རྫོང་གསར་མཁན་ཆེན་ཚེ་བརྟན་མཆོག་གི་རྣམ་ཐར་མདོར་བསྡུས།

རྫོང་སར་མཁན་ཆེན་ཚེ་བརྟན་མཆོག་གི་རྣམ་ཐར་མདོར་བསྡུས།

རྩོམ་པ་པོ་རྒན་རིག་པའི་རྡོ་རྗེ།

དུས་གསུམ་རྒྱལ་བའི་དགོངས་དོན་གཅིག་བསྡུས་པའི།།

མ་ལུས་གསུང་གི་ཟབ་གནད་སྙིང་པོའི་བཅུད།།

ཐོས་དོན་ཉམས་ལེན་གོ་ས་མི་འཆོལ་བའི།།

མཚན་ལྡན་བླ་མའི་ཞབས་ལ་གུས་པས་འདུད།།

ཕྱོགས་ཞེན་ལྟ་བས་གཞན་སེམས་མི་དཀྲུག་ཅིང་།།

གཞན་ཟེར་གྲག་པའི་རྗེས་སུ་མི་འབྲང་བ།།

དྲང་བདེན་གནས་ལུགས་འཚོལ་བའི་དམ་པ་ཁྱེད།།

རྟག་ཏུ་བདག་བློའི་སྙིང་ནས་རབ་ཏུ་དད།།

  ཅེས་ཚིགས་སུ་བཅད་པས་མདུན་བསུས་ཏེ། དེ་ཡང་སྤྱིར་གངས་རིའི་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་ཁྱད་པར་དཔལ་ལྡན་ས་སྐྱ་པའི་བསྟན་པ་ལ་བྱས་རྗེས་བླ་ན་མེད་པར་འཇོག་གནང་བའི་རྫོང་སར་ཁམས་བྱེའི་བཤད་གྲྭའི་མཁན་ཆེན་འཇམ་དབྱངས་བློ་གྲོས་སམ་ཡོངས་གྲགས་སུ་མཁན་ཆེན་ཚེ་བརྟན་མཆོག་གི་མཛད་རྣམ་སྒྲོ་སྐུར་མེད་པའི་ཐོག་ནས་མདོར་བསྡུས་ཙམ་འགོད་པ་ལ། དེ་ཡང་མཁན་ཆེན་ཁོང་ནི་སྐུ་ན་གཞོན་ནུའི་དུས་ནས་ཀྱང་སློབ་ཆུང་དང་སློབ་འབྲིང་སོགས་རིམ་གྱིས་བརྒྱུད་ནས་ལོ་བཅུ་གསུམ་ལྷག་གི་རིང་ལ་སློབ་སྦྱོང་མཐར་ཕྱིན་པར་མཛད་དེ་བོད་རང་གི་སྐད་ཡིག་སོགས་དཀའ་ཚེགས་མེད་པར་མཁྱེན་པ་མ་ཟད། རྒྱ་ནག་གི་སྐད་ཡིག་རྣམས་ཀྱང་ངལ་བ་མེད་པར་མཁྱེན་པ་དང་། ད་དུང་ཡང་སློབ་གྲྭ་དེར་མུ་མཐུད་ནས་སྦྱང་བརྩོན་གནང་ན་མི་རིང་བར་སྲིད་འབྱོར་གྱི་མཚན་སྙན་དང་། མི་དཔོན་གྱི་གོ་གནས་དང་འབྲེལ་བའི་ཐོབ་ཐང་སོགས་མངོན་དུ་འགྱུར་ལ་ཉེ་ན་ཡང་། ཚེ་འདིའི་མཚན་སྙན་ལྟོ་ཕོགས་དང་། དཔལ་འབྱོར་མངའ་ཐང་སོགས་འཇིག་རྟེན་གྱི་བྱ་བར་བརྩོན་ན་སྙིང་པོ་མེད་པར་དགོངས་ཏེ། དེ་རྣམས་མཆིལ་མའི་ཐལ་བ་བཞིན་དུ་དོར་ནས་ངེས་འབྱུང་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་བརླན་པས་རྐྱེན་བྱས་པར་བརྟེན་ཚེ་འདིའི་འཁོར་བའི་ཕུན་ཚོགས་དང་། འཇིག་རྟེན་པའི་བདེ་འབྲས་རྣམས་གནས་སྐབས་ཉི་ཚེ་བའི་བདེ་འབྲས་ཙམ་ལས་མཐར་གཏུགས་ན། དེ་རྣམས་ཀྱང་སྡུག་བསྔལ་གྱི་རང་བཞིན་འབའ་ཞིག་དང་མེ་ཡི་འོབས་ལྟ་བུ་ལས་བདེ་བའི་རྣམ་པ་ཅུང་ཟད་ཙམ་ཡང་མ་གཟིགས་ཤིང་། སྡུག་བསྔལ་དེ་ལས་ཐར་དགོས་ན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དང་། གཞན་དོན་དུ་མཐའ་གཅིག་ཏུ་བརྩོན་དགོས་པར་དགོངས་ནས་ངོར་ཆེན་རྒྱལ་བའི་རྒྱལ་ཚབ་འདུལ་འཛིན་བྱེ་བའི་གཙུག་རྒྱན་ཤར་ཆེན་༸ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་ལས་ཁ་སྐོང་གི་དགེ་འདུན་གྲངས་ཚང་བའི་དབུས་སུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་དེ་མཚན་ལ་འཇམ་དབྱངས་བློ་གྲོས་ཞེས་གསོལ། དེ་སྐབས་དམ་པ་ཁོང་གི་སྐུ་མདུན་ནས་རྒྱུད་སྡེ་ཁག་གི་དབང་ལུང་མན་ངག་སོགས་ཀྱང་མང་དུ་གསན་པར་མཛད།   

