དགེ་བཤེས་འཇམ་དཔལ་བློ་བཤེས་ལ་སྲིངས་པའི་མུན་སེལ་ཉི་མའི་གཉེན།

དགེ་བཤེས་འཇམ་དཔལ་བློ་བཤེས་ལ་སྲིངས་པའི་མུན་སེལ་ཉི་མའི་གཉེན།

 མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ནས།  

དགེ་བཤེས་འཇམ་དཔལ་བློ་བཤེས་ཞེས་པའི་དགེ་བཤེས་ཕྱོགས་རིས་ཅན་དང་བློ་རིག་ཕྲ་བ་གཅིག་གིས་ལྟ་ཚུལ་དང་བཤད་ཚུལ་ཕྱོགས་རེ་བའི་དྲན་གཏམ་གསར་བསྐྱེད་ཀྱིས་ཚད་མ་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་ཞེས་པའི་དཔྱད་རྩོམ་ཞིག་དེ་རིང་བདག་གིས་མཐོང་།   སྤེལ་དུས།  2016-12-18 18:53:43     དགེ་བཤེས་ཀྱིས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཞེས་མདོ་སྔགས་རིག་གནས་ཀུན་ལ་མཁས་པའི་ཡང་རྩེར་ཕེབས་པ་ཁོང་གིས་ཚད་མ་རིག་གཏེར་རྩ་འགྲེལ་མཛད་པ་དང་།  ཁོང་གི་སློབ་མ་འུ་ཡུག་པ་རིག་པའི་སེང་གེས་རྣམ་འགྲེལ་རིག་མཛོད་མཛད་པ་སོགས་ལས་སྐབས་དེར་དཔལ་ས་སྐྱ་པའི་ནང་དུའང་ཚད་མ་རིག་པའི་འཆད་ཉན་དར་སྲོལ་ཆེ་ཙམ་བྱུང་ཚོད་འདུག་མོད།    དེའི་རྗེས་ནས་ཚད་མ་རིག་པ་འདི་ཡུལ་ལ་བལྟོས་ཏེ་དགོས་པ་མེད་པ་དང། བརྗོད་བྱ་ལ་བལྟོས་ཏེ་དགོས་པ་མེད་པ་དང་།    དགོས་པ་ཡོད་ཀྱང་དམན་པར་སྨྲ་བ་སོགས་ཀྱིས་འཆད་ཉན་ལ་སྤྲོ་བ་ཉམས་ཏེ། བོད་ཀྱི་གྲུབ་མཐའ་ཕར་ཆེ་བར་ཚད་མ་རིག་པའི་འཆད་ཉན་ནི་ཤིན་ཏུ་ཉམ་ཐག་པར་གྱུར།

སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས། སྐབས་དྲུག་པའི་པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་ཚོགས་འདུ་ཐེངས་གཉིས་པའི་དཔྱད་རྩོམ་དུ། ཕྱི་ལོ་༢༠༡༦ལོའི་ཟླ་༥ཚེས་༡༩ཉིན་བྲིས་པ་དགེའོ། ཞེས་འབྱུང་པོའི་བྱས་སྐད་ཐལ།

