འགྱུར་མེད་དད་པའི་རླབས་ཕྲེང་།

 

ངག་རིག་ལྷག་པའི་ལྷ་མཆོག་ཁྱེན་རབ་རྩལ། །དབང་དུ་འབྱོར་ཞིང་ཐམས་ཅད་ཁྲིད་མཛད་ནས།།

ཀུན་ལ་རྒྱུན་དུ་བདེ་སྐྱིད་ཆེས་བསྐྲུན་ཞིང་། །དགའ་བའི་གནས་སུ་སྐྱེལ་མཛད་གང་ཉིད་ཡིན།།

 

རྣམ་དཔྱོད་ལྷག་བསམ་ལྡན་པའི་མེ་ལྕེ་ཡིས། །ཁམས་གསུམ་འགྲོ་བའི་ལས་ཉོན་རབ་བསྲེགས་ཏེ།།

བླ་མེད་གོ་འཕང་གནས་སུ་འདྲེན་མཛད་མཁན། །སྨྲ་བའི་ཉི་མ་ངག་དབང་ཀུན་དགའ་ཡིན།།

 

མཚན་མཆོག་གསུམ་གྱི་ཆོས་རྒྱལ་འདུས་པའི་བླ། །སྙིང་སྟོབས་བདེན་པའི་ཐུགས་བསྐྱེད་མ་ལྷོད་པར།།

ཐར་ལམ་སྟོན་པའི་རྒྱལ་རྔ་རྡུང་མཛད་མཁན། །ཆོས་ཀྱི་སྒྲོན་མེའི་ས་སྐྱ་གོང་མ་ཡིན།།

 

ཐུབ་དབང་གཉིས་སུ་མེད་པའི་མཁྱེན་བརྩེ་ཡིས། །མུན་དོང་ལྷུང་བའི་འགྲོ་དྲུག་ཀུན་བཏུས་ནས།།

སྤང་ལྗང་བདེ་མོའི་ཐང་དུ་སྐྱེལ་མཛད་མཁན། །མཚན་མོའི་ཟླ་བ་ངག་དབང་ཀུན་དགའ་ཡིན།།

 

གཞན་ཕྱིར་རང་དོན་ཡེ་ནས་གཏན་སྤངས་ཏེ། །ཐུབ་པའི་སྲོག་ཤིང་བསྟན་པའི་འོད་ཀྱི་རྒྱུན།།

མ་ནུབ་འཕེལ་བའི་སླད་དུ་བརྩོན་མཛད་མཁན། །བསྟན་པའི་གཙུག་རྒྱན་ས་སྐྱ་གོང་མ་ཡིན།།

 

བསླུ་མེད་ཆོས་ཀྱི་རྒྱལ་པོ་ཁྱེད་ཉིད་ལ། །འགྱུར་མེད་དད་པ་གསུམ་གྱིས་ཉེར་བསྟེན་ནས།།

ཚད་མེད་ཇི་ལྟར་གསོལ་དང་སྨོན་པ་བཞིན། །ནུས་མེད་བདག་གིས་སྨོན་གོ་ཆོག་པར་ཤོག །།

རྩོམ་པ་པོ།

ས་སྐྱ་མཐོ་སློབ། ཚར་གྲྭ་ཐུབ་བསྟན་ཚེ་རིང་།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*