས་དང་བཅས་པའི་ཐུགས་རྗེ་དང་སྨོན་ལམ་གྱི་མཐུས་སྤྲུལ་པའམ། ལུང་གིས་ཉེ་བར་བསྟན་པའི་ཆོས་ཀྱི་སྣང་བྱེད་དུ་གྱུར་པ། གསུང་རབ་ཐམས་ཅད་གཞན་དྲིང་མི་འཇོག་པར་འགྲེལ་བའི་སྤོབས་པ་དང་ཡོན་ཏན་རྒྱ་མཚོའི་བདག་ཉིད་དུ་གྱུར་པའི་མཁས་ཤིང་གྲུབ་པའི་སྐྱེས་བུ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ལས་ཤེས་རློམ་གཞན་གྱི་བློའི་སྤྱོད་ཡུལ་དུ་མ་གྱུར་པ་སྟེ། ཅིའི་ཕྱིར་ཞེ་ན། གསུང་རབ་ཐམས་ཅད་སྒྲ་ཇི་བཞིན་པར་འཛིན་ན་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཉེས་པ་ཡོད་དེ། རྣམ་བཤད་རིག་པ་ལས། ཀུན་ཏུ་སྣང་བའི་མདོ་ལས་ཀྱང་སྒྲ་ཇི་བཞིན་དུ་འཛིན་ན་ཉེས་པ་ལྔ་ཡོད་དེ། ལྔ་གང་ཞེ་ན། མི་མོས་པའི་གནས་སུ་གྱུར་པའི་ཉེས་པ་དང༌།རྩ་བ་ཉམས་པའི་ཉེས་པ་དང༌། གཞན་ལ་སླུ་བར་བྱེད་པའི་ཉེས་པ་དང༌། སྟོན་པ་ལ་སྐུར་བ་འདེབས་པའི་ཉེས་པ་དང༌། ཆོས་སྤོང་བར་བྱེད་པའི་ཉེས་པའོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་དེའི་རྣམ་གཞག་དངོས་ལ་གསུམ་སྟེ། བཀའི་དོན་གང་གིས་འགྲེལ་བའི་སློབ་དཔོན། ཇི་ལྟར་འགྲེལ་ཞིང་བཤད་པ་དེ་ལྟར་བཀྲལ་བའི་བསྟན་བཅོས་སོ། །དང་པོ་གང་གིས་འགྲེལ་པར་བྱེད་པའི་སློབ་དཔོན་ནི། ཕལ་པོ་ཆེ་ལས། ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་སྣང་གྱུར་ཀྱང༌། །ཟླ་བ་གཉིས་སུ་འགྱུར་བ་མེད། །དེ་བཞིན་ཆགས་མེད་མཁྱེན་ལྡན་རྣམས། །ཆགས་མེད་རྣམ་པར་འཚང་རྒྱ་བས། །ཞིང་རྣམས་ཀུན་དུ་རབ་ཏུ་སྣང༌། །སངས་རྒྱས་ལ་ནི་གཉིས་སྣང་མེད། །འདི་ལས་གཅིག་ཀྱང་ཡོད་མ་ཡིན། །སྐུ་ནི་གཉིས་སམ་གསུམ་དུ་མེད། །ཇི་ལྟར་སེམས་ཅན་བསམ་པ་བཞིན། །ཚད་མེད་པར་ནི་རབ་ཏུ་སྣང༌། །ཞེས་དང༌། རྗེ་བཙུན་བྱམས་པ་མགོན་པོས།དེ་བཞིན་གཤེགས་པ་ཆོས་སྐུ་ལ། །བསྐྱོད་པ་མེད་པར་ཁམས་ཀུན་ཏུ། །སྐལ་ལྡན་རྣམས་ལ་འབད་མེད་པར། །སྤྲུལ་པ་དག་ནི་སྟོན་པར་མཛད། །ཅེས་གསུངས་པ་ལྟར། སྟོན་པ་མཆོག་ཉིད་འོག་མིན་གྱི་གནས་སམ་ཆོས་སྐུ་ཟབ་ཅིང་ཞི་བའི་ངང་ལས་ནམ་ཡང་བསྐྱོད་པ་མེད་པར། དཔེར་ན་ཟླ་བའི་དཀྱིལ་འཁོར་གཅིག་ལས་ཆུ་སྣོད་ཆེ་ཕྲ་ཇི་སྙེད་ཀྱི་གྲངས་དང་མཉམ་པར་དེ་སྙེད་ཀྱི་གཟུགས་བརྙན་སྟོན་པ་ལ་འབད་རྩོལ་མེད་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་མུ་མེད་པ་རྣམས་སུ་དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་དང༌། ཕྲིན་ལས་ཀྱི་རྒྱ་མཚོ་ལས་མངོན་པར་སྤྲུལ་པའི་སྒྱུ་འཕྲུལ་རོལ་པ་དེ་བཞིན་གཤེགས་པའི་གཟུགས་དང༌། རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་པ་དང༌། འཕགས་པ་ཉན་ཐོས་ཡ་བརྒྱད་ཀྱི་རྣམ་པ་དང༌། འཁོར་ལོས་སྒྱུར་བའི་རྣམ་པ་དང༌། མཁས་པ་པཎྜི་ཏའི་རྣམ་པ་དང༌། གྲུབ་པའི་ས་ལ་གནས་པའི་རྣམ་པ་དང༌། ཁམས་ཀྱི་རྒྱལ་ཕྲན་གྱི་རྣམ་པ་ལ་སོགས་པ། མདོར་ན་འཕགས་པ་དང་སོ་སོ་སྐྱེ་བོས་བསྡུས་པའི་མཁས་པ། ཆོས་ཐམས་ཅད་ལ་ཆོས་ཀྱི་མིག་དྲི་མ་དང་བྲལ་བ་བརྙེས་ཤིང་ལེགས་པར་སྨྲ་བས། དེ་བཞིན་གཤེགས་པའི་བཀའ་ལུང་འཐོར་བ་རྣམས་བསྡུ་ཞིང་རིས་སུ་བསྡེབས་པ་དང༌། ཚིག་དོན་རྒྱ་ཆེན་པོ་རྣམས་ཉུང་ངུར་སྡུད་པ་དང༌། ཟབ་ཅིང་བརླིང་བ་རྣམས་རྣམ་པར་འགྲོལ་བ་དང༌། འཁྲུགས་པའི་ཚུལ་དུ་བཞུགས་པ་རྣམས་གོ་རིམ་དུ་བསྡེབས་པའི་ཚུལ་གྱིས་བསྙད་པ་ལ་བསྙེངས་པ་དང་བྲལ་བའི་སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་སྐྱེས་བུ་དམ་པ། སྟོན་པ་བླ་ན་མེད་པ་ཉི་མའི་གཉེན་གྱི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ལ་བསྟན་པའི་བྱ་བ་ཐོས་བསམ་བསྒོམ་གསུམ་དང༌། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལ་གཞན་དྲིང་མི་འཇོག་པའི་སྐྱེས་བུ་དམ་པ་གང་ཇི་སྙེད་ཅིག་བྱོན་པ་རྣམས་སོ། །དེའང་ཇི་ལྟར་དཔེར་མཚོན་ན། ངེས་པའི་དོན་དུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་གཅིག་ཉིད་གདུལ་བྱའི་སྣང་ངོར་ཞུ་བ་པོའི་ཚུལ་དུ་ཤར་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེའི་སྒྱུ་འཕྲུལ་གྱི་རྣམ་པར་རོལ་པ་ཁོ་ན་ལས་ཀྱང༌། སྟོན་པའི་ཕྲིན་ལས་རྗེས་སུ་སྐྱོང་བ་བསམ་གྱིས་མི་ཁྱབ་པར་འབྱུང་བར་ལུང་བསྟན་ཏེ། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཇི་ལྟར་ན་མ་འོངས་པའི་དུས་སུ་ཡང་དག་པའི་གསང་བའི་རྒྱུད་སུས་སྐལ་བ་ལྡན་པའི་སེམས་ཅན་ལ་བཤད་པ་བྱེད་པར་འགྱུར། བཀའ་སྩལ་པ། ཕྱག་ན་རྡོ་རྗེ་མགོན་པོས་བཤད་པར་བྱེད་དོ། །མཐའ་ཡས་པ་ཡི་འཇིག་རྟེན་ཁམས། །སྐྱེ་དང་འཇིག་པའི་རྒྱུ་ཡིན་ནོ། །ཕྱག་ན་རྡོ་རྗེ་མགོན་ཆེན་པོ། །རྡོ་རྗེ་འཛིན་པ་ཀུན་གྱི་བདག །དེ་ལ་སྐྱེ་དང་འགག་པ་མེད། །རང་བྱུང་མཆོག་གི་དབང་ཕྱུག་གོ །ལ་ལར་སངས་རྒྱས་ཀྱི་ནི་གཟུགས། །ལ་ལར་ཧེ་རུ་ཀ་ཡི་གཟུགས། །ལ་ལར་རྒྱུད་དང་བསྟན་བཅོས་ནི། །མཛད་དང་ལ་ལ་དུ་ནི་འཛིན། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ཇི་ལྟར་འགྲེལ་ཞིང་བཤད་པ་ནི། སློབ་དཔོན་དབྱིག་གཉེན་གྱིས། ཇི་སྐད་དུ། མདོ་དོན་སྨྲ་བ་རྣམས་ཀྱིས་ནི། །དགོས་པ་བསྡུས་པའི་དོན་ཅན་དང༌། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་པ་ལྟར་བཀའ་ལུང་འགྲེལ་བཤད་བྱེད་པའི་ཐབས་ལ་ལྔ་ལས། དང་པོ་ནི། རྣམ་བཤད་རིག་པ་ལས། མདོ་དོན་ཆེ་བ་ཉིད་ཐོས་ནས། །ལེན་དང་འཛིན་པ་ལ་སོགས་པ། །ཉན་པ་པོ་དེ་གུས་འགྱུར་བས། །ཐོག་མར་དགོས་པ་བརྗོད་པར་བྱ། །ཞེས་གསུངས་པས། བཤད་པར་བྱ་བའི་བསྟན་བཅོས་གང་བརྩམས་པ་དེའི་ཐོག་མར་བསྟན་བཅོས་ཀྱི་དགོས་པ་བརྗོད་པར་བྱ་སྟེ། དེ་ཐོས་པའི་དཔྱོད་ལྡན་རྣམས་ཀྱིས་དགོས་པ་ཕུན་སུམ་ཚོགས་པ་དེ་ཐོབ་པར་འདོད་དེ། དགོས་པ་ཅན་གྱི་ཆོས་དེ་ལ་གུས་པར་འཇུག་ཅིང་འཛིན་པར་འགྱུར་བའི་ཕྱིར་རོ། །དེ་སྐད་དུའང་ས་སྐྱ་པཎྜི་ཏས་མཁས་པ་འཇུག་པའི་སྒོར། བསྟན་བཅོས་དམ་པར་བསྟན་པའི་ཕྱིར། །སྟོན་པས་ཐོག་མར་དགོས་པ་བསྟན། །ཡོངས་སུ་རྟོགས་པ་དེ་མཐོང་ནས། །སྤྱོད་པ་ལ་ཡང་ཅིས་མི་འཇུག །ཅེས་གསུངས་སོ། །གཉིས་པ་ནི། སྤྱིའི་དོན་ནམ་ཡན་ལག་གི་དོན་གང་ཡང་རུང་བར་བརྗོད་བྱའི་དོན་འདུས་པ་དང༌། སྤྱི་གསལ་མ་འདྲེས་པ་དང༌། ས་མཚམས་མ་ནོར་བ་དང༌། ཆོད་ཆེ་བ་དང༌། ཚིག་གསལ་བ་དང༌། བརྗོད་བདེ་བ་དང༌། ངག་ཉུང་བ་དང༌། ཚིག་སྙོམས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ཞིང༌། དེའི་ལྡོག་ཕྱོགས་དང་ལྡན་པ་མ་ཡིན་པར་བསྡུས་པའི་དོན་དེ་ཉིད་ཀྱིས་གཞུང་དོན་རགས་པ་གོ་བར་བཟོད་པ་སྟེ། དེ་ཉིད་དུ། བསྡུས་དོན་ཚིག་གསལ་བརྗོད་བདེ་བ། །ངག་ཉུང་ཚིག་སྙོམས་གཟུང་བར་སླ། །བསྡུས་དོན་ཉིད་ཀྱིས་གཞུང་གོ་བ། །དེ་འདྲ་གང་གིས་ཤེས་དེ་མཁས། །ཞེས་སོ། །གསུམ་པ་ནི། དེ་ཉིད་དུ། གཞུང་ལུགས་གང་དང་གང་འཆད་པ། །བྱེད་པའི་ཚིག་གིས་རབ་སྦྱར་ཏེ། །ཚིག་དོན་ལེགས་པར་སྦྲེལ་ནས་ནི། །འཆད་པ་བརྡ་སྤྲོད་བྱེད་པའི་ལུགས། །ཞེས་གསུངས་པ་ལྟར་བྱེད་པའི་ཚིག་དྲུག་ལ་སོགས་པ་དང་སྦྱར་ནས་འཆད་པ་སྟེ། དེའང་མདོ་ལས་དངོས་བསྟན་གྱི་ཚིག་དོན་ལ་ཚིག་གི་འབྱེད་སྡུད་དང་རྣམ་དབྱེ་ལས་དང་བྱེད་པ་དང༌། བྱ་བ་རྣམས་ཀྱི་ཚིག་སྦྱར་བའི་སྒོ་ནས་ངག་དོན་ཉེ་བར་ལེན་པར་བྱེད་པ་སྟེ། དཔེར་ན་ལས་ནི་འབྲས་ཆན་ལ་སོགས་པ་དང༌། བྱེད་པ་པོ་ནི་ལྷས་བྱིན་ལ་སོགས་པ་དང༌། བྱ་བ་ནི་འཚེད་པ་ལ་སོགས་པ་ལྟ་བུ་སྟེ། དེ་བཞིན་དུ་བཤད་པར་བྱ་བ་དེའང་གང་བཤད། གང་གིས་བཤད། ཇི་ལྟར་བཤད་ཅེས་བྱ་བ་ལ་སོགས་པ་ལེགས་པར་སྦྱར་ཏེ་འབྱུང་ངོ༌། །གཞན་ཡང་སེང་གེའི་ལྟ་སྟངས་དང༌། སྦལ་པའི་འཕར་བ་དང༌། རུས་སྦལ་གྱི་བཞི་འགྲོས་དང༌། སྟག་མོའི་མཆོངས་སྟབས་དང་བཞིའི་སྒོ་ནས་གཞུང་གི་དོན་བླང་བར་བྱ་སྟེ། དེ་སྐད་དུའང༌། ལས་དང་བྱ་བ་བྱེད་པོ་ཡིས། །ཚིག་དོན་སྦྲེལ་ལ་ངག་དོན་བླང༌། །ཞེས་གསུངས་པ་ལྟར་རོ། །དེའང་བརྗོད་བྱ་མ་ནོར་བར་སྟོན་པ་ལ་རྗོད་བྱེད་ཀྱི་ཚིག་བསྒྲིགས་ལེགས་པ་ལ་བརྟེན་ནས་དོན་འཚོལ་དགོས་པས། ཐུན་མོང་དུ་གྲགས་པ་མིང་ཚིག་ཡི་གེ་གསུམ་དང༌། བརྡ་སྤྲོད་ཀྱི་བསྟན་བཅོས་དང༌། མངོན་བརྗོད་ཀྱི་བསྟན་བཅོས་རྣམས་ནས་འབྱུང་བའི་མིང་དང་རྟགས་དང་ཚིག་ཏུ་བསྒྲུབ་པའི་ཚུལ་རྣམས་ལ་མཁས་པར་གྱུར་པ་རྣམས་ཀྱིས་འགྲེལ་པ་དང༌། དེ་ནས་བཤད་པའི་ཆོས་གང་དང་གང་ཡིན་པ་དེའི་དོན་འགྲེལ་པ་ལ་མ་རྨོངས་པ་ཞིག་ལ་རག་ལས་པ་སྟེ། དེ་ཉིད་དུ། ཐོག་མར་སྒྲ་ལ་མཁས་པ་ཡིས། །ཚིག་དོན་རྣམ་པར་ཕྱེ་སྟེ་བསྟན། །དེ་ནས་དོན་ལ་མཁས་པ་ཡིས། །ལྷག་ཆད་འཁྲུལ་པ་མེད་པར་བཤད། །ཅེས་གསུངས་སོ། །བཞི་པ་ནི། མདོའི་ཚིག་དོན་སྔ་མས་ཕྱི་མ་འདྲེན་མི་ནུས་པ་དང༌། འདྲེན་ནུས་ཀྱང་མི་གསལ་བ་དང༌། ཚིག་སྦྱོར་ཚུལ་དཀའ་བ་འགའ་ཞིག་ཚིག་སྔ་ཕྱིའི་དོན་འདི་ལྟར་འགྲེལ་ཞེས་བརྗོད་པ་