མ་མཇལ་རིག་གྲོགས་ལགས། ཁ་བ་གངས་ཅན་པའི་མཁས་གྲུབ་ཀུན་གྱི་གཙུག་རྒྱན་འཇམ་མགོ་བླ་མ་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་ཚད་མ་རིགས་གཏེར་འདིས་ཚད་མ་སྡེ་བདུན་གྱི་དགོངས་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་ཚད་མའི་རིན་ཐང་དང་བོད་ཀྱི་ཕྱིས་བྱུང་མཁས་པ་རྣམས་ཀྱིས་བསྟན་བཅོས་འདི་ལ་འགྲེལ་བ་ཅི་ཙམ་མཛད་ཡོད་མེད། ཁྱད་པར་དུ་རི་བོ་དགེ་ལུགས་པའི་ཕྱོགས་སུ་ཚད་མ་རིགས་གཏེར་ད་ལྟའི་བར་དུ་འཆད་གཉེར་དར་སྤེལ་ཇི་ཙམ་ཡོད་མེད་མ་ཤེས་པར་ཤ་རེ་ཚ།  ཁྱེད་ལ་བཤད་འདོད་པ་ནི་ཚད་མ་རིགས་གཏེར་གངས་ལྗོངགས་སུ་དར་སྤེལ་བྱུང་ཚུལ་དང་ད་ལྟའི་བར་དུ་མི་ཉམས་པར་ཡོད་ཚུལ་ལྟ་བུ་ལས་གཞན་གོ་རྟོགས་ཀྱི་བློ་སྐྱེད་ལས་བརྒལ་བའི་འཕྲོས་བཤད་ཡེ་ནས་མི་འདོད། དེའི་ཕྱིེར་

འཇམ་མགོན་ས་པཎ་གྱིས་མཛད་པའི་ཚད་མ་རིགས་གཏེར་ནི་རྒྱ་གཞུང་ལ་མ་བསྟེན་པར་བོད་པ་རང་གིས་མཁས་པས་བསམ་བློས་རྩལ་ལས་འཁྲུངས་པའི་བརྩམས་ཆོས་ཚད་མའི་བསྟན་བཅོས་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་མ་ཟད།  རྒྱ་དཔེ་བོད་ལ་བསྒྱུར་བ་མང་ཡང་། བོད་དཔེ་རྒྱ་ལ་བསྒྱུར་བ་ཚད་མ་རིགས་གཏེར་ཁོ་ནའོ། ཞེས་པའི་གདམས་ཚིག་འདི་གོ་ཨེ་མྱོང་ལགས།   བསྟན་བཅོས་འདི་བརྩམས་རྗེས་དེའི་སློབ་རྒྱུད་འཛིན་པ་བོད་ཙམ་དུ་མ་ཟད་རྒྱ་གར་དང་སོག། ཁ་ཆེ་སོགས་ཀྱི་ཡུལ་གྲུ་ལ་འཆད་གཉེར་བྱུང་ཡོད།  བོད་ཀྱི་ཚད་མ་རིག་པ་འཕེལ་རྒྱས་འགྲོ་བར་གལ་ཆེའི་ནུས་པ་ཐོན་ཡོད་པར་སྔོན་བྱོ་གངས་ཅན་པའི་མཁས་གྲུབ་དམ་པ་ཚོས་ཡང་ཡང་བསྔགས་བརྗོད་དང་ཁྱད་པར་དུ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་དང་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་བོད་དུ་དེང་སང་གི་བར་དུ་ཚད་མ་རྣམ་འགྲེལ་དར་སྤེལ་བྱུང་བ་ནི་འཇམ་མགོན་ས་པཎ་དང་ཁོང་གི་སློབ་མ་འུ་ཡུག་པ་རྣམ་གཉིས་ཀྱི་བཀའ་དྲིན་ཡིན་ཞེས་བསྔགས་བརྗོད་དང་གདེང་འཇོག་གནང་ཡོད།  