བི་ཀཱ་མ་ལ་ཤིའ་ལའི་མཁས་པ་སྒོ་སྲུང་དྲུག

རྩོམ་པ་པོ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།

སྔོན་དུས་འཕགས་པའི་ཡུལ་དུ་བི་ཀཱ་མ་ལ་ཤིའ་ལའི་གདན་སར་རྒྱུན་དུ་མུ་སྟེགས་པས་ནང་པའི་པཌཎི་ཏ་དང་རྩོད་པ་བྱེད་པར་འོང་སྟེ། ཕྱི་ནང་གཉིས་ཀས་བསྟན་པ་དཔང་དུ་བཞག་ནས་རྩོད་པའི་ཚེ་ནང་པ་ཕམ་ཚེ་ནང་པའི་གནས་གཞི་དང༌། ལྷ་ཁང་སོགས་ཕྲོགས་པ་མ་ཟད། ས་གནས་དེ་དང་གཞན་ན་ཡོད་པའི་ནང་པ་ཐམས་ཅད་ཆོས་ལུགས་མུ་སྟེགས་པར་བསྒྱུར་དུ་འཇུག་པ་དང༌། ལྷག་པར་ཏུ་རུ་ཀཥའི་དམག་གིས་ནང་པའི་གཙུག་ལག་ཁང་དང༌། གསུང་རབ་མིག་གིས་མཐོང་ཚད་མེར་བསྲེགས་པ། བྲིས་འབུར་གྱི་སྐུ་རྟེན་ལག་ཏུ་ཐེབས་ཚད་གཏོར་བཅོམ་ལན་གྲངས་དུ་མར་བྱས་པ་བཅས་ལ་བརྟེན་ནས་ནང་པའི་རྒྱལ་པོ་ཙ་ན་ཀས་རྒྱལ་སྲིད་སྐྱོང་སྐབས་སུ། བི་ཀཱ་མ་ལ་ཤིའ་ལའི་ལྕགས་རིའི་ཕྱོགས་བཞིར་རྒྱལ་བསྟན་སྲུང་བའི་ཆ་རྐྱེན་དུ་ཕྱི་རོལ་པའི་རིག་བྱེད་བཞི་དང༌། ནང་པའི་སྡེ་སྣོད་གསུམ་དང་མདོ་སྔགས་རིག་གནས་དང་བཅས་པར་མཁས་ཤིང་གྲུབ་པའི་དབང་ཕྱུག་ཏུ་གྱུར་པའི་སྒོ་སྲུང་མཁས་པ་ཆེན་པོ་རེ་དང༌། དབུས་སུ་ཀ་ཆེན་གཉིས་བཅས་མཁས་པ་སྒོ་སྲུང་དྲུག་རེ་བསྐོ་གཞག་གནང་སྲོལ་བྱུང༌།

                དེ་ཡང༌། ༡ ཤར་སྒོ་སྲུང་བ་པཎ་ཆེན་རནཏ་ཨ་ཀ་ར་ཤནྟི་ཞེས་པ་བོད་སྐད་དུ་རིན་ཆེན་འབྱུང་གནས་ཞི་བ་དང༌། ༢ ལྷོ་སྒོ་སྲུང་བ་པྲཉཛ་ཀ་ར་གུཏཔ་སྟེ་ཤེས་རབ་འབྱུང་གནས་བློ་གྲོས། ༣ ནུབ་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ༑ ༤ བྱང་སྒོ་སྲུུང་བ་པཎ་ཆེན་ནཱ་རོ་པ་བཅས་དང༌། ༥ དབུས་ཀྱི་ཀ་ཆེན་དང་པོ་སྲུང་བ་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ། ༦ དབུས་ཀྱི་ཀ་ཆེན་གཉིས་པ་སྲུང་བ་པོ་ཉཱཛ་ན་ཤིའ་མི་ཏྲ་བཅས་བསྐོ་གཞག་མཛད་པས་དེ་ནས་བཟུང་མཁས་པ་སྒོ་དྲུག་ཅེས་པའི་ཐ་སྙད་བྱུང་ངོ༌།།

    ༡ ཤར་གྱི་སྒོ་སྲུང་རིན་ཆེན་འབྱུང་གནས་ཞི་བ་ནི། ཕྱི་ནང་རིག་གནས་དང་མདོ་རྒྱུད་རབ་འབྱམས་རྒྱ་མཚོར་མཁྱེན་པ་རྒྱས་པའི་རྩོད་དུས་ཀྱི་མཁས་ཤིང་གྲུབ་པའི་དབང་ཕྱུག་ཏུ་གྱུར་པ་ཞིག་ཡིན་ལ། འདིའི་དངོས་སློབ་བླ་མ་རྡོ་རྗེ་གདན་པ་ཞེས་བྱ་བས་ཚོགས་འཁོར་མཛད་སྐབས་གྲུབ་ཆེན་བརྒྱད་བཅུ་རྩ་བཞི་དངོས་སུ་ཚོགས་འཁོར་ལ་བྱོན་པ་ན་གྲུབ་ཆེན་རེར་བསྟོད་པ་ཡང་མཛད་པར་གྲགས་པའི་མཁས་གྲུབ་གཉིས་ལྡན་གང་དེ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བ་ལས་རབ་ཏུ་བྱུང་བར་བཤད་པས་མཚོན་མཁས་གྲུབ་གཉིས་ལྡན་གྱི་སློབ་ཚོགས་ཀྱང་མང་དུ་མཆིས་པར་སྣང་ངོ༌།།

 ༢ ལྷོ་ཡི་སྒོ་སྲུང་ཤེས་རབ་འབྱུང་གནས་བློ་གྲོས་ནི། ཕྱི་ནང་རིག་པའི་གནས་ཐམས་ཅད་ལ་མཁས་ཤིང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཞལ་མངོན་སུམ་དུ་གཟིགས་པ་སོགས་གང་ཟག་ཁྱད་པར་དུ་འཕགས་པ་ཞིག་སྟེ། ཕྱི་རོལ་མུ་སྟེགས་པ་དང་རྩོད་པའི་ཚེ། འཇམ་དཔལ་གཞོན་ནུར་གྱུར་པའི་བྲིས་སྐུ་ཞིག་མཆོད་ཅིང་གསོལ་བ་གདབ་པ་ཙམ་གྱིས་ཕྱི་རོལ་མུ་སྟེགས་ཀྱི་རྩོད་པ་ཇི་ལྟར་འོང་བ་དང༌། རྩོད་པའི་ལན་འདེབས་ཚུལ་སོགས་གཅིག་ཅར་ཐུགས་རྒྱུད་ལ་འཁྲུངས་ནས་སླར་ཕྱི་རོལ་མུ་སྟེགས་པ་དང་རྩོད་པའི་ཚེ་མུ་སྟེགས་པའི་རྒོལ་ངན་ལས་ངེས་པར་རྣམ་པར་རྒྱལ་བའི་རྒྱལ་བསྟན་སྲུང་ཞིང་སྐྱོང་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་ཡོད་པར་གྲགས་སོ།།

  ༣ ནུབ་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ་ནི། ཡུལ་ཝཱ་རཱ་ཎ་སིའར་རྒྱལ་རིགས་སུ་སྐུ་འཁྲུངས། དགེ་འདུན་ཕལ་ཆེན་སྡེ་པ་ལས་རབ་ཏུ་བྱུང་ཞིང་མཁན་པོས་ཤིའ་ལ་ཀིརྟི་ཞེས་མཚན་གསོལ། སྒྲ་ཚད་སོགས་གཞུང་ལུགས་མང་པོ་མཁྱེན་རྒྱ་ཡངས་པའི་པཌཎི་ཏ་ཆེན་པོར་གྱུར་ཏེ་མཁས་པའི་མཚན་སྙན་གྱི་གྲགས་པ་འབར། གྲུབ་དབང་ཧ་ས་བཛ་ལས་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