ཕྱུག་པོར་འགྱུར་བའི་ཐབས་ལམ་གསུམ།

ཕྱུག་པོར་འགྱུར་བའི་ཐབས་ལམ་གསུམ།

༡༽ གྲངས་གསོག ༢༽བསྲི་ཚགས། ༣༽རྒྱུན་མཐུད།
གལ་ཏེ་ཁྱོད་ཕྱུག་པོར་གྱུར་ན་འདོད་པ་དེ་དམིགས་ཡུལ་ཉག་ཅིག་ཡིན་ན་ངེས་པར་དུ་ཐབས་འདི་གསུམ་གཅེས་ནོར་དུ་འཛིན་དགོས།
དེ་སྔོན་འཛམ་གླིང་སྟེང་དཔལ་འབྱོར་གྱི་སྐས་ཐེམ་བརྒྱུད་མྱངས་པའི་འབྱོར་ལྡན་པ་དང་། ཆེད་ལས་དཔལ་འབྱོར་དངོས་རིག་ཞིབ་འཇུག་པ་དག་གིས་གྲུབ་དོན་ལྟར་ན། ཕྱུག་པོར་ཆགས་པ་ནི་རེ་བ་དང་ཡིད་ཆེས། སྙིང་སྟོབས། ཆོད་སེམས། སྟོང་ལབ་དང་འཆར་གཞི་ཁོ་ན་ཞིག་གིས་གཏན་ནས་ལེགས་འགྲུབ་འོང་མི་སྲིད་ལ། ཡང་ན་དུས་ཡུན་ཐུང་ངུ་ཞིག་དང་ཁེ་ལས་ཆེན་པོ་ཞིག་བསྒུགས་ནས་ཕྱུག་པོར་ཆགས་པ་དེ་ལས་ཀྱང་དཀའ་བས་མང་ཆེ་བ་ནི་ཐབས་འདི་གསུམ་བརྒྱུད་ན་གདོན་མི་ཟ་བར་རེ་བ་མངོན་དུ་འགྱུར་སྲིད་ཅེས་བཤད་ཡོད།

༡༽ གྲངས་གསོག
གྲངས་གསོག་ཟེར་བ་ནི་དངུལ་གྲངས་ཉུང་ངུ་ལས་གཞི་རྐང་བཙུགས་ཏེ་གསོག་དངུལ་དུ་འཇོག་དགོས་པ་ལས་ཉིན་གཅིག་ལ་དུས་གཅིག་ཏུ་དངུལ་འབོར་ཆེན་ལག་ཏུ་འཐོབ་དཀའ་བའི་དོན་ཡིན།
དེ་ལ༼སློབ་གསོའི་མན་ངག༽ལས་གཏམ་རྒྱུད་ཐུང་ངུ་འདི་འདྲ་ཞིག་མཐོང་སོང་།
ཉིན་ཞིག་གཙང་སྦྲ་ཤིན་ཏུ་མི་ལེགས་པའི་མེ་འཁོར་སྒུག་ཁང་ཞིག་ན་ལུས་ཐང་ཆད་པའི་རྒན་པོ་མདོག་ངན་ཞིག་གིས་མེ་འཁོར་ལ་བསྒུགས་ནས་འདུགཅང་མ་འགོར་བར་མེ་འཁོར་འབབ་ཚིགས་སུ་འབྱོར་ནས་ནེའུ་ཡོག་ཕྱོགས་ལ་འགྲོ་བའི་སྐུ་མགྲོན་རྣམ་པ་མྱུར་དུ་མེ་འཁོར་ལ་བུད་ཅེས་པའི་སྒྲ་བསྒྲགས་མ་ཐག་བགྲེས་པོ་དལ་བུར་མེ་འཁོར་པཱ་སེ་བཤེར་སྒོའི་ཕྱོགས་སུ་བསྐྱོད།
སྐབས་དེ་ཙ་ན་རྗེས་ཕྱོགས་ནས་བྲེལ་འཚུབ་ངང་འོང་བའི་ཤ་རྒྱགས་པའི་བུད་མེད་མགྲོན་པོ་ཞིག་ལ་ཅ་ལག་མང་བས་ཐེག་དཀའ་བ་ན། བུད་མེད་དེས་ཕར་ལྟ་ཚུར་འཁོར་ངང་མདོག་ཉམས་ཤོར་བའི་བགྲེས་པོ་དེ་མཐོང་མ་ཐག་དངོས་རྫས་སྐྱེལ་མཁན་གྱི་གླ་བ་ཞིག་ཡིན་ཐག་ཆོད་བསམས་ནས་ན་རེ། ཝེ་ཝེ་ཁྱོད་ཀྱིས་ངའི་ཀོ་ཁུག་འདི་རེམ་མ་ཁྱེར་རོགས་དང་ཨ་སྒོར་གཅིག་སྟེར་ཡ་ཞེས་ལབ་ཚེ་བགྲེས་པོ་དེས་ཅི་མི་སྙམ་པར་ཡ་ལན་བྱིན་ཏེ་ཀོ་ཁུག་ཕྲག་པར་ཁུར་ནས་མེ་འཁོར་ནང་དུ་བདེ་བར་བསྐྱལ།
