སྤྲུལ་པའི་ལྷ་ཁང་ཆེན་མོ་དུ་ས་མཆོད་དུས་ཆེན།

༄༅།  །གངས་ལྗོངས་རྡོ་རྗེ་གདན་དཔལ་ས་སྐྱའི་སྤྲུལ་པའི་ལྷ་ཁང་ཆེན་མོར། མི་ལོ་དགུ་བརྒྱ་ལྷག་གི་རིང་ལོ་ལྟར་བཞིན་ས་མཆོད་དུས་ཆེན་བོད་ཟླ་དགུ་པའི་ཚེས་བརྒྱད་ནས་ཚེས་བཅུ་དྲུག་བར་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་ཆེན་མོ་མཛད་བཞིན་ཡོད། འདི་ལོའི་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་དུ་རྒྱ་མཚོ་དཔོན་སློབ་མཁན་ཆེན་ཀུན་བཟང་རྒྱལ་མཚན་མཆོག་གིས་དབུས་བཤད་གྲྭའི་མཁན་པོ་དགེ་འདུན་རྒྱ་མཚོ་མཆོག་དང་མཁན་པོ་འཇམ་དཔལ་ཡེ་ཤེས་མཆོག རྫོང་ཆུང་དཔོན་སློབ་ཐུབ་བསྟན་རྒྱ་མཚོ། བསམ་བརླིང་དཔོན་སློབ་བློ་གྲོས་ཐོགས་མེད། སྐྱེད་ལྷས་དཔོན་སློབ་སེངྒེ་བཟང་པོ། བྲག་དཀར་དཔོན་སློབ་བསོད་ནམས་སེངྒེ་ལ་སོགས་པའི་དགེ་འདུན་བརྒྱ་ཕྲག་དང་ཕྱེད་ལ་ཉེ་བས་ཚོགས་བཞུགས་སྒྲུབ་པ་མཛད་པ་རེད།  ཚེས་བཅུ་བཞིའི་ཉིན་མཁན་པོ་དགེ་འདུན་རྒྱ་མཚོ་མཆོག་གིས་ཆོས་ཞུ་བ་མང་ཚོགས་ལ་བཀའ་སློབ་ལམ་སྟོན་དང་། བཤད་གྲྭའི་དཔོན་སློབ་ཇི་ཡོད་ཀྱིས་གོས་སྐུ་གདན་འདྲེན་དང་འདུ་ཁང་ཆེན་མོར་བླ་མ་ས་སྐྱ་པ་ཉིད་ཀྱིས་རབ་གནས་མཛད་པའི་ས་ཆེན་ང་འདྲ་མའི་སྐུ་བརྙན་དྲུང་དུ་བླ་མ་མཆོད་པ། རྒྱ་མཚོ་དཔོན་སློབ་མཆོག་གི་དབུས་འདུས་སྤྱི་ནས་སྔར་བཞིན་ས་སྐྱ་ཡུལ་སྡེ་ཁྱོན་ལ་མཆོད་ཕྲེང་སྐོར་བ་མཛད་པ་དང་། ཕྱི་དྲོ་གཡས་གཡོན་གྱི་དགོན་པ་དང་གདན་སའི་འདུས་སྤྱི་ནས་སྨོན་ལམ་ཆེན་མོ་ཚོགས་པའི་དབུས་ལུང་རིགས་པ་རྣམས་ཀྱི་གཞུང་ཆེན་དམ་བཅའ་མཆོད་འབུལ། མཚན་མོ་ལྷ་ཁང་ཆེན་མོའི་ཡངས་སྟེང་སུ་སྐུ་བསྟོད་གསོལ་འདེབས་གདངས་འདོན་མཛད་པ་སོགས་སྔར་སྲོལ་བཞིན་ནོ། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*