ཚིག་གི་མཚམས་སྦྱོར་དང༌།མདོར་བསྟན་རྒྱས་བཤད་དམ། སྤང་བྱ་དང་གཉེན་པོའམ་རྒྱུ་དང་འབྲས་བུ་ལ་སོགས་པ་ཕན་ཚུན་མཚམས་སྦྱོར་བའི་ཚུལ་གྱིས་གཞུང་དེར་དངོས་སུ་གསལ་རུང་མི་གསལ་རུང་སྐབས་སུ་ཇི་ལྟར་བབ་པར་བསྙད་པ་སྟེ། དེ་སྐད་དུའང༌། དོན་ནི་མདོར་བསྟན་རྒྱས་བཤད་དམ། །འགལ་འབྲེལ་སྒོ་ནས་མཚམས་སྦྱོར་བྱེད། །ཅེས་གསུངས་པ་ལྟར་རོ། །ལྔ་པ་ནི་མདོའི་དོན་རྟོགས་པར་དཀའ་བའི་གནས་འགའ་ཞིག་ཏུ། འདི་དང་འདི་དག་མི་འགལ་བ་ཇི་ལྟར་ཡིན་ཞེ་ན་ཞེས་པ་ལྟ་བུ་དྲི་བའམ་དོགས་པ་ཁོང་ནས་བསླངས་ཏེ། དེ་དང་དེའི་ལན་ལུང་རིགས་དང་མི་འགལ་བར་བཤད་པས་འགལ་བ་སྤོང་བའི་སྒོ་ནས་གཞུང་དོན་གཏན་ལ་དབབ་པ་ཡིན་ཏེ། དེ་ཉིད་ལས། བརྒལ་ལན་སྒོ་ནས་གཞུང་གི་དོན། །ལུང་དང་རིགས་པས་གཏན་ལ་དབབ། །ཅེས་གསུངས་པ་ལྟར་རོ། །དེ་ལ་སློབ་དཔོན་ཟླ་བ་གྲགས་པས། མཐའ་དྲུག་བྲལ་བས་ངེས་པར་རྟོགས་ཞེས་གང་སྨྲ་བ། །ཟླ་བ་བལྟ་འདོད་སོར་མོའི་རྩེ་ལ་ལྟ་དང་མཚུངས། །ཞེས་མཐའ་དྲུག་གི་གནད་ལ་མཁས་པར་བྱ་དགོས་ཏེ། དེའང་བཤད་བྱ་ཀུན་རྫོབ་རིགས་པས་མི་གནས་པར་སྟོན་པ་དྲང་བའི་དོན་དང༌། དོན་དམ་རིགས་པས་འཐད་པ་སྟོན་པ་ངེས་པའི་དོན་དང༌། ཚིག་ཇི་ལྟར་བྱུང་བ་ལྟར་བཤད་པས་ཆོག་པ་སྒྲ་ཇི་བཞིན་པ་དང༌། ཚིག་བསྒྱུར་ནས་བཤད་དགོས་པ་ཇི་བཞིན་མིན་པ་དང༌། ཚིག་ཏུ་བྱུང་བའི་དོན་ལྟར་མ་ཡིན་ཞིང་དོན་གཞན་ལ་དགོངས་པ་དགོངས་པ་ཅན་དང༌། ཚིག་ཏུ་བྱུང་བ་ལྟར་དོན་ཡང་དེ་ལྟར་ཡིན་པ་དགོངས་པ་མིན་པ་སྟེ་དྲུག་ཏུ་ཕྱེ་ནས་འགྲེལ་བའི་ཚུལ་རགས་པ་སྟེ་ཞིབ་པར་མདོ་སྔགས་ཀྱི་ཁྱད་པར་མ་གཏོགས་འོག་ཏུ་འཆད་དོ། །ཡང་སྡེམ་པོར་དགོངས་པ་སོགས་བཞི་ཕྱེ་ནས་བཤད་པ་ནི། ཇི་སྐད་དུ། གཞུག་པ་ལྡེམ་པོར་དགོངས་པ་དང༌། །མཚན་ཉིད་ལྡེམ་པོར་དགོངས་པ་དང༌། །གཉེན་པོ་ལྡེམ་པོར་དགོངས་པ་དང༌། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། །ཞེས་པའི་དང་པོ་ནི་ཉན་ཐོས་ཁ་ཅིག་གཟུགས་མེད་པས་སྐྲག་ནས་བསྟན་པ་ལ་མི་འཇུག་པ་ཡོད་དེ། དེ་ལ་བཅོམ་ལྡན་འདས་ཀྱིས་གཟུགས་གཟུང་བྱར་སྣང་བའི་གཞན་དབང་ལ་བཏགས་པའི་གཟུགས་ཀུན་རྫོབ་པར་ཡོད་པ་ན། ཀུན་རྫོབ་པར་ཡོད་པ་