མེ་འཁོར་དུ་བུད་རྗེས་བུད་མེད་དེས་དངུལ་ཆུ་འབྱིེད་ཞོར་དུ་ཨ་སྒོར་གཅིག་བླངས་ཏེ་བགྲེས་པོར་སྤྲད་ནས་ཤིན་ཏུ་བག་ལྷོད་ངང་ལབ་གླེང་བྱེད་མགོ་ཚུགས། མོས་བཤད་རྒྱུར་དེང་སང་མི་མང་ཆེ་བ་འཚོ་བའི་ཆ་རྐྱེན་ཧ་ཅང་སྡུག་པོ་རེད། སྒོར་མོ་འཚོལ་རྒྱུ་དེ་སླ་མོ་མ་རེད་ཡ། ཁྱོད་ལོ་ན་འདི་འདྲ་མཐོ་རུང་ད་དུང་སྒོར་གཅིག་རེ་ལ་བལྟས་ནས་རྒྱུག་དགོས་པ་འདི་སྙིང་རྗེ་རེད་ཅེས་ལབ། བགྲེས་པོས་ཡིད་མགུ་བའི་རྣམ་པས་ཨ་སྒོར་དེ་སྒོར་ཁུག་ཏུ་བཅུག་ནས་མགོ་གཡུག་གཡུག་བྱས་ནས་བསྡད། མེ་འཁོར་བསྐྱོད་ནས་ཅང་མ་འགོར་བར་མེ་འཁོར་མགོ་བ་དང་ལས་རེས་པ་སྐོར་ཅིག་བསླེབས་བྱུང་བས་བགྲེས་པོ་དེ་མཐོང་མ་ཐག་ཧ་ལས་པའི་རྣམ་པ་དང་ཧ་ཅང་གུས་ཞབས་ཀྱི་ཚིག་གིས་སྐུ་ཞབས་ལགས་སྐུ་ཞབས་རོ་ཁི་ཧྥེས་ལེ་ལགས། ཁྱེད་རང་ང་ཚོའི་མེ་འཁོར་དུ་བཞུགས་པ་དངོས་གནས་བསོད་ནམས་རེད་ཐུགས་རྗེ་ཆེ། སྐུ་གཡོག་ཞབས་ཕྱི་ག་རེ་སྒྲུབ་དགོས་ཞེས་ཧ་ཅང་གུས་པའི་རྣམ་པ་བསྟན་པ་ན། བུད་མེད་དེས་ཨ་སྐུ་ཞབས་རོ་ཁི་ཧྥེས་ལེ་དངོས་གནས་ཁོང་ཡིན་ནམ་ཞེས་ཧ་ལས་ཧང་སང་ངང་ཤིན་ཏུ་ངོ་ཚ་དང་འགྱོད་པས་མནར། ༼བགྲེས་པོ་དེ་ཡིན་པ་ནི་དུས་རབས་བཅུ་དགུའི་གོང་འོག་ཏུ་འཛམ་གླིང་སྟེང་གི་ཆེས་སྐད་གྲགས་ཅན་གྱི་ཕྱུག་པོ་གཅིག་པུ་དེ་ཡིན་པ་རེད།
ཁོ་ནི་འཛམ་གླིང་གི་རྡོ་སྣུམ་ཁེ་ལས་རྒྱལ་བོ་དང་། ཨ་རིའི་མིང་དུ་གྲགས་པའི་སློབ་ཆེན་གཉིས་གསར་འདེབས་གནང་མཁན་དང་། འཛམ་གླིང་ཀུན་ཕན་གྱི་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་མང་དུ་གནང་བ་སོགས་ཁོང་མ་ཟད་ཁོང་གི་མི་རབས་ཁ་ཤས་ལའང་འཛམ་གླིང་སྟེང་གི་ཆེས་མ་དངུལ་མཐོ་བའི་ཕྱུག་པོའི་གྲས་ཀྱི་གོ་གནས་འཛིན་མཁན་དེ་ཡིན།洛克菲勒 