ཞུས་ཏེ་སྒྲུབ་པ་མཛད་པས་མནལ་ལམ་དུ་ཞལ་གཟིགས། ངག་གི་དབང་ཕྱུག་གི་དངོས་གྲུབ་བསྒྲུབས་ན་འགྲུབ་བམ་མི་འགྲུབ་བརྟགས་པས་ཀྱང་འགྲུབ་པར་མཁྱེན། གངྒཱའི་འགྲམ་དུ་བསྒྲུབས་པས། ཤིང་ཀ་ར་ཝིའ་རའི་མེ་ཏོག་དམར་པོ་སྒྲ་དང་བཅས་འོད་འབྱིན་པ་དེ་གངྒཱར་འཕངས་པས་དཔག་ཚད་མང་པོར་ཡུད་ཀྱིས་ཁྱེར་ནས་སླར་ཡང་གྱེན་དུ་ལྡོག་པས་དེ་ཉིད་ཆུ་དང་བཅས་པར་གསོལ་བས་ངག་གི་དབང་ཕྱུག་ཆེན་པོ་སྒྲུབ་སྟེ། ཉི་མ་རེ་རེ་ལ་ཚིགས་བཅད་སྟོང་ཕྲག་རེའི་བརྗོད་དོན་མཁྱེན་ཐུབ་པ་དང༌། མཁྱེན་པ་རྣམས་ནམ་ཡང་མི་བརྗེད་པས་ངག་གི་དབང་ཕྱུག་ཅེས་པའི་མཚན་ཐོགས། མདོ་སྔགས་རིག་གནས་དང་བཅས་པ་ཐམས་ཅད་མཁས་པའི་ཕུལ་དུ་སོན། མཁས་པའི་བྱ་བ་རྣམ་གསུམ་གང་ལ་ཐོགས་པ་མེད་པ། ལྷག་པར་རྗེ་བཙུན་སྒྲོལ་མས་རྟག་ཏུ་ཞལ་གཟིགས་ཤིང་ཐེ་ཚོམ་གཅོད་པ་བྱུང༌། ཡུལ་སྣ་ཚོགས་སུ་ཞབས་ཀྱིས་བཅགས་ཏེ་མུ་སྟེགས་ཀྱི་རྒོལ་ངན་མང་པོ་ཚར་གཙོད་པའི་བློ་གྲོས་ཅན་དུ་གྱུར་ནས་མཚན་སྙན་གྱི་གྲགས་པ་ཆེ་བར་ཡོད་པ་ལ། རྒྱལ་པོས་སྤྱན་དྲངས་ཏེ་ནཱ་ལེཌཎ་དང༌། བི་ཀཱ་མ་ལ་ཤིའ་ལའི་ནུབ་སྒོ་སྲུང་བར་བསྐོས་ཤིང༌། ཚོགས་བདག་ནས་ནོར་བླངས་ནས་དགེ་འདུན་ལ་མཆོད་པ་རྒྱ་ཆེར་མཛད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་གཞི་བརྒྱད། གསང་འདུས་འཆད་པའི་ཆོས་གཞི་བཞི། བདེ་དགྱེས་གདན་བཞི་མཱ་ཡཱ་འཆད་པའི་ཆོས་གཞི་རེ་རེ། དབུ་ཚད་ཀྱི་ཆོས་གཞི་ཐོར་བུ་དང་བཅས་པ་ཆོས་གྲྭ་མང་དུ་བཙུགས། བཅུད་ལེན་མང་པོ་སྒྲུབ་པར་མཛད་དེ་གཞན་ལ་བྱིན་པས། ལོ་བརྒྱ་དང་ལྔ་བཅུ་སོགས་སུ་ཐུབ་ཅིང་རྒན་པོ་ཡང་གཞོན་ནུར་གྱུར་ཏེ་རབ་ཏུ་བྱུང་བ་དང༌། ཁྱིམ་པ་ཆོས་ལྡན་ལྔ་བརྒྱ་ཙམ་ལ་ཕན་བཏགས། རིག་ཚོགས་དང༌། ཕར་ཕྱིན། མདོ་སྡེ་རྒྱན། གསང་འདུས་དགྱེས་རྡོར་གཤིན་རྗེ་གཤེད། ལངྐར་གཤེགས་པ་སོགས་མདོ་སྡེ་འགའ་ཞིག་དུས་རྟག་ཏུ་གསུངས། གཞན