དེ་བཞིན་དུ་ཚད་མ་རིགས་གཏེར་ལས། གངས་རིའི་ཁྲོད་འདིར་མཁས་པའི་རྒྱུ་སྐར་བྱེ་བ་བརྒྱས། ། དཔལ་ལྡན་གྲགས་པའི་གསུང་རབ་པདྨོ་ཁ་ཕྱེ་མོད། ། གང་བློའི་ཉི་འོད་སྣང་བས་མ་ཁྱབ་དེ་སྲིད་དུ། ། གཞུང་ལུགས་དགོངས་དོན་གེ་སར་སྙིང་བོ་གསལ་མ་ནུས། ། ཞེས་བོད་སྔ་རབས་པ་རྣམས་ཀྱིས་ཚད་མ་སྡེ་བདུན་གྱི་དགོངས་པ་ཡོངས་སུ་ལོན་མེད་ཚུལ་གསུངས་འདུག་ལ། དེ་བཞིན་དུ་རིགས་གཏེར་ལ་ཉེ་བར་མཁོ་བ་མཐའ་གཉིས་གསལ་བྱེད་ལས། མདོ་དང་སྡེ་བདུན་སྨྲ་བའི་གཞུང་དེ་དག། གངས་ཅན་སྐྱེས་བུའི་རྒྱན་དུ་སྔོན་བྱུང་བ། ། ཕལ་ཆེར་འགྲེལ་བཤད་བྱེད་པའི་སློབ་དཔོན་དང་། ། མི་མཐུན་རང་གི་རྣམ་དཔྱོད་གཙོར་བྱས་ཏེ། ། གཞུང་དོན་འབྱེད་པའི་སྤོབས་པ་ཐོབ་པ་མང་། ། ལུགས་དེ་དག་ཀྱང་ཁུངས་དང་མ་འབྲེལ་ཞིང་། ། ཀུན་རྟོག་རང་བཟོར་བཅས་པ་མང་བས་ན། ། བོད་ཡུལ་རྒན་པོ་དག་གི་ལུགས་དོར་ནས། ། སྨྲ་བའི་ཉི་མ་ཆོས་རྗེ་པཎྜི་ཏས། ། རིགས་གཏེར་རིགས་པའི་འོད་སྣང་ཀུན་ལ་བཤད། ། ཅེས་གསུངས།  ཁྱད་པར་དུ་རིགས་པའི་གཙོ་བོ་མཐའ་བྲལ་དབུ་མའི་གཞུང་ལས་འབྱུང་ཞིང་། གཞུང་དེ་ཉིད་རྟོགས་པ་ལ་ཡང་རྣམ་འགྲེལ་མཛད་པའི་གཞུང་ལ་རག་ལས་པར་དགོངས་ནས། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་བཤད་པ་སླར་ཡང་དར་ཞིང་རྒྱས་པར་བྱ་བའི་ཕྱིར་དང་། ས་པཎ་གྱིས་སྐབས་དེར་བོད་སྔ་རབས་མཁས་པ་རྣམས་ཀྱིས་ཚད་མ་སྡེ་བདུན་གྱི་དགོངས་པ་ཡོངས་སུ་ལོན་མེད་པ་དང་།  རྔོག་བློ་ལྡན་ཤེས་རབ་དང་ཕྱྭ་བ་ཆོས་ཀྱི་སེང་གེ་ནས་བརྒྱུད་པའི་བོད་ཀྱི་ཚད་མའི་འཆད་ཉན་འཕེལ་རྒྱས་ནས་ཉམས་རྒུད་དུ་འགྲོ་བཞིན་པའི་གནས་བབ་གཟིགས་ནས་ཚད་མའི་འཆད་ཉན་ཉམས་པ་སླར་གསོ་དང་ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་ཚད་མ་རྣམ་འགྲེལ་གྱི་འཆད་ཉན་རྒྱ་ཆེར་སྤེལ་བ་མ་ཟད། ནང་སྒོས་ཆོས་གྲགས་ཡབ་སྲས་གཉིས་ཀྱི་དགོངས་པ་ཡང་དག་པ་དེ་བོད་དུ་ཤུགས་ཆེར་སྤེལ་བའི་པྱིར་རབ་བྱེད་བཅུ་གཅིག་གི་བདག་ཉིད་ཅན་ཚད་མ་རིགས་གཏེར་འདི་ཉིད་མཛད་ནས་ད་ལྟའི་བར་དུ་ས་དགེ་བཀའ་རྙིང་སོགས་སུ་མི་ཉམས་འཆད་གཉེར་གནང་མུས་ཡིན་པར་དགེ་བཤེས་ལགས་ཀྱིས་མི་གཟིགས་སམ།