John D.Rockefeller(1839.7.8– 1937.5 23)༽བུད་མེད་དེས་བསམ་པར་འདི་འདྲའི་དགོད་བྲོ་བ་ཞིག་གནམ་འོག་འདི་ན་ཡོད་མི་སྲིད་ཅེས། ཁ་སྐྱེངས་པར་གྱུར་ནས་སྐུ་ཞབས་རོ་ཁི་ཧྥེས་ལེ་ལ་གནོང་འགྱོད་བཅས་བཟོད་གསོལ་ཡང་ཡང་ཕུལ་བ་ན།བགྲེས་པོ་དེས་བཤད་རྒྱུར་ལྕམ་མོ་ལགས་ཀྱིས་ཐུགས་ཚེགས་གནང་མི་དགོས། འདི་ནི་ང་རང་གིས་གླ་ཆ་ཡིན་པས་ངས་ལེན་འོས་པ་དང་ཁྱོད་ཀྱིས་ཀྱང་སྟེར་འོས་ཤིག་ཡིན་པས་ཁྱོད་ཀྱིས་ངོ་ཚ་བའི་བྱ་བ་ཅི་ཡང་ལས་མེད། མ་ཟད་ཨ་སྒོར་གཅིག་འདིས་ང་གཞོན་པའི་དུས་ན་ངས་འདི་ལྟར་གླ་བྱས་ནས་སྒོར་རྡོག་གཅིག་རེ་བྱས་ནས་འབད་བརྩོན་ལྷོད་མེད་ངང་བསགས་པའི་རྣམ་པ་དེ་ཡང་བསྐྱར་ཡིད་ལ་དྲན་དུ་བཅུག་བྱུང་། འདི་ནི་ངའི་འཚོ་བར་མཚོན་ན་ཕྱིར་དྲན་བྱེད་རིན་ཡོད་པ་ཞིག་ཀྱང་རེད་ཅེས་བཤད།
དངོས་བྱུང་ལོ་རྒྱུས་འདིས་བཤམས་སྟོན་བྱས་ཡོད་པ་ནི། གྲངས་གསོག་ཅེས་པའི་མིང་ཚིག་འདི་གཉིས་ལ་གསལ་བཤད་རྒྱག་གིན་ཡོད་པ་མ་ཟད། གལ་ཏེ་ཕྱུག་པོར་ཆགས་དགོས་ན་ངེས་པར་དུ་སྒོར་གཅིག་རེ་གཉིས་རེ་ཡི་རྨང་གཞིའི་སྟེང་ནས་དེ་རིང་ནས་གསོག་དགོས་པ་རེད་ཅེས་བཤད་བཞིན་ཡོད། འཛམ་གླིང་གི་ཕྱུག་པོའི་ཡང་རྩེ་སྐུ་ཞབས་རོ་ཁི་ཧྥེས་ལེས་ཀྱང་དང་ཐོག་ཟོང་བསྐྱལ་རིན་སྒོར་གཅིག་རེ་བྱས་ནས་གླ་བླངས་ནས་ཕྱུག་པོར་ཆགས་པ་རེད་ཅེས་པ་གཏམ་རྒྱུད་འདིས་ཟུར་དུ་མངོན་ཡོད།

༢༽བསྲི་ཚགས།
བསྲི་ཚགས་ཞེས་པ་ནི་གྲོན་ཆུང་གི་དོན་ཡིན། གྲོན་ཆུང་ནི་སེར་སྣ་མ་ཡིན་པར་དཔལ་འབྱོར་གཏོང་དགོས་ངེས་པའི་རིགས་ལ་གཏོང་ཕོད་ལྡན་པ་དང་། དོན་ཆུང་དང་དོན་མེད་འགྲོ་གྲོན་མ་བཏང་ཡང་ཆོག་པའི་རིགས། འགྲོ་གྲོན་ཆུང་ངུ་གཏོང་སར་ཆེ་བ་གཏོང་བ་སོགས་གཞི་ནས་མི་རུང་བར་ཧ་ཅང་ཞིབ་ཚགས་ཀྱི་བློ་གྲོས་ལྡན་དགོས་པའི་དོན། གལ་ཏེ་བསྲི་ཚགས་འདི་མེད་པ་ཡིན་ན་དེ་རིང་འབྱོར་ཡང་སང་ཉིན་ཕོངས་འགྲོ་བ་ལས་ནམ་ཡང་ཕྱུག་པོར་ཆགས་མི་ཐུབ་པར་བཤད་ཡོད།
འདི་ལའང༼སློབ་གསོའི་མན་ངག༽ལས་གཏམ་རྒྱུད་ཐུང་ངུ་ཞིག་མཐོང་བ་ནི། གྲོང་རྡལ་ཞིག་ན་རྫ་བཟོ་ཞིག་དང་འཚེམ་བཟོ་ཞིག་ཡོད། རྒྱུན་པར་རྫ་བཟོའི་ཡོང་འབབ་ཧ་ཅང་བཟང་བ་དང་ཁེ་སྤོགས་ཀྱང་མཐོ། རྫ་བཟོ་ལ་ལྟོས་ན་འཚེམ་བཟོའི་ཡོང་འབབ་ནི་བརྒྱ་ཆའི་བཞི་བཅུས་ཉུང་། ཡིན་ནའང་འཚེམ་བཟོ་ཚང་སྔོན་ནས་ཕྱུག་པོར་གྱུར་ཟིན་པར་མ་ཟད་སྡེ་བའི་ནང་གི་མིག་དཔེར་འཇོག་སའི་འབྱོར་ཆེན་དེ་ཡིན། ད་དུང་གཞན་ལ་རོགས་སྐྱོར་གྱི་བྱ་བ་མི་ཉུང་བ་ཞིག་ཀྱང་སྒྲུབ་མུས་སུ་ཡོད། རྫ་བཟོས་རྒྱུན་དུ་སེམས་སུ་ཨ་ཡ་མཚན་འཚེམ་བཟོ་ཚང་ལ་ལྟོས་ན་ངེད་ཚང་གི་ཡོང་འབབ་ཧ་ཅང་བཟང་། རེད་དེ་ཁོང་ཚང་ང་ཚོ་སྡེ་བས་ཕྱུག་པོའི་ཡར་རྩེར་ཆགས་འདུག་བསམས་ནས། རྒྱུ་རྐྱེན་ཇི་ལྟར་བཙལ་རུང་མ་རྙེད་པར་ཁོ་ཐེ་ཚོམ་བཅས་འཚེམ་བཟོ་ཚང་ལ་འདྲི་དགོས་སྙམ་ནས་སོང་། ལོ་རྒྱུས་དག་འཚེམ་བཟོ་ལ་གཅིག་གཅིག་གཉིས་གཉིས་མེད་པར་བཤད།
ཡིན་ནའང་འཚེམ་བཟོས་ལྷོད་ལྷོད་ངང་ཇ་དཀར་ཡོལ་གང་དྲངས་ནས་གཞན་ཅི་ཡང་མི་སྨྲ་བར་ཁྱོད་རང་བག་ལྷོད་དུ་ཅུང་ཙམ་བཞུགས་རོགས་ཞེས་རང་གི་ཆུང་མ་མདུན་དུ་བོས།ཅང་མ་འགོར་བར་རྩིས་ཐོ་མཐུག་པོ་ཞིག་བླངས། གློག་སྒྲོན་གསལ་བོ་དེ་བསྒྲོན་ནས། འཚེམ་བཟོ་ཁྱོ་ཤུག་ཟུང་གིས་གཟའ་འཁོར་གཅིག་གི་ནང་དུ་གྱོན་ཆས་ག་ཙམ་བཟོས་འཚོང་གི་སྐོར་དང་མ་རྩ་དང་ཁེ་སྤོགས། དུས་ཚོད་ཀྱི་འཆར་གཞི་ལྟར་གྱོན་ཆས་འགྲུབ་ཡོད་མེད། ད་དུང་ཁྱིམ་ཚང་གི་ཉོ་སྒྲུབ་ཀྱི་འགྲོ་གྲོན་སོགས་ཞིབ་ཅིང་ཕྲ་བའི་རྩིས་བརྒྱབ། རྩིས་བརྒྱབ་ཚར་མ་ཐག་གློག་སྒྲོན་གསལ་བོ་དེ་གཟིམས་ནས་རང་བཞིན་གྱི་གློག་ཅིག་བསྒྲོན། རྫ་བཟོས་ད་ནི་ང་ཕྱུག་པོར་མི་འགྲོ་བའི་རྒྱུ་རྐྱེན་བཤད་རྒྱུ་ཡིན་ནམ་སྙམ་ནས་རྣམ་པ་ཙམ་བྱས་པ་ན། འཚེམ་བཟོས་ད་དུང་བག་ལྷོད་ངང་ཁོ་རང་ཉིད་ཀྱིས་བུ་ཆུང་གི་དཔེ་ཁུག་ཅུང་རལ་ཡོད་པ་དེ་འཚེམ་རྒྱུ་བྱས་ནས་གཏམ་ལན་མ་བྱིན།
