མཐུན་པོ་དང་འཆམ་པོ་གནང་རོགས།

ཕྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༠༩ ནས་ ༡༡ བར་ཡུ་རོབ་ཀྱི་རྒྱལ་ཁབ་བྷེལ་ཇམ་ནང་དུ་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་དེ་ཚོགས་གནང་སོང་། སྨོན་ལམ་གྱི་ཚོགས་མགོན་དུ་རིས་མེད་བསྟན་པའི་བདག་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་མཛད་པ་མ་ཚད། གང་གི་རིགས་དང་ཆོས་ཀྱི་རྒྱལ་ཚབ་དམ་པ་༸སྐྱབས་མགོན་༸གོང་མ་འཁོང་གདུང་སྐུ་གཞོན་རིན་པོ་ཆེ་དང་། ༸སྐྱབས་རྗེ་འཇིགས་མེད་མཁྱེན་བརྩེ་རིན་པོ་ཆེ་རྣམ་གཉིས་ཀྱི་དབུས་རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་མཁན་པོ་དང་། སྤྲུལ་སྐུ། སློབ་དཔོན་སོགས་གྲྭ་བཙུན་བརྒྱ་སྐོར་ཞིག་དང་། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་གཙོས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མི་འདྲ་བ་སུམ་ཅུ་ལྷག་ནས་ཚོགས་བཅར་བ་ཁྱོན་ཉིས་སྟོང་ལྷག་ཙམ་ཞིག་འདུ་འཛོམས་གནང་སོང་།

སྨོན་ལམ་ཚོགས་པའི་མཛད་རིམ་ནང་གསལ་བཞིན། ཉིན་དང་པོར་ཉིན་གང་ལ་སྨོན་ལམ་གྱི་རྒྱལ་པོ་འཕགས་པ་བཟང་པོ་སྤྱོད་པ་དང་། རྒྱུད་ཀྱི་རྒྱལ་པོ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་གཉིས་གཙོ་བོར་བཟུང་ནས་ཞལ་འདོན་གསུངས་སོང། 

ཉིན་གཉིས་པར་༸སྔ་དྲོའི་ཚོགས་ཐུན་ཆ་ཚང་ལ་སྨོན་ལམ་གསུངས་བ་དང་། ཉིན་རྒྱབ་ཀྱི་ཚོགས་ཐུན་གཅིག་དེར་སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང་། རླབས་ཆེན་ཆོས་སྲིད་ཀྱི་མཛད་འཕྲིན་མཐའ་དག་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་སོགས་ལེགས་ཚོགས་ཀྱི་སྒོ་དུ་མའི་ཆེད་དུ་དམིགས་ནས། ཡུ་རོབ་དཔལ་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་ནས་བརྟན་བཞུགས་ཤིག་འདེགས་འབུལ་གནང་སོང་།

ཉིན་གསུམ་པར་སྔ་དྲོའི་ཚོགས་ཐུན་ཆ་ཚང་ལ་སྔར་བཞིན་སྨོན་ལམ་གསུངས་བ་དང་། ཉིན་རྒྱབ་ཆུ་ཚོད་གཉིས་པ་ཙམ་དུ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཚོགས་ཁང་དུ་ཞབས་སོར་འཁོད་ནས་མི་མང་སྟོང་གསུམ་མན་ཙམ་ཞིག་ལ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ཚེ་དབང་ལོ་བརྒྱ་མ་བཀའ་དྲིན་བསྩལ་གནང་མཛད་སོང་།

དབང་གི་ཡན་ལག་བདུན་པ་སོགས་དབང་དོན་ཆ་ཚང་རིན་པོ་ཆེ་གང་ཉིད་ནས་བོད་སྐད་དང་དབྱིན་སྐད་གཉིས་ཀྱི་ལམ་ནས་ངོ་སྤྲོད་མཛད་པ་དང་འབྲེལ་དམིགས་གསལ་རང་རིགས་བོད་པ་ཚོར་འཆམ་པོ་དང་མཐུན་པོ་བྱེད་ནས་འདུག་དགོས་རྒྱུ་དེ་གནད་འགག་ཆེ་ཤོས་ཡིན་སྐོར་གསུངས་སོང། མ་ཚད་ཚེ་དབང་ཞུ་རྒྱུ་དེ་ཚེ་རིང་པོར་འདུག་ཡའི་ཆེད་དུ་རེད། འོན་ཀྱང་ཚེ་ག་ཚོད་རིང་ནའང་དེ་ཙམ་གྱི་དགེ་རྩ་དང་གཞན་ཕན་གྱི་བྱ་བ་མང་ཙམ་སྒྲུབ་དགོས་རྒྱུ་ལས། གཞན་ཆགས་སྡང་རྨོང་གསུམ་གྱི་དབང་དུ་ཤོར་སོང་བ་ཡིན་ན་ཚེ་རིང་པོ་འཚོ་ནའང་འབྲས་བུ་གང་ཡང་མ་བྱུང་བ་རེད་ཅེས་སོགས་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་སོང་།

བཀའ་སློབ་གྲུབ་མཚམས་མང་ཚོགས་རེ་རེ་བཞིན་དུ་མཇལ་ཁ་བཏང་ནས་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་དེ་བཞིན་བཀྲ་ཤིས་པའི་ངང་དུ་འཇུག་གྲོལ་སོང་། ལོ་རྗེས་མའི་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ཆེན་མོ་ཐེངས་གཉིས་པ་དེ་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥན་རན་སིའི་གྲོང་ཁྱེར་པཱ་རི་སེར་འཚོགས་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།།

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*