་ཡང་ཆོས་མང་དུ་གསུངས་ཞིང་མུ་སྟེགས་ཀྱི་རྒོལ་པ་བཟློག་པ་ལ་བློ་ཤིན་ཏུ་རྣོ་བས་ནུབ་ཕྱོགས་ནས་འོངས་པའི་རྒོལ་བ་སུམ་བརྒྱ་ཙམ་ལུང་རིགས་ཡང་དག་གིས་སུན་ཕྱུང༌། བུམ་ཆུ་ལ་དམིགས་པ་གཏད་ན་དེ་མ་ཐག་ཁོལ་བ་དང༌། སྐུ་གཟུགས་ལ་ཡེ་ཤེས་ཕབ་ན་འཕར་གཡོ་འབྱུང་བར་གསུངས། ལོ་གྲངས་མང་པོར་བི་ཀཱ་མ་ལ་ཤིའ་ལར་འགྲོ་དོན་རྒྱ་ཆེར་མཛད།

                སྐུ་ཚེའི་སྨད་དུ་བལ་ཡུལ་དུ་ཕེབས་ཏེ་གཙོ་བོར་སྒྲུབ་པ་ལ་གཞོལ་ཞིང༌། སྔགས་ཀྱི་ཐེག་པ་ཅུང་ཟད་གསུངས་ནས་བཞུགས་ཙ་ན། རྒྱལ་པོས་ཤཱནྟ་པུ་རིར་འཁོར་ལོ་སྡོམ་པའི་ལྷ་ཁང་གཅིག་བཞེངས་ཏེ་དེའི་རབ་གནས་ཀྱི་མཐར་ཚོགས་འཁོར་རྒྱ་ཆེ་བྱ་བར་འདོད་ནས་ལྷ་ཁང་གི་ཕྱི་རོལ་ཏུ་སྔགས་པ་མང་པོ་བསྡུས། ཚོགས་དཔོན་ལ་སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་བཏང༌། ཕོ་ཉ་བ་སློབ་དཔོན་གྱི་དྲུང་དུ་སོང་ནས་རྒྱལ་པོས་འདིར་མངགས་པའི་རྒྱུ་མཚན་ཞུས་པ་ན། སློབ་དཔོན་གྱིས་ཁྱོད་སྔོན་དུ་སོང་ཞིག་ང་མགྱོགས་པར་འོང་གསུངས། དེ་ལྟར་ཕོ་ཉ་མགྱོགས་པར་ཕྱིན་པའི་ཚེ། ཤཱནྟ་པུ་རིའི་ལམ་གྱི་བཞི་མདོ་ཞིག་ཏུ་སློབ་དཔོན་སྔོན་ལ་ཕེབས་འདུག་སྟབས་དེ་ནས་ཕོ་ཉ་དང་མཉམ་དུ་བྱོན། ཕྱིས་རབ་གནས་དངོས་གཞིའི་ཚོགས་འཁོར་རྒྱས་པ་ཕུལ་ཟིན་པ་ན། སློབ་དཔོན་ལ་ཚོགས་རྫས་མི་དྲུག་ཅུ་ལྷག་གི་སྐལ་བ་བླངས་ཏེ་སོང་བ་ལྟར་རྒྱལ་པོའི་ཐུགས་ལ་ནང་ན་སློབ་དཔོན་དང་བཅས་མི་གསུམ་ལས་མེད་ནའང༌། འདི་ལྟའི་ཚོགས་རྫས་མང་པོ་བླངས་པ་ལ་དགོས་པ་གལ་ཆེན་ཞིག་ཡོད་ངེས་སྙམ་ནས་གསང་སྟབས་ཀྱིས་སྒོ་སེང་ནས་བལྟས་པ་ན། འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་ཚོགས་རྫས་ལ་རོལ་ནས་བཞུགས་པ་མཇལ་བ་དང༌། གནས་དེ་ཉིད་དུ་སློབ་དཔོན་འཇའ་ལུས་སུ་གྱུར་ནས་ད་ལྟ་ཡང་གནས་དེ་ན་བཞུགས་པར་གྲགས་སོ།།