འཚེམ་གྲུབ་རྗེས་དཔེ་ཁུག་ལས་འབྲི་དེབ་ཅིག་བླངས་ཏེ་སྐུ་ཞབས་ལགས་འདི་ནི་ང་རང་གིས་རྒྱུན་པར་བུ་ཆུང་ལ་བྲིས་པའི་བཟང་པོ་སྤྱོད་པར་གདམས་པ་ཡིན། རེད་དེ་ང་རང་ཡོན་ཚད་དམའ་བས་ནོར་སྐྱོན་གང་མཆིས་བཅོས་རོགས་ཞུ། ཕ་ཡིས་ནོར་འཁྲུལ་ལས་བུ་ལ་བག་ཆགས་ངན་པ་འཇོག་སྲིད་ཅེས་བཤད། རྫ་བཟོ་ཅུང་སུན་སྣང་བཅས་ཚུར་བླངས་ཏེ་མི་འདོད་བཞིན་རོབ་ཙམ་བལྟས་པ་ན། བླང་བྱ་དོན་ཚན་ལྔ་བྲིས་འདུག་པ་ལ་ཡིག་སྐྱོན་མེད་པར་མ་ཟད་ནང་དོན་ཧ་ཅང་ལེགས་པར་མཐོང་། ཁོ་ཅུང་མཚར་སྣང་སྐྱེས་ནས་ཡང་འདུག་ཅིག་བརྒྱབ་སྟེ་བསྐྱར་བཀླགས་ཐེངས་ཤིག་བྱས་པ་ན། དོན་ཚན་གཉིས་པར་བསྲི་ཚགས་དམ་པོ་ནི་བཟང་པོ་སྤྱོད་པའི་ཡོན་ཏན་ཡིན། ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བའི་དངོས་པོ་གཏན་ནས་ཉོ་བར་མི་བྱའོ།།
ཞེས་བྲིས་འདུག་པ་དེ་མཐོང་བས་རྫ་བཟོ་གློ་བུར་དུ་འདང་རྒྱག་དགོས་པ་ཞིག་ཏུ་གྱུར་སོང་། རེ་ཞིག་ན་འཚེམ་བཟོ་ན་རེ། སྐུ་ཞབས་ལགས་ད་ནི་སྔ་རྒྱུ་མི་འདུག་ངལ་གསོ་རན་སོང་ཞེས་སྐྱེལ་མ་མཛད།
རྫ་བཟོས་ལམ་བར་ནས་བསམ་བློ་མང་པོ་འཁོར་འཁོར་ནས་ད་གདོད་རང་ཉིད་ཕྱུག་པོར་མ་ཆགས་པའི་རྒྱུ་རྐྱེན་རྙེད་སོང་། དེ་ནི་རང་ཉིད་ཀྱིས་བློ་གྲོས་དང་འབད་བརྩོན་ལག་རྩལ་སོགས་ཀྱིས་མ་འདང་བ་མ་ཡིན། ཚོང་ལས་མ་བཟང་བ་དང་ཁེ་སྤོགས་ཀྱིས་མ་ཟིན་པ་དེ་ལས་ཀྱང་མིན། ཡིན་ངོ་མ་ནི་རང་ཉིད་ཀྱིས་བསྲི་ཚགས་མ་དམ་པས་འཐུས་ཤོར་ཡིན་པ་གཞི་ནས་རྟོགས།