རྩོམ་པ་པོ། དགེན་རིག་པའི་རྡོ་རྗེ།

  དེ་ནས་ཕ་མེས་གོང་མའི་རང་དགོན་གདོང་ཚང་དགོན་པར་འཚོགས་ཞུགས་མཛད་དེ་རང་དགོན་གྱི་ཆོ་ག་ཆོས་སྤྱོད་དང་འདོན་ཕྱག་ལེན་སོགས་ལ་ཐོགས་པ་མེད་པར་སྦྱངས་བརྩོན་མཛད་པ་མ་ཟད། དེ་སྐབས་སྡེ་དགེ་དགོན་ཆེན་གྱི་སྒིས་བླ་མས་གཙོས་པའི་དཔལ་ལྡན་ས་སྐྱ་པའི་སྐྱེས་ཆེན་དུ་མ་ལས་དབང་ལུང་ཁྲིད་གསུམ་མང་དུ་གསན་ཅིང་ཞོར་ལ་དཔལ་ཀྱེ་རྡོ་རྗེ་དང་བྲག་རྫོང་མ་སོགས་ཀྱི་བསྙེན་སྒྲུབ་ཀྱང་མང་དུ་མཛད། དེ་ནས་དགོན་པ་དེ་ཡི་འདོན་ཆོག་སོགས་ཤེས་པ་ཙམ་གྱིས་ཐུགས་ཡིད་ཚིམ་པར་མ་བཞུགས་པར་འདི་ཕྱི་གཉིས་ཀའི་བདེ་འབྲས་དང་། གཞན་དོན་སྒྲུབ་པ་ལ་ངེས་པར་དུ་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་ལ་བརྩོན་དགོས་པར་དགོངས་ནས་གདོང་ཚང་དང་ཐག་ཉེ་བའི་སྲིབ་སྒ་ཉག་བཤད་གྲྭར་ཕེབས། དེར་དུས་ཡུན་ཅུང་ཟད་ཙམ་ལ་སློབ་གཉེར་མཛད་ནས་རིམ་བཞིན་དགུང་ལོ་ཉེར་དགུའི་ཐོག་རྗོང་སར་ཁམས་བྱེའི་བཤད་གྲྭར་སློབ་ཞུགས་གནང་། དེ་སྐབས་ངོར་༸ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་དང་། ངོར་༸ཀླུ་ལྡིང་མཁན་པོ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ངོར་༸ཐར་རྩེ་མཁན་ཆེན་ངག་དབང་བསོད་ནམས་མཆོག་ལྡན། རྫོང་སར་༸མཁྱེན་བརྩེ་རིན་པོ་ཆེ། བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་རིས་སུ་མ་ཆད་པ་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་སྐྱབས་རྗེ་བདེ་བར་གཤེགས་པ་མཁན་ཆེན་པད་མ་དམ་ཆོས་སོགས་ཀྱི་སྐུ་མདུན་ནས་དབང་ལུང་ཁྲིད་གསུམ་གྲངས་ལས་འདས་པ་གསན་བསམ་གནང་བར་མཛད། དེ་དང་ཆབས་ཅིག་དགེ་བའི་བཤེས་གཉེན་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ་མཆོག་གི་སྐུ་མདུན་ནས། ལོ་དྲུག་གི་རིང་ལ་མདོ་སྔགས་རིག་གནས་ཆ་ལག་དང་བཅས་པ་རྫོང་སར་སློབ་གླིང་གི་སྒྲིག་སྲོལ་ལྟར་གསན་ཅིང་། ཉིན་མཚན་ལྟོས་མེད་དུ་སྦྱངས་བརྩོན་མཛད་པས་སློབ་སྦྱོང་མཐར་ཕྱིན་པར་གྱུར་པ་མ་ཟད། ཕྱི་འདུལ་བའི་ཀུན་སྤྱོད་དང་ནང་བསླབ་པ་སློབ་གཉེར་སོགས་ཀྱི་ཐད་ནས་ཀྱང་སློབ་གླིང་དེར་ཀུན་གྱིས་མིག་དཔེ་ལྟ་ས་ཞིག་ཏུ་གྱུར་པས་ཐམས་ཅད་ཀྱིས་གུས་ཤིང་བཀུར་བའི་འོས་སུ་གྱུར། 

