ཉི་ཟླ་གཟའ་ཡིས་གཏམ་བརྒྱུད།

རྩོམ་པ་པོ། མཁན་པོ་ནོར་ཚེའམ་ང་ཆེན་པོ།

ཉི་ཟླ་གཟའ་ཡིས་བཟུང་བའི་གཏམ་རྒྱུད་དེ།།
གནའ་གཏམ་དག་མ་ཞིག་གི་ཚབ་མཚོན་ཡིན།།
ཉི་ཟླ་བཟའ་སྐར་རི་བོ་ཆུ་རླུང་སོགས།།
ལུས་ཅན་སེམས་ཀྱིས་གཡོ་བའི་འགྲེལ་བཤད་དེས།།
ཚོར་འདུའི་ཕུང་པོ་ཅན་དུ་ཐག་བཅད་ནས།།
འདེད་དང་བྲོས་པའི་གཏམ་རྒྱུད་མཚར་མོ་འགའ།།
སྔོན་དུས་རྒྱ་གར་ཡུལ་དུ་བྱུང་བར་སྐད།།
རྒྱ་ཆོས་བོད་དུ་དར་བའི་དུས་སྐབས་དེར།།
རྒྱ་ལུགས་མང་པོར་ཆོས་དང་མཉམ་དུ་བྱུང་།།
རིམ་བཞིན་བོད་ཡུལ་འདི་ཡི་སྲོལ་དུ་ཆགས།།
འོན་ཀྱང་འདི་ནི་གནའ་གཏམ་ཙམ་ཞིག་ལས།།
བདེན་པའི་ཆ་ཤས་འགའ་ཡང་ཡོད་མ་ཡིན།།
སྤྱིར་ན་རྒྱ་གར་ཡུལ་དུ་གནའ་གཏམ་མང་།།
རི་བོ་རྐྱང་པ་བཅག་པའི་གཏམ་རྒྱུད་སོགས།།
རིག་བྱེད་གཏམ་ལས་བྱུང་བའི་མཚར་གཏམ་དག།
གནའ་བོའི་ཡིག་ཆ་དག་ན་མཐོང་རྒྱུ་འདུག།
ད་ལྟའང་མི་ཚོའི་ངག་ནས་བཤད་བཞིན་མཆིས།།
སྔོན་གྱི་མཁས་པས་འདི་ཚོ་བེད་སྤྱད་ནས།།
དགེ་སྡིག་འགྱུར་ཁྱད་ཕན་ཡོན་མང་དུ་གསུང་།།
འདི་ནི་དགེ་བའི་ཐུགས་ཀྱིས་བྱས་པར་ལས།།
དངོས་ཡོད་གཏམ་གྱི་རྗེས་སུ་འབྲང་བར་མིན།།
སྔོན་དང་ད་ལྟའི་དུས་གཉིས་གཅིག་མ་ཡིན།།
མི་ཚོའི་བསམ་བློའི་གོ་རྟོགས་ཐ་དད་རེད།།
ཆོས་ལམ་གསར་གཏོད་མེད་པའི་ཆོས་བདག་ཚོས།།
འདས་ལམ་ཁོ་ནས་འཐུས་པར་བྱས་བསྡད་ན།།
ཕན་གནོད་གོ་ལྡོག་འགྲོ་བའི་རྒྱུ་དག་མཐོང་།།
ཆོས་འདི་གནའ་གཏམ་ཞིག་གི་ཚད་དུ་བསྐྱལ།།
མི་ཚོས་དུས་རབས་འདི་ནས་གཞན་དུ་བརྫངས།།
མགོ་མཁྲེགས་རྨོངས་ཞན་ཅན་གྱི་དོད་དུ་གོ།
མི་རྣམས་ཆོས་ལ་ཞུགས་པའི་བཀག་རྡོ་དང་།།
དགེ་ལམ་ཆོས་ཀྱིས་བཀག་ན་བཟང་མ་ཡིན།།
ཉི་ཟླ་བཟའ་ཡི་ངོས་འཛིན་བྱེད་སྟངས་དང་།།
གོ་ལ་འདི་ཡི་ཆགས་ལུགས་གྲུབ་སྟངས་སོགས།།
ད་ལྟའི་དུས་འདིར་ཕལ་ཆེར་འགྱུར་ཚར་དུས།།
ད་དུང་མཁྲེགས་འཛིན་བྱས་ནས་བསྡད་གཞག་ན།།
ཆོས་འདི་ཡུན་དུ་གནས་པའི་གེགས་སུ་འགྱུར།།
འཇིག་རྟེན་ཁམས་ཀྱི་གསང་བ་རེ་རེ་བཞིན།།
གསར་རྙེད་བྱུང་བའི་དབང་གིས་སྐབས་དུས་དེར།།
གདོད་མའི་མི་ཡི་འགྲེལ་བཤད་བྱེད་སྟངས་འགའ།།
དེང་དུས་མི་ཡིས་ཁས་ལེན་ཐུབ་མ་ཡིན།།
བསམ་བློ་གསར་རྙིང་འགལ་ཟླར་སོང་བའི་ཚེ།།
དེ་མ་ཐག་དུ་འདོར་ལེན་མ་བྱས་ན།།
ཆོས་འདི་ཡུན་དུ་གནས་རེ་ཕ་འབུམ་དཔང་།།
ཆོས་དང་ལུགས་གཉིས་ཁ་ཁ་སོ་སོ་རེད།།
ལུགས་སྲོལ་འགྱུར་བར་སོང་བའི་རྒྱུ་མཚན་གྱིས།།
ཆོས་འདིར་འགྱུར་བའི་གོ་སྐབས་ཡོད་མ་ཡིན།།
དེས་ན་སྟོན་པས་འདུ་བ་བསྡུས་པ་ལས།།
འདུ་བ་ཡུལ་དང་དུས་ལ་ལྟོས་དགོས་གསུང་།།
འདི་ནི་མ་འོང་ལམ་སྟོན་དག་མ་རེད།།
འགྲོ་ལུགས་འདུག་སྟངས་དངོས་མ་སྟོན་བྱེད་ཡིན།།
ཆོས་འདིར་ཡུན་དུ་གནས་ན་བསམ་བཞིན་དུ།།
ལུགས་དག་ཆོས་སུ་བཟུང་ནས་མཁྲེགས་འཛིན་བྱེད།།
ལུགས་སྲོལ་འགྱུར་ནས་འགྲོ་བར་འཇིག་རྟེན་ལུགས།།
འདི་ནི་སུས་ཀྱང་ཟློག་ཐབས་ཡོད་མིན་ན།།
ཁྱོད་ཀྱིས་ཆོས་འདི་འཛིན་པར་ནུས་མ་ཡིན།།
ལུགས་སྲོལ་མི་གཏོང་དམ་པོར་འཇུས་བསྡད་ན།།
ཆོས་འདི་ཤོར་ནས་འགྲོ་བར་ཐེ་ཚོམ་མེད།།
ནམ་ཡང་ཆོས་འདི་མི་བཏང་འཛིན་འདོད་ན།།
ཆོས་དང་ལུགས་གཉིས་འབྱེད་པའི་ཤེས་རབ་དགོས།།
ཤར་ནུབ་ཀུན་ཏུ་དར་བའི་ཆོས་ཚུལ་འདིར།།
དོན་གྱི་སྙིང་པོ་དྲིལ་ན་གཅིག་ཏུ་མཐོང་།།
མི་འདྲ་བར་དེ་ལུགས་ཀྱིས་བྱས་པ་ཡིན།།
འདི་ལྟར་ཤེས་རབ་མིག་གིས་ལེགས་མཐོང་ནས།།
ལུགས་སྲོལ་གསར་རྙིང་འདོར་ལེན་བྱེད་རྒྱུ་དེ།།
གནད་ཀྱི་སྙིང་པོར་ཡིན་པར་ཤེས་ན་དགེ།
འཇིག་རྟེན་མིག་ཅན་དག་ནི་གཞན་དུ་བཞུད་ནས་ཆོས་འདིར་རྟོགས་པའི་ཤེས་རབ་མིག་གིས་ཕོང་པའི་དུས།།
གནས་དུས་གསལ་པའི་བློ་གྲོས་མི་ལྡན་རི་བོང་ཅལ་བཞིན་སྤྲེའུས་ཟླ་བ་འཛིན་པའི་གཏམ་རྒྱུད་འབྲི།།
ལམ་འདིར་འགྲོ་བའི་བསམ་པ་ཅན་ཚོའི་ཡིད་དང་མི་མཐུན་རྒྱང་ནས་རྒྱང་དུ་གྱེས་བཞིན་རེ་ཐག་ཆད།།
ཆོས་འདི་སྒྲུབ་པའི་འདུན་པ་ཅན་ཚོས་གནད་ལུགས་མི་རྟོགས་རང་ལུགས་ཙམ་གྱིས་མགོ་བོ་རྨོངས་བཞིན་འདུར།།
ལུགས་ལ་ལུགས་དང་ཆོས་ལ་ཆོས་སུ་ཤེས།།
དགེ་ལ་དགེ་དང་སྡིག་ལ་སྡིག་ཏུ་རྟོགས།།
བླང་དང་དོར་བྱའི་གནད་རྣམས་མ་ནོར་ན།།
ཁྱོད་ནི་ནམ་ཡང་མིག་དང་ལྡན་པ་ཡིན།།
གསར་རྙིང་ལྷ་འདྲེས་ཆོ་འཕྲུལ་མི་སེམས་ཤིང་།།
ཕྱི་ནང་དགྲ་གཉེན་ཁོ་ནས་མི་ངར་བར།།
དོན་དང་དོན་མིན་འབྱེད་པའི་བློ་ཡོད་ན།།
ཁྱོད་ནི་ནམ་ཡང་མཁས་པའི་ཡང་རྩེ་ཡིན།།
ཤེར་རབ་ཅན་དང་འགྲོག་ན་བདེ།།
དམ་པའི་ཚུལ་དང་མཐུན་ན་དགེ།
ཉི་མ་འཆར་ཁའི་སྐྱ་རིང་དང་།།
ལོ་ཡག་སྙེ་མའི་ཕུང་པོ་འདྲ།།
ང་དང་ཁྱོད་ཀྱི་འཇིག་རྟེན་འདི་ནས་དམ་པ་རྣམས་དང་མ་འཕྲད་ན།།
དགེ་དང་སྡིག་པའི་ས་མཚམས་མི་ཤེས་མི་ཚེ་ངལ་བ་ཁོ་ནས་ཟད།།
རང་དང་གཞན་གྱི་རིས་སུ་བཅད་ནས་ཤེས་རབ་ཅན་དང་མ་གྲོས་ན།།
ལུགས་དང་སྲོལ་གྱི་རྗེས་སུ་འབྲང་བཞིན་གནད་ལུགས་དངོས་དེ་མཐོང་མ་ཡིན།།
ང་ཆེན་པོ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*