བོད་ཀྱི་ས་དགེ་བཀའ་རྙིང་སོགས་ཀྱི་ཆོས་གྲྭར་ཚད་མའི་འཆད་ཉན་གཙོ་བོ་བརྒྱུད་པ་གཉིས་ལས་ད་ལྟའི་བར་རྒྱུན་འཛིན་ཡོད་པ་ནི། བཀའ་གདམས་གསང་ཕུ་དགོན་ནས་བརྒྱུད་པའི་འཆད་རྒྱུན་དང་། དཔལ་ས་སྐྱ་དགོན་ནས་བརྒྱུད་པའི་འཆད་རྒྱུན་ལས་མེད་པ་ཚིག་ཐག་གཅོད་པས་བཤད་ཐུབ་ཡིན། དེ་ལས་དར་ཁྱབ་ཧ་ཅང་ཆེ་བ་ནི་འཆད་རྒྱུན་ཕྱི་མ་སྟེ་སྤྱི་ལོ་དུས་རབས་བཅུ་གཉིས་པར། ས་སྐྱ་པཎ་ཆེན་གྱིས་ཁ་ཆེ་པཎ་ཆེན་སོགས་རྒྱ་གར་པཎ་ཆེན་དག་ལས་ཚད་མ་རྣམ་འགྲེལ་དཔྱིས་ཕྱིན་པར་བསླབས་ཏེ། རབ་བྱེད་བཅུ་གཅིག་གི་བདག་ཉིད་ཅན་ཚད་མ་རིགས་གཏེར་རང་འགྲེལ་དང་བཅས་པ་བརྩམས་མཛད་ནས་འཆད་ཉན་རྒྱ་ཆེར་སྤེལ། ས་པཎ་གྱི་སློབ་མ་འུ་ཡུག་པ་རིགས་པའི་སེང་གེས་ས་སྐྱར་ས་པཎ་ལ་རྣམ་འགྲེལ་གསན་ནས་དེར་བཤད་པ་མཛད་པ་དང་འཆད་གཉེར་དར་སྤེལ་ཕྱིར་མཁས་པ་ཆེན་པོ་ཞང་མདོ་སྡེ་དཔལ་དང་འཇམ་དབྱངས་སྐྱ་བོ་དང་ཉ་དབོན་ཀུན་དགའ་དཔལ་ལ་སོགས་སློབ་མ་མང་དུ་བྱུང་ནས་འཆད་ཉན་རྒྱ་ཆེར་སྤེལ་ཏེ།  དུས་ཕྱིས་གསང་ཕུ་དགོན་དུ་ས་སྐྱ་ནོར་བཟང་དང་ཉ་དབོན་ཀུན་དགའ་དཔལ་སོགས་ནས་བརྒྱུད་པའི་ཚད་མ་རྣམ་འགྲེལ་གྱི་འཆད་ཉན་དར་སྤེལ་བྱུང་བས་འགོས་ལོ་ཙཱ་བ་གཞོན་ནུའི་དཔལ་གྱིས། དེང་སང་གི་བར་དུ་རྣམ་འགྲེལ་དར་བའང་པཎ་ཆེན་དང་ཁོང་རྣམ་གཉིས་ཀྱི་དྲིན་ཡིན་གསང་ཕུ་བ་རྣམས་ཀྱང་ཁོ་བོ་གཞོན་པའི་དུས་སུ་རྣམ་ངེས་ཀྱི་བདག་པོ་མཛད་པ་ལས་དེང་སང་རྣམ་འགྲེལ་བར་གྱུར་ཏོ་གསུངས། འཇམ་མགོན་ས་པཎ་དང་འུ་ཡུག་པ་རིགས་པའི་སེང་གེ་གཉིས་ལ་ཧ་ཅང་གིས་རྣམ་འགྲེལ་དར་སྤེལ་དར་པྱིར་དུ་བཀའ་དྲིན་ཆེན་པོ་ཡིན་པར་བསྔགས་བརྗོད་གནང་འདུག     ས་པཎ་གྱིས་རིགས་པའི་དབང་ཕྱུག་ཕྱོགས་གླང་དང་ཆོས་གྲགས་རྣམ་གཉིས་ཀྱི་ཚད་མའི་བསྟན་བཅོས་ཚད་མ་ཀུན་བཏུས་དང་ཚད་མ་རྣམ་འགྲེལ་དུ་བརྗོད་བྱ་སིལ་བུར་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ལེའུ་བཅུ་གཅིག་གི་བདག་ཉིད་ཅན་ཚད་མ་རིགས་གཏེར་རང་འགྲེལ་བཅས་པ་མཛད་ནས། བོད་ཡུལ་དུ་ཚད་མའི་འཆད་ཉན་གྱི་མཁའ་དབུགས་གསར་བ་ཞིག་ཏུ་བསྒྱུར་ཏེ།  