དེ་ནས་ཕྱིར་རང་གི་གཞིས་ཀར་བསླེབས་པ་ན་ཁྱིམ་རའི་ཕྱི་ནང་དུ་མཁོ་མེད་དུ་གློག་སྣ་ཚོགས་སྦར་འདུག སྒོའི་ཕྱི་ནང་དུ་ཅ་ལག་དང་གྱོན་ཆས་སྣ་ཚོགས་རྩེད་ཆས་གསར་རྙིང་རིགས་མི་འདྲ་བ་གང་འདོད་དུ་ཐང་མར་བརྡལ་ནས་ཡོད་པ་མིག་ལམ་དུ་གསལ་བྱུང་། ཁྱིམ་ནང་འཛུལ་བ་ན་སྒོ་འགྲམ་དུ་བྱིས་པའི་དཔེ་ཁུག་ཀྱང་གསར་རྙིང་ལྔ་དྲུག་ཅིག་གཡུགས་ནས་འདུག རྫ་བཟོའི་སེམས་དངངས་འཚུབ་ཅིག་བྱུང་སྟེ་ཨ་ཡ་མཚན་ད་བར་དུ་ངས་འདི་དག་མིག་ལ་མ་ཐོགས་པ་ཅི་ཡིན་ནམ་སྙམ་ནས་ཞིབ་ཏུ་ཁྱིམ་ནང་ཉུལ། དེ་བཞིན་དུ་སྤྱོད་རིན་ཡོད་མེད། མཁོ་མི་མཁོ། ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བའི་གྱོན་ཆས། བཟའ་བཏུང་། ཡོ་བྱད། རྩེད་ཆས་སོགས་ཀྱིས་ཁང་པའི་ནང་གང་སར་ཁེངས་འདུག་པ་མཐོང་། ནམ་རིང་བའི་མཚན་མོ་དེར་རྫ་བཟོས་གནས་ལུགས་མང་པོ་ཞིག་རྟོགས་སོང་བར་མ་ཟད་ཁོ་ལ་མཚོན་ན་ཕྱུག་པོའི་ལམ་གར་བསྐྱོད་མགོ་བརྩམས་པའི་ཉིན་དང་པོར་ཡང་ཆགས་སོང་བ་རེད།
གཏམ་རྒྱུད་འདིས་ནི་བསྲི་ཚགས་ལ་འབྲེལ་བཤད་རྒྱག་གིན་ཡོད་པར་མ་ཟད། འཚོ་བའི་གཏོང་དངུལ་ལ་ཚོད་འཛིན་དང་རྩིས་རྒྱག་མེད་པ་ཡིན་ན་ཚོང་ལས་འོང་འབབ་བཟང་ཡང་དེ་ནམ་དུའང་ཕྱུག་པོར་ཆགས་མི་སྲིད་པ་ར་སྤྲོད་གནང་གིན་འདུག གལ་ཏེ་ཕྱུག་པོར་གྱུར་པ་འདི་ཁྱོད་ཀྱིས་ཕུགས་བསམ་ཞིག་ཡིན་ན་ཅིས་ཀྱང་འཚོ་བ་ནི་བསྡོམས་རྩིས་རང་བཞིན་དང་བསྲི་ཚགས་དམ་པོས་འགྲོ་དགོས་པ་ཞིག་དང་། བསྲི་ཚགས་ནི་སེར་སྣ་མ་ཡིན་པར་བློ་གྲོས་ལྡན་པའི་མིས་འབྱོར་བ་སྤྱོད་སྟངས་ཤིག བག་མེད་ཀྱི་སྔོན་འགོག་ནི་མི་ཚེ་དོན་ལྡན་དུ་གཏོང་བའི་ཐབས་ལམ་ཉག་ཅིག་ཡིན།

༣༽ རྒྱུན་མཐུད།
རྒྱུན་མཐུད་ཟེར་བ་ནི་འབད་བརྩོན་ངང་རྒྱུན་འཁྱོངས་བྱ་དགོས་པའི་དོན་ཡིན། རྒྱུན་མཐུད་པ་ནི་ཕྱུག་པོར་ཆགས་པའི་ཆ་རྐྱེན་ཕྱེད་ཙམ་ཡིན།
དེ་ཡང༼སློབ་གསོའི་མན་ངག༽ལས་གཏམ་རྒྱུད་ཅིག་མཐོང་བ་ནི། ནེ་ཧ་ཟེར་བའི་མི་ཞིག་ཡོད་པ་དེ་ནི་ཉིན་མཚན་བར་མེད་དུ་ཕྱུག་པོར་ཇི་ལྟར་ཆགས་པར་བསམ་བློ་སྣ་ཚོགས་གཏོང་མཁན་ཞིག་ཡིན། བསམ་བློ་འཁོར་འཁོར་ནས་དུས་ཡུན་ཐུང་ངུའི་ནང་ངེས་པར་དུ་ཁྱིམ་