 ༤ བྱང་སྒོ་སྲུང་བ་པཎ་ཆེན་ནཱ་རོ་པ་ཡིན་ལ། དེའི་ལོ་རྒྱུས་གཞན་ལས་ཤེས་པར་བྱ། སློབ་དཔོན་དེ་ལ་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཤཱནྟི་པས་ཀྱང་ཆོས་གསན་ཏེ། དེ་ཡང་སློབ་དཔོན་ཤཱནྟི་པ་སློབ་དཔོན་མཆོད་པ་མཛད་པའི་སྐབས། སློབ་མ་ཞིག་གིས་གཏོར་མ་བསྐྱལ་བར་ཕྱིན་པས། གཏོར་སྟེགས་སྟེང་ན་རྣལ་འབྱོར་པ་ཤིན་ཏུ་འཇིགས་པ་ཞིག་མཐོང་ནས་གཏོར་མ་ཅི་གར་བསྐྱུར། ཤིན་ཏུ་སྐྲགས་ཏེ་ནང་དུ་འོངས། སློབ་དཔོན་ལ་ཞུས་པས། ནཱ་རོ་པ་ཡིན་པར་མཁྱེན་ནས་སྤྱན་དྲངས། དུས་དེར་ཞབས་ལ་གཏུགས་ཏེ། དབང་བསྐུར་བ་དང༌། གདམས་པ་དང༌། རྗེས་སུ་གདམས་པ་ཤིན་ཏུ་མང་བར་གསན། ཕྱིས་ཀྱང་ཡང་ཡང་གུས་པས་བཏུད། དུས་ཕྱིས་ཤཱནྟི་པ་གྲུབ་པ་བརྙེས་ཙམ་གྱི་དུས་ཤིག་ན། ནཱ་རོ་པས་ཐོད་པ་གཅིག་བསྣམས་ཏེ། སྐྱེ་བོ་ཀུན་ལ་སློང་བ་ལྟར་མཛད་པ་ལ་ཆོམ་པོ་ཞིག་གིས་ཐོད་པའི་ནང་དུ་གྲི་ཆུང་གཅིག་བསྐྱུར། ནཱ་རོ་པས་ལྟ་སྟངས་མཛད་པས་མར་ལྟར་ལྟེམས་ཀྱིས་ཞུ་ནས་གསོལ་ཏེ་སོང༌། བཞི་མདོ་ན་གླང་ཆེན་ཤི་བའི་རོ་ཞིག་འདུག་པ་ལའང་གྲོང་འཇུག་མཛད་ནས་དུར་ཁྲོད་དུ་བསྐྱལ། དེའི་ལོགས་ནས་མར་ཤཱནྟི་པ་ཕེབས་པ་ལ། ནཱ་རོ་པའི་གསུང་གིས་ཁོ་བོ་རྣལ་འབྱོར་པ་ཡིན་པའི་རྟགས་དེ་ལྟར་ལགས། ད་མཁས་པ་ཆེན་པོ་ཡང་རྟགས་སྟོན་པར་མི་སྤྲོའམ་གསུང་བ་ལ། སློབ་དཔོན་ཤཱནྟི་པ་དང༌། བདག་ལྟ་བུས་གཞན་ཅི་ཞིག་འཚལ་ཏེ། འོན་ཀྱང་ཁྱེད་ལྟ་བུས་གནང་ན་བྱའོ་གསུངས་ཏེ། མདུན་ན་ཚུར་ཆུའི་བུམ་པ་ཐོགས་པ་འགའ་བྱུང་བ་ལ་ཆུ་ལ་སྔགས་བཏབ་པ་ཙམ་གྱིས་གསེར་ཞུན་མར་སོང༌། དེར་དགེ་འདུན་རྣམས་དང་བྲམ་ཟེ་རྣམས་ལ་སོ་སོར་བགོས་ཏེ་བྱིན་ནོ།།

                ནཱ་རོ་པས་ཀྱང་བྱང་སྒོ་སྲུང་བ་ལོ་འགའ་ཞིག་མཛད་ནས། སྤྱོད་པ་ལ་གཤེགས་པ་ཡིན། དེའི་རྗེས་དེའི་ཚབ་གནས་བརྟན་བྱང་བཟང་གིས་མཛད། དེ་ནི་ཨོ་ཊི་བི་ཤར་རྗེ་རིགས་ལས་སྐྱེ་བ་བརྙེས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང༌། རིགས་སད་པ་ཞིག་ཡིན་ལ། རིག་ཚོགས་དང༌། སྤྱོད་ཚོགས། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་ས་ལ་མཁས་པ། འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་གཟིགས་ཤིང་དངོས་སུ་ཆོས་གསན་པ་ཞིག་ཡིན་ལ། ཁོང་ལ་ཁྱད་པར་དུ་འཕགས་པའི་སློབ་མ་མངའ་བདག་མཻ་ཏྲི་པ་དང༌། དཔལ་མཆོག་ཌོཾ་བྷི་པ་དང༌། པྲཛཱཉ་རཀྵི་ཏ་དང༌། ཤཱནྟི་པ་དང༌། ཀ་སོ་རི་དང༌། རི་རི་པ་སོགས་སློབ་མ་མང་དུ་བྱོན་པ་རྣམས་ཀྱིས་སློབ་དཔོན་ནཱ་རོ་པའི་ཞབས་པད་བརྟེན་ཏེ་རྗེས་སུ་བཟུང་བས་གྲུབ་པའི་རྒྱལ་མཚན་འཛིན་པའི་གསང་སྔགས་ཀྱི་གྲུབ་པའི་གོ་འཕང་བརྙེས་པ་ཤ་སྟག་བྱུང་བར་གྲགས་སོ།།

   ༥ དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ་ནི། སྔོན་ཁ་ཆེའི་ཡུལ་དུ་བྲམ་ཟེ་ཞིག་གིས་ལྷ་དབང་ཕྱུག་བསྒྲུབས་པ་ན་ཁྱོད་ཀྱི་རིགས་བརྒྱུད་ལ་མཁས་པ་གྲགས་ཅན་ཤ་སྟག་བྱུང་བར་ལུང་བསྟན་པ་ལྟར་བྱུང་བ་ལ་མི་རབས་ཉི་ཤུ་རྩ་བཞི་ཡན་ཆད་དུ་མུ་སྟེགས་པ་ཡིན། རྩ་ལྔ་པར་བྲམ་ཟེ་ཧ་རི་བྷ་དྲ་ཞེས་བྱ་བ་སངས་རྒྱས་པ་དང་བསྟན་པ་དཔང་དུ་བཙུགས་ནས་བརྩད་པས་རྩོད་པ་ཕམ་སྟེ་ནང་པ་ལ་ཞུགས། ཆོས་ཀྱང་མཁས་པར་མཁྱེན་པའི་པཌཎི་ཏར་གྱུར། དེའི་སྲས་བྲམ་ཟེ་རིན་ཆེན་རྡོ་རྗེ་ཡིན། རྟེན་དགེ་བསྙེན་ཡིན་ལ། དགུང་ལོ་སུམ་ཅུའི་བར་དུ་ཁ་ཆེ་ཉིད་དུ་ལེགས་པར་སྦྱངས་ཏེ་མདོ་སྔགས་རིག་གནས་མཐའ་དག་ལ་སྦྱངས་པས་ཕལ་ཆེར་ཐུགས་སུ་ཆུད།  དེ་ནས་མ་གྷ་དྷར་བྱོན་ནས་གསན་འཕྲོ་ཅུང་ཟད་ཀྱང་མཛད་ཅིང༌། རྡོ་རྗེ་གདན་དུ་སྒྲུབ་པ་མཛད་པས་འཁོར་ལོ་སྡོམ་པ་དང༌། རྡོ་རྗེ་ཕག་མོ་སོགས་ལྷ་མང་པོའི་ཞལ་གཟིགས། རྒྱལ་པོས་བི་ཀཱ་མ་ལ་ཤིའ་ལི་པ་ཏྲ་ཕུལ། དེར་ཡང་སྔགས་ཀྱི་ཐེག་པ་རྣམ་གྲངས་དུ་མ་དང༌། ཚད་མ་སྡེ་བདུན། བྱམས་པའི་ཆོས་ལྔ་སོགས་གཙོ་བོར་གསུངས། ལོ་མང་འགྲོ་བའི་དོན་མཛད། སླར་ཡང་ཁ་ཆེར་ཕེབས་ནས་མུ་སྟེགས་མང་པོ་ཞིག་རྩོད་པས་སུན་ཕྱུང་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཀོད། རིག་ཚོགས་དང༌། མདོ་སྡེ་རྒྱན་དང༌། གསང་འདུས་སོགས་འཆད་ཉན་གྱི་གྲྭ་ཡང་འགའ་ཞིག་བཙུགས། སྐུ་ཚེའི་སྨད་དུ་ནུབ་ཕྱོགས་ཨོ་རྒྱན་དུ་གཤེགས། ཁ་ཆེའི་ཡུལ་ན་བྲམ་ཟེ་མུ་སྟེགས་ཀྱི་གྲུབ་མཐའ་ལ་མཁས་ཤིང་དབང་ཕྱུག་གི་ཞལ་མཐོང་བ་ཞིག་ཡོད། དེ་ཡང་སྐབས་ཤིག་ཁོང་ཨོ་རྒྱན་དུ་སོང་ཞིག་དང་དོན་ཆེན་འགྲུབ་ཅེས་ལུང་བསྟན། ཨོ་རྒྱན་དུ་ཕྱིན་ནས་བྲམ་ཟེ་རིན་ཆེན་རྡོ་རྗེ་དང་མཇལ། བསྟན་པ་དཔང་དུ་བཙུགས་ནས་བརྩད་པས་རིན་ཆེན་རྡོ་རྗེ་རྒྱལ། དེ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཏེ་མིང་གུཧྱ་པྲཉཱཛ་ཞེས་པར་བཏགས། སྔགས་ཀྱི་ཐེག་པ་ལ་བསླབས་པས་ཕྱིས་དངོས་གྲུབ་ཀྱང་ཐོབ། བོད་དུ་བྱོན་པའི་ཨ་ཙཱརྱ་དམར་པོར་གྲགས་པ་དེ་ཡིན། བྲམ་ཟེ་རིན་ཆེན་རྡོ་རྗེ་དེ་ཨོ་རྒྱན་གྱི་གནས་དེ་ཉིད་དུ་འཇའ་ལུས་སུ་གཤེགས་ཞེས་ཁ་ཆེ་བ་རྣམས་ཟེར་རོ། །རིན་ཆེན་རྡོ་རྗེ་ལ་སྲས་མ་ཧཱ་ཛ་ན། དེའི་སྲས་སཛྫ་ན་ཡིན་ཏེ། བོད་ཀྱི་ཆོས་བརྒྱུད་རྣམས་ལའང་ཤིན་ཏུ་བཀའ་དྲིན་ཆེའོ།།

 ༦ དབུས་ཀྱི་ཀ་ཆེན་གཉིས་པ་ཉཱཛ་ཤིའ་མི་ཏྲ་ནི། མཐའ་གཉིས་སེལ་བའི་བསྟན་བཅོས་མཛད་པ་པོ་དེ་ཡིན་ལ། དཔལ་ལྡན་ཨ་ཏི་ཤའི་ཡང་སྐུ་དྲིན་ཆེ་བའི་བླ་མ་ཞིག་ཡིན། དེ་ཡང་ཡུལ་གཽ་ཌཱར་སྐུ་འཁྲུངས། དང་པོར་ཉན་ཐོས་སེན་དྷ་པའི་པཌཎི་ཏ། དེའི་ལུགས་ཀྱི་སྡེ་སྣོད་གསུམ་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པས་ཕྱིས་ཐེག་ཆེན་ལ་དད་པ་ཐོབ་སྟེ་ཀླུ་སྒྲུབ་དང༌། ཐོགས་མེད་ཀྱི་གཞུང་ཐམས་ཅད་ལ་མཁས་པར་སྦྱངས། གསང་སྔགས་ཀྱི་རྒྱུད་སྡེ་ཡང་མང་པོ་མཁྱེན། ཁྱད་པར་མདོ་རྒྱུད་ཀྱི་གསང་རྒྱ་ཤིན་ཏུ་ཆེ། རྟག་ཏུ་བྱང་ཆུབ་ཀྱི་སེམས་ལ་གོམས་པ༑ བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་དང༌། བྱམས་པ་དང༌། སྤྱན་རས་གཟིགས་གསུམ་ཡང་ཡང་ཞལ་གཟིགས། མངོན་ཤེས་ཐོགས་པ་མེད་པ་མངའ། ལན་ཅིག་བི་ཀཱ་མ་ལ་ཤྲི་ལར་བཞུགས་པའི་ཚེ། སློབ་མ་དགེ་ཚུལ་ཞིག་ལ་ཁྱོད་ད་ལྟ་མྱུར་བར་སོང༌། གནངས་ཀྱི་ཉིན་པར་ཉི་མ་གུང་ལ་ག་ཡཱའི་གྲོང་ཁྱེར་དུ་སླེབས་པར་གྱིས། རྡོ་རྗེ་གདན་གྱི་དགེ་འདུན་རྣམས་དང༌། དཀོན་གཉེར་རྣམས་ལ་དེ་ན་བྲམ་ཟེ་ཞིག་གིས་དུས་སྟོན་ལ་བོས་འོང་བ་འདུག བྱང་ཆུབ་ཆེན་པོ་བཞུགས་པའི་གན་དྷོ་ལ་ལ་མེའི་གནོད་པ་འོང་བར་འདུག་པས་དེ་རྣམས་ཁྲིད་ལ་མེ་སྣོལ་ཞིག་གསུངས། དེས་ཕྱིན་པས་ལུང་བསྟན་པ་བཞིན་ག་ཡཱར་རྡོ་རྗེ་གདན་པ་རྣམས་དང་འཕྲད། ཁོ་བོའི་སློབ་དཔོན་གྱིས་ལུང་བསྟན་པ་ཡིན་ཡར་འདེངས་བྱས་པས་ཕྱེད་ཙམ་ཡིད་མ་ཆེས་པར་བསྡད། ལྷག་མ་ཕྱེད་ཙམ་དང་བཅས་རྡོ་རྗེ་གདན་དུ་འོངས་པས་རྡོ་རྗེ་གདན་གྱི་གན་དྷོ་ལ་ལ་མེ་ཤོར་ཏེ། ཕྱི་ནང་ཀུན་ཏུ་འབར་གྱིན་འདུག དེར་ལྷ་ལ་གསོལ་བ་འདེབས་ཀྱིན་མེ་བསད་པས་ལྷ་ཁང་ཞིག་པ་ཆེར་མ་བྱུང༌། རི་མོ་ཟུབས་པ་དང་ཤིང་ཚིག་པ་རྣམས་སློབ་དཔོན་གྱིས་གསོས། གཞན་ཡང་ཆོས་གཞི་ཉམས་པ་གསོས་པ་དང་གསར་དུ་བཙུགས་པའང་མ་ག་དྷ་དང༌། བྷཾ་ག་ལ་གཉིས་ཀ་ན་མང་དུ་ཡོད། མཁས་པ་སྒོ་དྲུག་འདི་རྒྱལ་པོ་བྷེ་ཡ་པཱ་ལས་རྒྱལ་སྲིད་སྐྱོང་བའི་དུས་ཀྱི་སྟོད་ནའང་ཡོད་དོ། །རྒྱལ་པོ་ཙ་ན་ཀ་འདིས་བསྟན་པ་ལ་བྱ་བ་ཆེར་བྱས་ཀྱང་པཱ་ལའི་རིགས་མ་ཡིན་པས་བདུན་ལ་ནི་མི་བགྲང་ངོ༌། །འདི་དུས་ནས་བཟུང་ཁ་ཆེར་ཚད་མ་ཤིན་ཏུ་དར། རྟོག་གེ་པ་ཉི་མ་སྦས་པ་ཡང་བྱུང་ངོ༌།།

པཎ་གྲུབ་བཅུ་བདུན་རྒྱན་དྲུག་མཆོག་གཉིས་དང༌། །
གཏད་རབས་ཆེ་བདུན་མཁས་པ་སྒོ་དྲུག་སོགས། །
སྐྱེས་ཆེན་དམ་པ་རྣམས་ཀྱི་རྣམ་ཐར་བཞིན། །
དམ་ཆོས་རྒྱལ་མཚན་བསྒྲེང་བའི་མཐུ་ལྡན་ཤོག །
ཅེས་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

ཤམ་བྷ་ལའི་ཕོ་ཉ་དྲྭ་ཚིགས་ལས་བཤུས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*