དགུང་ལོ་སོ་ལྔའི་ལོ་དེར་དམ་པ་ཁོང་ཕྱི་འདུལ་བའི་ཀུན་སྤྱོད་དང་ནང་བསླབ་པ་སློབ་གཉེར་སོགས་གང་གི་ཆ་ནས་ཀྱང་རྫོང་སར་ཁམས་བྱེ་བཤད་གྲྭའི་མཁན་པོར་འོས་བབས་སུ་གཟིགས་ཏེ། རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ་མཆོག་ནས་ཁོང་རྫོང་སར་བཤད་གྲྭའི་མཁན་རབས་བཅུ་གཉིས་པར་མངའ་གསོལ་ཏེ་དམ་པ་ཁོང་གིས་ཀྱང་མཁན་པོའི་འགན་བཞེས་པར་མཛད་དོ། །
དེ་ནས་བཟུང་ཁོང་གིས་ཉིན་མོར་དཔེ་ཆ་ཁག་ལ་གཟིགས་རྟོག་དང་འཛིན་གྲྭ་སོ་སོར་དཔེ་ཁྲིད་མཛད་ཅིང་ཐུན་མཚམས་དང་མཚན་མོའི་སྐབས་རྣམས་སུ་ལྟ་སྒོམ་གྱི་རིམ་པ་ཁོ་ནར་བརྩོན་ཞིང་དུས་ཚོད་བར་སྟོང་ཅུང་ཟད་ཙམ་ཡང་མི་འཇོག་པར་ཐོས་བསམ་སྒོམ་གསུམ་གྱིས་ཉིན་མཚན་འདའ་བར་མཛད།   བཤད་གྲྭའི་ནང་དུ་དཔེ་ཆ་བ་ཡང་བསམ་ཡུལ་ལས་འདས་པ་སྔར་ལས་ལྷག་པར་ཟླ་རེ་དང་ལོ་རེ་བཞིན་ཇེ་མང་དུ་སོང་ཞིང་མཁས་པ་ཡང་མིང་དོན་མཚུངས་པ་གྲངས་ལས་འདས་པ་འཚར་ལོངས་བྱུང་། དེང་དུས་བློ་གྲོས་དཔལ་ལྡན་ནམ་ཚ་བ་མདའ་སྨྱུག་ཟེར་བ་མདོ་སྟོད་སྨད་བར་གསུམ་ན་ཅུང་ཟད་རེ་གོ་རྒྱུ་ཡོད་པ་དེ་ཡང་དམ་པ་ཁོང་གི་སློབ་ཕྲུག་དཀྱུས་མ་ཞིག་གི་གྲལ་ཡིན་ཞིང་ཁོ་རང་ལ་མདོ་སྔགས་ཆ་ལག་དང་བཅས་པར་རྒྱུས་མངའ་གང་འཚམས་རེ་དང་ཚན་རིག་གི་སྐོར་ལ་ཡང་སྐད་ཆ་ཅུང་ཟད་རེ་བཤད་རྒྱུ་ཡོད་པ་དེ་ཡང་དམ་པ་ཁོང་གི་ཐུགས་ལས་འཁྲུངས་པའི་རྣམ་དཔྱོད་དང་ཤེས་རབ་ཀྱི་རྩལ་ཡིན་པ་ལས་གཞན་གང་ནས་ཀྱང་བླངས་པ་དང་བརྐུས་པ་མ་ཡིན་ནོ། །