ཚང་འདི་ཕྱུག་པོར་ཆགས་པ་ལ་ཐབས་གཅིག་ལས་མི་འདུག་སྙམ། ཐབས་དེ་ནི་གསེར་འགྱུར་གྱི་གདམས་པ་ཤེས་སུ་འཇུག་རྒྱུ་དེ་རེད། དེ་ཤེས་པ་ཡིན་ན་ཉིན་གཅིག་དུས་གཅིག་ལ་དངོས་པོ་ཚང་མ་གསེར་དུ་བསྒྱུར་ནས་ཕྱུག་པོ་དཔེ་མེད་པ་ཞིག་ཆགས་ཐུབ་པ་ཐག་ཆོད་རེད་བསམས། ནེ་ཧ་ཡིས་འཆར་གཞི་དེ་ལག་བསྟར་དུ་ཕབ་ཆེད་ཁྱིམ་རྒྱུ་སྒོར་ལ་བརྗེས་ནས་གསེར་འགྱུར་གདམས་པ་བསླབས། མ་ཟད་ཆུང་མ་བུ་ཕྲུག་བཅས་ཀྱིས་སོ་ནམ་བསྐྱུར་ཏེ་ལས་དེ་ལ་རམ་འདེགས་བྱ་བར་གདམས། ཁོ་ནི་མི་ཧ་ཅང་བརྩོན་ཐུབ་ཅིག་ཡིན་པས་ལས་དེ་ལས་ཕྱིར་ལྡོག་མེད་པའི་དམ་བཅའ་བཞག བསྟུད་མར་ལོ་ལྔར་འབད་པ་ལྷུར་བླངས་ཀྱང་འབྲས་བུ་ཅི་ཡང་མ་རྙེད། སྐབས་དེར་ཁོ་རང་གི་ལུས་ཟུངས་ཟད་པ་དང་ཁྱིམ་ཚང་གི་འབྱོར་བ་དམའ་སར་ལྷུང་ནའང་ཁོས་ད་དུང་མི་མཐུད་དུ་འབད་བརྩོན་བྱས། སྣང་ཚུལ་ངན་པ་དེ་ཆུང་མས་མ་བཟོད་པར་རང་གི་ཕའི་གམ་དུ་ལོག་ནས་གནས་ཚུལ་ཇི་བཞིན་བཤད། ཕས་ཡུད་ཙམ་ལ་བསམ་བློ་བཏང་རྗེས་མག་པ་མདུན་དུ་བོས་ནས་འགྱུར་རྩི། སྡེབ་ཁ་གོ་རིམ་སོགས་ལ་རྒྱུས་ལོན་རོབ་ཙམ་གནང་སྟེ་འདི་ལྟར་བཤད། གཅེས་པའི་མག་པ་ལགས་ཁྱོད་ནི་མི་བརྩོན་འགྲུས་ཧ་ཅང་ཆེ་བས་མི་འགྲུབ་པའི་བྱ་བ་ཅི་ཡང་མེད། ཡིན་ནའང་གསེར་འགྱུར་སྡེབ་ཁའི་ནང་དུ་རྫས་སྣ་གཅིག་ཆད་འདུག་ཅེས་བཤད་མ་ཐག ནེ་ཧ་ཡིས་མིག་ཟུང་འོད་ཀྲིག་ཀྲིག་སྒྱུག་པོའི་གདོང་ལ་ལྟ་བཞིན་དེ་གང་རེད་དེ་གང་རེད་ཟེར་བ་ན། སྒྱུག་པོ་ན་རེ་དེ་ནི་ཏག་ཏག་ཁྱོད་ཀྱིས་གསེར་འགྱུར་མ་ཤེས་པའི་རྒྱུ་རྐྱེན་གཅིག་པོ་རེད་ཟེར་ཞོར་སྐད་དམའ་མོས་རྫས་དེ་ནི་ངང་ལག་གི་ཕྱི་ངོས་སུ་ཆགས་པའི་བ་སྤུ་རེད། ཉུང་མཐར་ཡང་རྒྱ་མ་དྲུག་ཙམ་དགོས། ངང་ལག་དེ་གཞན་ལག་ནས་ཉོ་མི་རུང་ངེས་པར་རང་གིས་འདེབས་འཛུགས་བྱས་པ་ལས་ལེན་དགོས། དེ་ལྟར་བྱས་ན་གསེར་འགྱུར་འགྲུབ་པ་ལ་ཐེ་ཚོམ་མེད་ཅེས་གདམས།
ནེ་ཧ་དགའ་ཐག་ཆོད་ནས་དེ་ནས་བཟུང་ཁོ་རང་གི་ས་ཞིང་མ་ཟད་རི་ལུང་ཀུན་ནས་ས་རྒོད་ཁྱོན་ཆེན་བསློགས་ཏེ་ངང་ལག་བཏབ།བསྟུད་མར་འབད་དེ་ལོ་ལྔ་འགོར་བ་ན་བ་སྤུའི་རྫས་སྦྱོར་རྒྱ་མ་དྲུག་ཙམ་འགྲུབ་སོང་། བ་སྤུ་རྒྱ་མ་དྲུག་པོ་ཐོགས་ཏེ་སྒྱུག་པོའི་མདུན་སར་ཕྱིན་ནས་ད་ནི་སྡེབ་སྦྱོར་ཅི་ལྟར་གཏོང་དགོས་ཞེས་ལབ་པ་ན། སྒྱུག་པོའི་གདོང་ཅུང་འཛུམ་གྱིས་ཁེངས་ཏེ་སྨ་ར་བྱིལ་བཞིན་ན་རེ། ད་ནི་ཁྱོད་ཀྱིས་གསེར་འགྱུར་གྱི་གདམས་པ་ཤེས་ཟིན་པ་རེད་ཟེར་བཞིན་ནེ་ཧའི་ལག་པས་བཟུང་སྟེ་མཛོད་ཁང་དུ་ཁྲིད་སོང་། ལྡེ་མིག་ཅིག་གཏད་ནས་སྒམ་འདིའི་ནང་ན་ཡོད་ཅེས་བཤད། ནེ་ཧས་མྱུར་མོར་ཁ་ཕྱེས་རྗེས་སྒམ་དེ་ནི་སེར་ལམ་ལམ་གྱི་གསེར་གྱིས་ཁེངས་འདུག
སྒྱུག་པོ་ན་རེ་ཁྱོད་ཀྱིས་ལོ་ལྔའི་འབད་བརྩོན་ལས་རྙེད་པའི་ངང་ལག་དག་ལོ་ལྟར་ཆུང་མ་དང་བུ་ཕྲུག་གཉིས་ཀྱིས་ཚོང་རར་བཙོང་བའི་རིན་གྱིས་གསེར་འདི་དག་བསགས་པ་རེད། ད་ནི་ངང་ལག་གི་བ་སྤུ་དག་སར་གཡུག་ལ་གསེར་འདི་དག་གིས་འཚོ་བ་རོལ་ཅེས་གདམས། སྐབས་དེར་ནེ་ཧས་ད་གདོད་ཡོད་ཚད་གཞི་ནས་ཧ་གོ་སོང་བར་མ་ཟད་སྒྱུག་པོ་ཡི་ཐབས་ལམ་ལ་སེམས་གཏིང་ནས་ཡིད་སྨོན་ཤོར།
ཁབ་བསགས་ནས་འབིག་དང་། འབིག་བསགས་ནས་གྲི་བརྡུང་དགོས་ཟེར་བ་ལྟར། གཏམ་རྒྱུད་འདིས་ནི་བྱ་བ་གང་ལ་ཡང་འབད་བརྩོན་དང་རྒྱུན་མཐུད་ཐུབ་པ་ཡིན་ན་མི་འགྲུབ་པའི་ལས་གང་ཡང་མེད་པར་མ་ཟད། ཕྱུག་པོར་ཆགས་པའི་རྒྱུ་རྐྱེན་གཙོ་བོའང་རྒྱུན་བསྲིང་ཐུབ་པ་འདི་ཡིན་པར་གདམས་ཡོད། ནེ་ཧས་ཐབས་ལམ་དེ་འདྲའི་བབས་ཆགས་ཤིག་མིན་ནའང་འབད་བརྩོན་དང་རྒྱུན་བསྲིངས་པ་ལས་མཐར་ཕྱུག་པོར་ཆགས་སོང་བ་གཏམ་རྒྱུད་འདིའི་ཟུར་དུ་མངོན་ཡོད།
དེས་ན་ཐབས་འདི་གསུམ་ལག་ལེན་དུ་འཁྱོངས་པའི་མི་ནི་ནམ་ཡང་ཕྱུག་པོ་ཕྱུག་རྐྱང་ཡིན།རྨེ་གྲྭ་ཚེ་རིང་བསམ་འགྲུབ །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*