ལའང་ཡོད་པ་ཙམ་གྱིས་ཁྱབ་པར་ཀུན་རྫོབ་དང་དོན་དམ་པའི་ལྡོག་པ་བཏང་སྙོམས་སུ་བྱས་ནས་གཟུགས་ཡོད་དོ་ཞེས་གསུངས་སོ། །དེ་གང་ཟག་ཁ་ཅིག་གཟུགས་ཀུན་རྫོབ་པར་ཡོད་པར་ཤེས་པའི་དགོངས་གཞི་རྙེད་པ་ལ་ལྟོས་ནས་གསུངས་ཏེ། དོན་གཞན་ལ་དགོངས་ཀྱང་ལྡོག་པ་བཏང་སྙོམས་སུ་བྱས་ཏེ་ཉན་ཐོས་པས་སྒྲ་ཇི་བཞིན་དུ་གཟུགས་དོན་དམ་པར་གོ་ནས་དགོངས་པའི་དོན་དེ་མ་ཡིན་ཡང་དེ་ལྟར་རྟོགས་པ་དེ་ལ་ཉན་ཐོས་ཐེག་ཆེན་དུ་འཇུག་པར་འགྱུར་བའི་དགོས་པས་དེ་ནི་གཞུག་པ་ལ་ལྡེམ་པོར་དགོངས་པའོ། །གཉིས་པ་ནི།གང་ཟག་ཁ་ཅིག་ངོ་བོ་ཉིད་གསུམ་ག་ལ་བདེན་པར་ཞེན་ཏེ། དེ་ལས་ཀུན་ནས་ཉོན་མོངས་པ་འཕེལ་བ་ན། གཟུང་བ་དང་འཛིན་པ་དང་གང་ཟག་གི་ཀུན་ཏུ་བརྟགས་པ་དེ་ཡོད་པར་འཛིན་པ་དགག་པའི་ཐབས་སུ་སྟོན་པས་ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། གཞན་དབང་རང་ལས་སྐྱེ་བ་མ་ཡིན་པ་དང༌། ཡོངས་གྲུབ་ཆོས་ཉིད་དེ་བཞིན་ཉིད་དོན་དམ་པ་མེད་དགག་གི་ངོ་བོ་ཉིད་ཡིན་པ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་གསུངས་པ་ན། ཁ་ཅིག་གི་དགོངས་གཞི་ངོ་བོ་ཉིད་མེད་པ་གསུམ་ཡིན་པར་གོ་བ་ལ་ལྟོས་ནས་དོན་གཞན་ལ་དགོངས་པ་ཡོད་ཀྱང༌། འགའ་ཞིག་སྒྲ་ཇི་བཞིན་པར་གོ་བ་ཀུན་བརྟགས་ལ་བདེན་པའི་སྒྲོ་འདོགས་སེལ་བའི་དགོངས་པ་ཡོད་པའི་ལྡོག་པ་ནས་མཚན་ཉིད་ལ་ལྡེམ་པོར་དགོངས་པ་ཡིན་ནོ། །གསུམ་པ་ནི། གང་ཟག་ཁ་ཅིག་སངས་རྒྱས་དང་ཆོས་ལ་བརྙས་པ་ལ་སོགས་པའི་ཉེས་པ་འདུལ་བའི་ཆེད་དུ། ཆོས་སྐུ་མཉམ་པ་ཉིད་ལ་སོགས་པ་ལ་དགོངས་ནས། དེའི་ཚེ་ང་ཉིད་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་སོ། །དེ་ལ་ཁ་ཅིག་གི་ཆོས་སྐུ་མཉམ་པ་ཉིད་ལ་སོགས་པའི་དགོངས་གཞི་རྙེད་པ་ལ་ལྟོས་ནས་དེ་དོན་གཞན་ལ་དགོངས་པ་ཡིན་ཡང་དེའི་ལྡོག་པ་བཏང་སྙོམས་སུ་བྱས་ནས། ཁ་ཅིག་གིས་དགོངས་གཞི་མ་རྙེད་པར་གཟུགས་སྐུ་མཉམ་པ་ལ་སོགས་པ་སྒྲ་ཇི་བཞིན་པར་གོ་ཡང་བརྙས་པའི་གཉེན་པོར་འགྱུར་བའི་ལྡོག་པ་ནས་གཉེན་པོ་ལྡེམ་པོར་དགོངས་པ་ཞེས་བྱའོ། །བཞི་པ་ནི། གང་ཟག་འགའ་ཞིག་བདེ་བར་གཤེགས་པའི་གསུང་ནི་རྟོགས་པར་སླ་བས་དམན་པའོ་ཞེས་བརྙས་པ་ན། དེ་ལྡོག་པའི་དོན་དུ་ཚིག་གི་ཚུལ་གཞན་དུ་བསྒྱུར་ནས། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་དཀའ་བ་ཉམས་སུ་ལེན་པ་ལ་དགོངས་ནས། ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལ་གང་ཟག་འགའ་ཞིག་གིས་དགོངས་པ་ཟབ་མོ་རྙེད་པའི་བསམ་པ་ལ་བརྟེན་ནས་དེ་དོན་གཞན་ལ་དགོངས་པ་ཡིན་ཡང་དེའི་ལྡོག་པ་བཏང་སྙོམས་སུ་བྱས་ཏེ། ཁ་ཅིག་གིས་དགོངས་པ་ཟབ་མོ་མ་རྙེད་དེ། སྒྲ་ཇི་བཞིན་པར་འཁྲུལ་ཡང༌། བརྗོད་པ་ཟབ་པར་གྱུར་པས་ཆོས་དེ་ལ་བརྙས་པ་བཟློག་པའི་དགོས་པ་ཡོད་པའི་ལྡོག་པ་ནས་བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ཡིན་ནོ། །དགོངས་པ་བཞིས་ཕྱེ་ནས་བཤད་པ་ལ། མཉམ་པ་ཉིད་དང་དོན་གཞན་དང༌། །དེ་བཞིན་དུ་ནི་དུས་གཞན་དང༌། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། །ཞེས་པ་ལྟར་ལས་དང་པོ་ནི། སྔོན་གྱི་སངས་རྒྱས་རྣམ་པར་གཟིགས་ཉིད་སྐུ་ཆེ་བ་དང་སྐུ་ཚེ་རིང་བ་ལ་སོགས་པ་ཡོད་ལ། སངས་རྒྱས་ཤཱཀྱ་ཐུབ་པ་ནི་སྐུ་ཆུང་བ་ལ་སོགས་པས་དེ་ལྟར་མ་ཡིན་ནོ་ཞེས་བརྙས་པའི་གཉེན་པོར་གཟུགས་སྐུ་དེ་ལྟར་ཡོད་ཀྱང་ཆོས་སྐུ་མཉམ་པ་ཉིད་ལ་དགོངས་གཞིར་བྱས་ནས། དེའི་དུས་ན་ང་ཉིད་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་སོ། །སྒྲ་ཇི་བཞིན་པར་གོ་ནས་བརྙས་པ་བཟློག་པའི་གང་ཟག་ལ་ལྟོས་ནས་གཉེན་པོ་ལ་ལྡེམ་པོར་དགོངས་པ་ཡིན་ཡང༌། དེ་ལ་གང་ཟག་འགས་དགོངས་གཞི་བཙལ་ན་ཆོས་སྐུ་མཉམ་པ་ཉིད་དགོངས་གཞི་ཡིན་པའི་ལྡོག་པ་ནས་མཉམ་པ་ཉིད་ལ་དགོངས་པར་གཞག་གོ །གཉིས་པ་ནི། ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ནི། སྒྲ་ཇི་བཞིན་པར་གོ་ཡང་ཀུན་བརྟགས་ཡོད་པར་སྒྲོ་འདོགས་སེལ་བའི་ལྡོག་པ་ནས་མཚན་ཉིད་ལ་ལྡེམ་པོར་དགོངས་པ་ཡིན་ཡང༌། དེའི་ལྡོག་པ་བཏང་སྙོམས་སུ་བྱས་ནས་གང་ཟག་ཁ་ཅིག་གིས་དགོངས་གཞི་ངོ་བོ་ཉིད་མེད་པ་གསུམ་རྙེད་ནས་བཙལ་ན་དོན་གཞན་ལ་དགོངས་པ་ཡིན་ནོ། །གསུམ་པ་ནི། གང་ཟག་ཁ་ཅིག་ལེ་ལོའི་དབང་དུ་གྱུར་པ་དེས་བརྒྱུད་པའི་རྒྱུ་བྱས་ནས་རིང་མོ་ཞིག་ནས་བདེ་བ་ཅན་དུ་སྐྱེ་བ་དགོངས་གཞིར་བྱས་ཏེ། དེ་བཞིན་གཤེགས་པས་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས་ཏེ། སྒྲ་ཇི་བཞིན་དུ་གོ་བས་ལེ་ལོ་ལས་ལྡོག་པ་ལ་ལྟོས་ནས་གསུངས་ཏེ། གཉེན་པོ་ལ་ལྡེམ་པོར་དགོངས་པ་ཡིན་ཡང་དེའི་ལྡོག་པ་བཏང་སྙོམས་སུ་བྱས་ཏེ་གང་ཟག་འགའ་ཞིག་གིས་དུས་ནམ་ཞིག་སྐྱེ་བར་འགྱུར་བ་ལ་དགོངས་པའི་དགོངས་གཞི་རྙེད་པ་དེའི་བསམ་པས་བཙལ་ན། དེ་དུས་གཞན་ལ་དགོངས་པ་ཡིན་པས་དུས་གཞན་ལ་དགོངས་པར་བརྗོད་དོ། །བཞི་པ་ནི། གང་ཟག་འགའ་ཞིག་ཚུལ་ཁྲིམས་ཀྱིས་ཆོག་པར་འཛིན་པ་ན། དེ་ཚུལ་ཁྲིམས་འབའ་ཞིག་ལ་གནས་པ་དམན་ལ། སྦྱིན་པ་ལ་གནས་པ་མཆོག་ཡིན་པ་ལ་དགོངས་ཏེ་སྦྱིན་པའི་བསྔགས་པ་བརྗོད་ལ་ཚུལ་ཁྲིམས་སྨད་དོ། །དེ་ལྟར་གོ་ནས་ཚུལ་ཁྲིམས་ཀྱིས་ཆོག་པར་འཛིན་པའི་གཉེན་པོར་འགྱུར་བའི་དགོས་པ་ཡོད་པའི་ལྡོག་པ་ནས་གསུངས་ཏེ་གཉེན་པོ་ལྡེམ་པོར་དགོངས་པ་ཡིན་ཡང༌། གང་ཟག་ཁ་ཅིག་གིས་ཟབ་མོ་རྙེད་དེ། སྦྱིན་པ་མཆོག་མ་ཡིན་ཡང་ཚུལ་ཁྲིམས་ཀྱིས་ཆོག་པར་འཛིན་པ་བས་སྦྱིན་པ་ལ་ཞུགས་པ་མཆོག་ཡིན་པའི་དགོངས་གཞི་རྙེད་པའི་བསམ་པས་བཙལ་ན་གང་ཟག་གི་བསམ་པ་ལ་དགོངས་པ་ཡིན་ནོ། །ཡང་བསྒྱུར་ནས་གང་ཟག་ཁ་ཅིག་སྦྱིན་པས་ཆོག་པར་བལྟས་ནས་ཚུལ་ཁྲིམས་ལ་མི་འཇུག་པ་ལ། ཚུལ་ཁྲིམས་བསྔགས་ལ་སྦྱིན་པ་སྨད་པ་ཚུལ་ཁྲིམས་ཁོ་ན་ལ་སྦྱོར་བ་དེ་མཆོག་མ་ཡིན་ཡང་སྦྱིན་པ་ཙམ་གྱིས་ཆོག་པར་འཛིན་པ་དེ་ཚུལ་ཁྲིམས་ལ་སྦྱོར་བ་མཆོག་ཡིན་པར་དགོངས་ལ། དགོངས་གཞི་རྙེད་པས་བཙལ་ན་གང་ཟག་གི་བསམ་པ་ལ་དགོངས་པའོ། །དགོངས་པ་དང་ལྡེམ་པོར་དགོངས་པའི་དགོངས་པ་ནི། སངས་རྒྱས་ཆོས་དང་བརྙས་པ་དང༌། །ལེ་ལོ་ཅུང་ཟད་ཆོག་འཛིན་དང༌། །ང་རྒྱལ་འདོད་ཆགས་སྤྱོད་པ་དང༌། །འགྱོད་དང་མ་ངེས་ལྡོག་པ་ནི། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་གསུངས། །ཞེས་གསུངས་པ་ལྟར་རོ། །དེས་ན་བཤད་པའི་ཚུལ་དེ་དག་ཅི་རིགས་པས་དེ་བཞིན་གཤེགས་པའི་བཀའི་དགོངས་པ་ཇི་ལྟར་འགྲེལ་ཞིང་བཤད་པའི་ཚུལ་འགའ་ཞིག་བསྟན་པ་ཡིན་ནོ།། >རྗེས་མ།>>>

རྩོམ་སྒྲིག་པ། སྟག་ལྗོངས་འཆི་མེད།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*