  མདོར་ན་དུས་འགྱུར་གྱི་རྗེས་ནས་ད་བར་རྫོང་སར་བཤད་གྲྭར་གཞུང་ལུགས་མདོ་སྔགས་རིག་གནས་དང་བཅས་པའི་ཐོག་ནས་འཆད་རྩོད་རྩོམ་གསུམ་དང་དགེ་འདུན་པ་འཕེལ་རྒྱས་སུ་འགྲོ་ཆེ་ཤོས་དེ་མཁན་ཆེན་མཆོག་གི་སྐུ་དུས་སུ་ཡིན་ཞིང་། ཁོང་གིས་སྔར་མེད་འཛིན་གྲྭ་གསར་བཙུགས་དང་སློབ་གཉེར་བྱེད་སྟངས་དང་དཔེ་ཆ་བསྡུ་བསྒྲིགས་སོགས་ཀྱི་སྐོར་ལ་རྒྱལ་བསྟན་སྤྱི་སྒེར་ཡོངས་ལ་ཕན་པའི་དམིགས་བསལ་གྱི་ཕྱག་ལས་དང་མཛད་རྗེས་བླ་ན་མེད་པ་བཞག་ཡོད། མཁན་ཆེན་མཆོག་ནས་དུས་རྒྱུན་ས་ཕྱོགས་གང་ལ་ཕེབས་བཞུགས་གནང་ན་ཡང་འདོད་པ་ཆུང་ཞིང་ཆོག་ཤེས་པ་དང་མཐའ་གཉིས་སུ་མ་ལྷུང་བར་ཕེབས་བཞུགས་མཛད་པ་ལས། རྒྱས་སྤྲོས་མཛད་སྲོལ་གཏན་ནས་མེད་ཅིང་རྫོང་སར་བཤད་གྲྭར་མི་ལོ་བཅུ་གཅིག་ཙམ་ལ་ལས་ཐོག་མཁན་པོ་མཛད་ཅིང་དེའི་རིང་སློབ་མ་སྟོང་ཕྲག་ནས་སྟོང་ཕྲག་ལས་བརྒལ་བ་ཡོད་ཀྱང་། ཁོང་གི་མཛད་རྣམ་གྱི་སྐོར་ལ་ངོ་ལྐོག་བར་གསུམ་ནས་རྗེས་སུ་ཡི་རང་ཞུ་གནང་མཁན་ལས་མ་འགྲིགས་པའི་ཆ་དང་སྐྱོན་མཐོང་མཁན་དགེ་འདུན་པ་སུ་གང་ཡང་བྱུང་མྱོང་མེད། དེའི་རྒྱུ་མཚན་གཙོ་བོ་ཡང་དམ་པ་ཁོང་གིས་གཞན་གྱི་དབང་འབྱོར་དང་མཚན་སྙན་སོགས་གང་ལ་ཡང་ལྟོས་པ་མེད་པར་རྒྱུན་དུ་དྲང་པོའི་རྣམ་ཐར་ཁོ་ན་བསྐྱངས་ཤིང་། རང་གི་སློབ་མ་དྲག་ཞན་ཆེ་ཆུང་གང་ཡིན་ཡང་རུང་སྟེ་ཐུགས་བརྩེ་བ་ཆེན་པོས་གཟིགས་སྟངས་སྙོམས་པོར་གཟིགས་ཤིང་། རང་ཕྱོགས་ལ་ཞེན་པ་དང་གཞན་ཕྱོགས་ལ་སྡང་བ་མེད་པར་མ་ཟད་ཆོལ་ཁ་དང་ཆོས་བརྒྱུད་རིས་སུ་མ་ཆད་པ་ཀུན་ལ་བྱམས་སྐྱོང་དང་དག་སྣང་ཡོད་པའི་ཐོག་ནས་ཕྱག་ལས་མཛད་གནང་བའི་རྒྱུ་མཚན་གྱིས་ཡིན་པར་སེམས་སོ། །

  དེ་ནས་རིམ་བཞིན་རྫོང་སར་བཤད་གྲྭར་མཁན་པོ་ལོ་བཅུ་གཅིག་ཙམ་དུ་མཛད་རྗེས་དམ་པ་ཁོང་གིས་མཁན་ཆེན་གཞན་ཕན་སྙིང་པོའམ་མཁན་བསམ་འགྲུབ་མཆོག་རྫོང་སར་བཤད་གྲྭའི་མཁན་པོར་མངའ་གསོལ་མཛད་ཅིང་བཤད་གྲྭའི་ཐུགས་འགན་བཞེས་སུ་བཅུག །དེ་འོག་མཁན་པོ་ཞོགས་རྗེས་ཁོང་ལྷ་སྒང་བཤད་གྲྭ་དང་། སྐྱེ་དགོན་བཤད་གྲྭ། མགོ་གཟི་བཤད་གྲྭ་སོགས་ས་ཕྱོགས་གང་སར་ཕེབས་ནས་དགོན་སྡེ་ཁག་ལ་དཔེ་ཁྲིད་དང་སློབ་གསོ་གཟིགས་སྐྱོང་མང་དུ་མཛད། གཞན་ཡང་པཎ་ཆེན་རིན་པོ་ཆེས་བཙུགས་གནང་བའི་པེ་ཅིན་ནང་བསྟན་སློབ་གྲྭར་ཡང་ལོ་གཅིག་ལྷག་རིང་ལ་དཔེ་ཁྲིད་གནང་སྟེ་བཞུགས་པར་མཛད།

 ༢༠༡༡ ལོར་ཕ་ཡུལ་དགོན་སྡེ་ཀུན་གྱིས་རེ་བ་ལྟར་གདོང་ཚང་བཤད་གྲྭའི་མཁན་པོའི་འགན་བཞེས་གནང་ཞིང་སློབ་མ་ཡང་མང་དུ་འདུས་ལ་ཁོང་གིས་དུས་རྒྱུན་སྔ་དྲོར་འཛིན་གྲྭ་ཁག་གི་སློབ་མ་རྣམ་པར་དཔེ་ཁྲིད་མཛད་ཅིང་། ཉིན་མོར་སྐུ་ངལ་ལ་མི་འཛེམ་པར་བཤད་གྲྭའི་ལྕགས་རི་དང་གྲྭ་ཤག་གསར་བཞེང་བྱ་སར་གཟིགས་རྟོག་དང་ཕྱག་ལས་སུ་ཕེབས་པ་མ་ཟད། ཞོར་ལ་ནང་པའི་ཆོས་གཞུང་དང་འཇིག་རྟེན་མི་ཆོས་དང་འབྲེལ་བའི་བསྒྱུར་རྩོམ་ཡང་མང་དུ་མཛད་དོ། །

  སྐབས་རེར་དུས་ཚོད་བར་སྟོང་ཅུང་ཟད་རེ་བཙལ་ནས་གཞན་གྱི་ཡུལ་དགོན་རྣམ་པའི་གདན་ཞུས་ལྟར་ཕེབས་ཏེ་ཚན་རིག་དང་འབྲེལ་བའི་ནང་ཆོས་སྐོར་དང་། ནང་པ་སངས་རྒྱས་པའི་ཐུན་མིན་གྱི་བྱམས་སྙིང་རྗེ་དང་སྐྱབས་འགྲོ་སེམས་བསྐྱེད་སོགས་གོ་བདེའི་ཐོག་ནས་སྐྱ་སེར་མང་ཚོགས་རྣམས་ལ་བཀའ་སློབ་ལམ་སྟོན་ཡང་ཡང་གནང་བར་མཛད་ཅིང་གདོང་ཚང་བཤད་གྲྭར་ལོ་དྲུག་ཙམ་ལ་མཁན་པོ་མཛད།    

   ཁོང་རང་དགོན་དུ་མཁན་པོ་མཛད་བཞིན་པའི་སྐབས་༢༠༡༤/ལོར་ཁོང་གིས་དགོས་པ་དང་དགོངས་གཞི་མང་པོར་གཟིགས་ཏེ། ཆོས་རྩོད་ཀྱི་བགྲོ་གླེང་བྱ་སའི་གཞི་རྩ་ཞིག་འཛུགས་ཐུབ་ན་མ་འོངས་པར་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་བྱེ་བྲག་དཔལ་ལྡན་ས་སྐྱ་པའི་བསྟན་པ་ལ་ཕན་པར་དགོངས་ནས་གདོང་ཚང་བཤད་གྲྭར་མདོ་ཁམས་ལྷོ་ཟླའི་ཚད་མ་རིགས་གཏེར་གྱི་སྟོན་ཆོས་ཆེན་མོ་གསར་འཛུགས་མཛད་ཅིང་། དེའི་ལོར་སྟོན་ཆོས་དེར་ཚོགས་ཞུགས་གནང་མཁན་གྱི་དགོན་པ་ཡང་ཤང་ཐོ་དང་གླེ་མདའ་སྐྱེ་དགོན་བཤད་གྲྭ་སོགས་རང་དགོན་དང་ཐག་ཉེ་བའི་དགོན་པ་ཁ་ཤས་ཤིག་ལས་མེད་པས་དགེ་འདུན་པ་ཡང་ཉིས་བརྒྱ་ཟིན་མ་ཟིན་ཙམ་ལས་མེད། དེ་ནས་རིམ་བཞིན་དམ་པ་ཁོང་གི་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་སྟོན་ཆོས་ཆེན་མོ་ལོ་རེ་བཞིན་འཕེལ་རྒྱས་རིམ་གྱིས་སོང་ཞིང་མདོ་སྟོད་སྨད་བར་གསུམ་གྱི་བཤད་གྲྭ་ཁག་ནས་སྟོན་ཆོས་ཁར་ཕེབས་མཁན་ཡང་ཇེ་མང་དུ་སོང་ནས་སྟོན་ཆོས་ཐེངས་དྲུག་པའི་ཚོགས་ཞུགས་སྐབས་དགེ་འདུན་པ་ཡང་ཉིས་སྟོང་མ་ཟིན་ཙམ་ཡོད། ཐོག་མར་སྟོན་ཆོས་འདི་དབུ་འཛུགས་པའི་སྐབས་སུ་ཡང་རང་གི་མཚན་སྙན་དང་བྱས་རྗེས་སོགས་གཞན་ལ་བསྒྲག་ཆེད་དང་འཁྲབ་སྟོན་གྱི་རྣམ་པ་ལྟ་བུ་མ་ཡིན་པར་ཆོས་བརྒྱད་ཀྱི་མཚན་མ་ཀུན་སྤངས་ཏེ་འཇམ་ཐིང་ངེའི་ངང་རླབས་ཆེན་གྱི་བྱ་བ་འདི་ལྟ་བུ་བསྒྲུབས་གནང་བ་ལས་རང་གི་ཁེ་ཕན་སོགས་ལ་དམིགས་ཏེ། དྲྭ་ལམ་སོགས་བརྒྱུད་དེ་གཞན་ལ་ཁྱབ་སྤེལ་དང་དྲིལ་བསྒྲགས་སོགས་བྱས་ཏེ་ཕྱི་རྫིག་ནང་སྟོང་གི་བྱ་བ་ཞིག་ཏུ་གཏན་ནས་གྱུར་མེད།

  དེས་ན་མཁན་ཆེན་ཁོང་གིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་བྱེ་བྲག་དཔལ་ལྡན་ས་སྐྱ་པའི་བསྟན་པར་བྱས་རྗེས་འདི་ཙམ་བཞག་གནང་ན་ཡང་། བསྟན་པ་ལ་རླབས་ཆེན་གྱི་བྱ་བ་འདི་ལྟ་བུ་བསྒྲུབས་ཡོད་སྙམ་པའི་རློམ་སེམས་དང་ཁེངས་དྲེགས་སོགས་ཅུང་ཟད་ཙམ་ཡང་མེད་པ་མ་ཟད། རྒྱུན་དུ་ཞི་དུལ་བག་ཕེབས་དང་ཁེངས་སྐྱུང་སོགས་མཛད་དེ་བཞུགས་གནང་བར་གྲུབ་སྟེ། དཔེར་མཚོན་ཙམ་ཞིག་བཀོད་ན་ཁོང་ལ་སྔོན་དགེ་ལྡན་པའི་གདན་སའི་དགེ་བཤེས་ཤིག་ནས་ཁྱེད་རང་ཆོས་བརྒྱུད་གང་ནས་ཡིན་ཞེས་དྲིས་སོང་པས། ཁོང་གིས་ང་ས་སྐྱ་པ་ཡིན་ཞེས་པའི་ལན་ལམ་སང་སྤོབས་ནུས་མ་བྱུང་། རྒྱུ་མཚན་ནི་ང་ས་སྐྱ་པ་ཡིན་ཟེར་ལན་བཏབ་ན་ཁྱོད་ས་སྐྱ་པ་ཡིན་པའི་རྟགས་ས་སྐྱའི་བསྟན་པར་བྱ་བ་གང་བསྒྲུབས་ཡོད་ཅེས་དྲིས་ཡོང་ན། ངས་དེ་ལ་ལན་ཕོག་ས་མ་རེད་ཅེས་པའི་གསུང་དེ་ཐོས་པས་གསུང་འདི་གཅིག་པུར་དཔགས་ནའང་ཁེངས་དྲེགས་དང་རློམ་སེམས་སོགས་མེད་པར་ཤེས་ཐུབ་སྙམ། ཡང་ཁོང་གིས་དེ་སྐབས་ང་ཚོ་སློབ་མ་རྣམ་པར་གདམས་པའི་བཀའ་སློབ་ཅིག་ལ་སྙིགས་མ་ལྔ་བདོའི་དུས་འདིར་ང་རང་ཚོས་དེ་སྔོན་ཐོས་བསམ་གང་བྱས་བཞག་པ་དེ་ཉམས་སུ་ལེན་ཐུབ་ན་དཔེ་ཡག་པོ་རེད། གལ་སྲིད་སོ་སོས་ཉམས་ལེན་དེ་ཙམ་མ་ཐུབ་ན་ཡང་མི་རབས་གོང་མས་ང་ཚོར་རྩིས་སྤྲད་བཞག་པའི་ཐོས་བསམ་གྱི་བཤད་རྒྱུན་ཕྲ་མོ་འདི་ང་ཚོས་ཀྱང་མི་རབས་རྗེས་མར་རྩིས་སྤྲད་ཐུབ་པ་ཞིག་བྱུང་ན་ང་ཚོས་ཐོས་བསམ་བྱས་པའི་གོ་ཆོད་པ་རེད་ཅེས་གསུངས་སོང་། དེས་ན་གསུང་འདི་རྣམས་ལ་མནོ་བསམ་རེ་བཏང་ན་ཁོང་གིས་དུས་རྒྱུན་སངས་རྒྱས་ཀྱི་བསྟན་པར་ཐུགས་བསམ་ཞིབ་ཕྲ་ནས་གཏོང་གནང་ཞིང་ལག་བསྟར་ཞིབ་ཕྲ་ནས་གནང་གི་ཡོད་པ་དེ་ཡང་གསུང་འདི་རྣམས་ཀྱིས་མཚོན་ཐུབ་སྙམ། དེ་ནས་མཁན་ཆེན་ཁོང་གིས་བཙུགས་གནང་བའི་མདོ་ཁམས་ལྷོ་ཟླའི་ཚད་མ་རིགས་གཏེར་གྱི་སྟོན་ཆོས་ཐོག་ཏུ་ཕེབས་གྲུབ་ན་རྒྱལ་བསྟན་སྤྱི་སྒེར་དང་རང་གཞན་ཚང་མར་གྲུབ་འབྲས་ལེགས་པོ་ཞིག་ཐོབ་ཀྱིན་ཡོད་པ་དང་། མིང་དོན་མཚུངས་པའི་ཆོས་ར་ཞིག་ཏུ་གྱུར་ཡོད་པ་བཤད་གྲྭ་ཁག་ཀུན་གྱིས་མཁྱེན་རྟོགས་བྱུང་སྟེ། སྟོན་ཆོས་ཐོག་ཕེབས་མཁན་ཡང་དཔལ་ལྡན་ས་སྐྱ་པ་གཙོས་རིས་སུ་མ་ཆད་པའི་བཀའ་དགེ་རྙིང་བོན་དང་བཅས་པ་དགེ་འདུན་པ་རྣམས་རང་མོས་ཀྱི་ཐོག་ནས་སྟོན་ཆོས་ཁར་ཕེབས་མཁན་ཇེ་མང་དུ་སོང་སྟབས་ཕྱི་ནང་གང་གི་ཐད་ནས་ཀྱང་ལྷོ་ཟླའི་སྟོན་ཆོས་ཆེན་པོ་གཞི་རྐང་ཡོད་པ་ཞིག་ཏུ་གྱུར་ཡོད། དེ་ནས་༢༠༡༧-ལོར་དམ་པ་ཁོང་གཅིག་ནས་གདོང་ཚང་བཤད་གྲྭའི་མཁན་པོར་མཚམས་འཇོག་གནང་སྟེ་རྫོང་སར་བཤད་གྲྭའི་སློབ་དཔོན་རྒན་ཕུར་བཟང་མཆོག་ལྷ་བབས་དུས་ཆེན་ཉིན་རང་དགོན་གྱི་མཁན་པོར་བསྐོ་བཞག་གནང་། 

 གཉིས་ནས་སྟོན་ཆོས་ཆེན་པོའང་གཞི་རྐང་ཚུགས་པར་གྱུར་ཡོད་པས་རང་དགོན་གྱི་དཔེ་ཁྲིད་དང་མཁན་པོའི་ལས་འགན་མཚམས་འཇོག་གནང་སྟེ་རང་དགོན་དུ་ཟླ་བ་གཅིག་ལྷག་གི་རིང་ཙམ་དུ་སྐུ་མཚམས་སུ་བཞུགས་གནང་བར་མཛད། ལོ་དེའི་ལོ་མཇུག་ཙམ་ལ་མཁན་ཆེན་ནས་འཁོར་བུ་སློབ་དང་རྒྱུ་ནོར་ཟང་ཟིང་སོགས་གང་ལ་ཡང་ཆགས་པ་མེད་པར་མདོ་ཁམས་སྨད་ཕྱོགས་མི་ཉག་ལྷ་སྒང་དབེན་པའི་རི་ཁྲོད་དུ་ཕེབས་གནང་བར་མཛད། སྐབས་དེར་ཁོང་གི་སློབ་འབངས་རྣམས་དང་རང་ཡུལ་གྱི་སྡེ་དགོན་སོགས་ནས་ཀྱང་ཁོང་གང་དུ་ཕེབས་མིན་དང་། གང་དུ་བཞུགས་ཡོད་མེད་སོགས་ཤེས་མཁན་ཡང་དེ་ཙམ་མ་བྱུང་བས་ཁོང་ལ་ཐུགས་ཁྲལ་བྱེད་མཁན་ཡང་ཕྱོགས་གང་ས་ནས་མང་དུ་བྱུང་ངོ་། །

  དེས་ན་མཁན་ཆེན་ཁོང་གིས་མི་ལོ་དེ་ཙམ་ཞིག་ལ་ཐོས་བསམ་འཆད་ཉན་སོགས་རྒྱལ་བསྟན་སྤྱི་སྒེར་ཡོངས་ལ་ཕན་པའི་སྐུ་ངལ་ཚད་མེད་གནང་མཛད་རྗེས་མཐར་འཁོར་སློབ་དང་རྒྱུ་ནོར། ཟང་ཟིང་དང་མཚན་སྙན་སོགས་གང་ལ་ཡང་ཞེན་ཆགས་མེད་པར་ཤར་མར་མི་མེད་དབེན་པའི་རི་ཁྲོད་དུ་ཕེབས་གནང་སྟེ་ལྟ་སྒོམ་ཉམས་ལེན་གྱི་རིམ་པ་ཁོ་ནར་ཉིན་མཚན་དུས་འདའ་བར་མཛད་བཞིན་པ་འདི་ཡང་ཀུན་གྱིས་མིག་དཔེ་བལྟ་ས་ཞིག་ཏུ་གྱུར་ཡོད་པར་སེམས་སོ། །

ད་ནི་མཇུག་བསྡུ་བར་བྱ་སྟེ་སླར་སྨྲས་པ།  

མཐོན་པོར་ཁ་མཛེས་འཛུམ་གྱིས་མི་བསུ་ཞིང་།།

དམན་རྣམས་ཡ་ཁོག་སེམས་ནས་མི་བསུབ་པར།།

དྲང་པོའི་རྣམ་ཐར་སྐྱོང་བའི་གཤིས་ལུགས་འདི།།

ཆོས་པའི་རྨང་གཞི་ཡོད་པའི་དན་རྟགས་ཡིན།།

ཐོབ་དང་གོ་སའི་ཆེད་དུ་མི་བརྩོན་ཞིང་།།

མཚན་སྙན་གཞན་ལ་ངོམ་པར་མི་འདོད་པ།།

ཁེངས་སྐྱུང་དམན་སར་བཟུང་བའི་རྣམ་ཐར་འདི།།

ཚེ་འདིར་ཞེན་པ་ཆོད་པའི་དན་རྟགས་ཡིན།།

ཕྱི་རོལ་འདོད་ཡོན་གང་ལ་མ་ཆགས་ཤིང་།།

དབང་འབྱོར་ཟང་ཟིང་ནོར་གྱིས་མ་བསླུས་པ།།

མི་མེད་ལུང་པའི་རི་ཁྲོད་འགྲིམ་པ་འདི།།

འཁོར་བར་ཞེན་པ་ལྡོག་པའི་དན་རྟགས་ཡིན།།

དམ་པ་ཁྱེད་ཀྱི་ཡོན་ཏན་དྲན་བཞིན་དུ།།

རྣམ་པར་ཐར་པའི་ཆ་ཙམ་བཀོད་པ་ཡིས།།

བསོད་ནམས་དགེ་ཚོགས་གང་ཞིག་མཆིས་པ་དེ།།

མར་གྱུར་འགྲོ་བའི་དོན་དུ་འགྱུར་བར་ཤོག།

 ཅེས་གུས་གླེ་མདའ་དགོན་རིག་པའི་རྡོ་རྗེ་ནས་རྫོང་སར་བཤད་གྲྭའི་སློབ་དཔོན་ཆེན་པོ་མཎྡལ་བློ་བཟང་མཆོག་གིས་མཁན་ཆེན་མཆོག་གི་རྣམ་ཐར་ཞིག་འབྲི་དགོས་ཞེས་བསྐུལ་བའི་ངོར་དམ་པ་ཁོང་གི་མཛད་རྣམ་ཆ་ཤས་ཙམ་ལས་དཔོག་མ་ནུས་ཀྱང་ས་བཅད་མ་སྟོང་ཙམ་ཞིག་གདན་ས་ཆེན་པོ་དཔལ་ངོར་ཨེ་ཝྃ་ཆོས་ལྡན་གྱི་བཤད་གྲྭ་ཐུབ་བསྟན་མདོ་སྔགས་རིགས་པའི་འབྱུང་གནས་སུ་སྤྱི་ལོ་/༢༠༡༩/ལོའི་བོད་ཟླ་/༩/པའི་ཚེས་/༡༤/ས་ཆེན་ཀུན་དགའ་སྙིང་པོའི་དགོངས་རྫོགས་ཀྱི་དུས་ཁྱད་པར་ཅན་ཉིན་བྲིས་པའོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*