དེང་སང་བར་དུ་ས་དགེ་བཀའ་རྙིང་སོགས་སུ་འཆད་གཉེར་ཡོད་པ་མ་ཟད་རི་བོ་དགེ་ལུགས་པའི་ཕྱོགས་སུ་ཚད་མ་རིག་པའི་འཆད་ཉན་དང་གཞུང་འགྲེལ་གྱི་རྒྱུན་སྲོལ་མ་ཉམས་པར་འཕེལ་རྒྱས་འགྲོ་ཡོད། བོད་ཡུལ་དུ་སྔོན་བྱོན་ནས་ད་ལྟའི་བར་དུ་འགྲེལ་པ་མང་ཤོས་ཚད་མ་རིགས་གཏེར་འདི་ཉིད་ཡིན།

༡ འུ་ཡུག་པ་རིག་པའི་སེང་གེས་(༡༣༧༥—༡༢༥༣) རིགས་གཏེར་གྱི་རྣམ་བཤད་ལ་རིགས་པ་གྲུབ་པ།   ཞེས་པའི་འགྲེལ་བ་མཛད།

༢ བོ་དོང་ཕྱོགས་ལས་རྣམ་རྒྱལ་(༡༣༧༥—༡༤༥༡)གྱིས་རིགས་གཏེར་གྱི་ཊཱིཀྐ་ཚད་མ་བསྡུས་པ་ཞེས་པ་མཛད། ༣ བླ་མ་དམ་པ་བསོད་ནམས་རྒྱལ་མཚན་(༡༣༡༢—༡༣༧༥)གྱིས་ཚད་མ་རིག་གཏེར་གྱི་དགོངས་པའི་རྒྱུད་འཛིན་མདོར་བསྡུས་ཞེས་པའི་འགྲེལ་བ་མཛད།

༤ གཡག་སྟོན་སངས་རྒྱས་དཔལ་གྱིས་ས་སྐྱར་གདན་ས་མཛད་དུས་སྡེ་བདུན་གྱི་དགོངས་འགྲེལ་ཚད་མ་རིག་གཏེར་གྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་རིགས་པའི་འོད་སྣང་འཕྲོ་བ་ཞེས་པའི་འགྲེལ་བ་མཛད། ༥ རོང་སྟོན་ཤེས་བྱ་ཀུན་རིག་(༡༣༦༧—༡༤༤༩)གིས་ཚད་མ་རིགས་པའི་གཏེར་གྱི་རྣམ་བཤད་ཉི་མའི་སྙིང་པོ་ཞེས་པའི་འགྲེལ་བ་མཛད། ༦ གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་(༡༤༢༨—༡༥༠༧)གྱིས་ཚད་མ་རིག་གཏེར་གྱི་འགྲེལ་བ་རྟོག་གེའི་འཁྲུལ་འཇོམས་ཆེན་མོ་དང་ཚད་མ་རིགས་པའི་གཏེར་གྱི་རྣམ་པར་བཤད་པ་སྡེ་བདུན་ངག་གི་རོལ་མཚོ། ཚད་མ་རིགས་པའི་གཏེར་གྱི་དགོངས་རྒྱན་རིགས་པའི་འཁོར་ལོས་ལུགས་ངན་ཕམ་བྱེད་ཞེས་བྱ་བའི་བསྟན་བཅོས་ཞེས་པའི་འགྲེལ་བ་གསུམ་མཛད། ༧ བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་(༡༤༡༡—༡༤༨༥)གྱིས་རིགས་གཏེར་གྱི་ཊཱིཀྐ་རིགས་པའི་མགུལ་རྒྱན་ཞེས་བྱ་པའི་འགྲེལ་བ་མཛད། ༨ གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་(༡༤༢༩—༡༤༨༩)རིགས་གཏིེར་གྱི་དགོངས་པ་ཐུན་མོང་མ་ཡིན་པ་འགྲེལ་བའི་སྤྱི་དོན་ཆེ་བ་དང་སྤྱི་དོན་ཆུང་བ་རིགས་གཏེར་གསལ་བྱེད་ཞེས་པའི་འགྲེལ་བ་གཉིས་མཛད། ༩ པཎ་ཆེན་འབུམ་ཕྲག་གསུམ་པས་(༡༤༣༣—༡༥༠༤)གྱིས་རིགས་གཏེར་སྤྱི་དོན་ཞེས་པའི་འགྲེལ་བ་མཛད། ༡༠ པཎ་ཆེན་གཞུང་བརྒྱ་པས་རིགས་གཏེར་གྱི་ཊཱིཀྐ་ཞེས་པའི་འགྲེལ་བ་མཛད། ༡༡ རྒྱལ་བ་མུས་ཆེན་རབ་འབྱམས་པས་རིགས་གཏེར་གྱི་ཊཱིཀྐ་རིགས་ལམ་གསལ་བའི་ཉི་མ་ཞེས་པའི་འགྲེལ་བ་མཛད། ༡༢ སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་(༡༤༠༥—༡༤༧༧)གྱིས་རིགས་གཏེར་གྱི་ཊཱིཀ་ཆེན་ཞེས་པའི་འགྲེལ་བ་མཛད།  ༡༣ ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་(༡༤༤༡—༡༥༢༥)ཀྱིས་སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་ཚད་མ་རིགས་པའི་གཏེར་གྱི་འགྲེལ་བའི་རྣམ་བཤད་རིགས་ལམ་གསལ་བའི་ཉི་མ་ཞེས་པ་དང་། གཞུང་དེའི་གཞོགས་འདེགས་སུ་་ཚད་མ་རིགས་གཏེར་ལ་ཉེ་བར་མཁོ་བ་མཐའ་གཉིས་གསལ་བྱེད་ཅེས་པ་དང་།ཚད་མ་རིགས་གཏེར་གྱི་ཕྱོགས་སྔ་མ་རྣམ་པར་བཤད་པ་རིགས་ལམ་གསལ་བྱེད་ཅེས་པའི་འགྲེལ་བ་མཛད།  ༡༤ མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་(༡༥༢༢—༡༥༩༦)ཚད་མ་རིགས་གཏེར་གྱི་དཀའ་འགྲེལ་གནད་ཀྱི་སྙིང་པོ་གསལ་བྱེད་ཅེས་པའི་འགྲེལ་བ་མཛད།  ༡༥ མཁན་ཆེན་ངག་དབང་ཆོས་གྲགས་(༡༥༧༢—༡༦༤༡)ཀྱིས་ཚད་མ་རིགས་གཏེར་གྱི་དགོངས་དོན་གསལ་བར་བྱེད་པའི་ལེགས་བཤད་ངག་གི་དཔལ་སྟེར་ཞེས་པའི་འགྲེལ་བ་མཛད།  ༡༦ འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཚད་མ་རིགས་པའི་གཏེར་གྱི་ཊཱིཀྐ་ཞེས་པའི་འགྲེལ་བ་མཛད།  ༡༧ བློ་གཏེར་དབང་པོས་(༡༨༤༧—༡༩༡༤)ཚད་མ་རིགས་གཏེར་གྱི་མཆན་འགྲེལ་སྡེ་བདུན་གསལ་བའི་སྒྲོན་མེ་ཞེས་པའི་འགྲེལ་བ་མཛད།  ༡༨ མཁན་པོ་བློ་གྲོས་བཟང་པོས་ཚད་མ་རིགས་གཏེར་ལེགས་བཤད་བཟང་པོ་གསུམ་ལྡན་ཞེས་པའི་འགྲེལ་བ་མཛད།  ༡༩ མཁན་པོ་བློ་གྲོས་རྒྱལ་མཚན་(༡༣༣༢—༡༣༦༤)གྱིས་ཚད་མ་རིགས་པའི་གཏེར་གྱི་ཊཱིཀྐ་ཞེས་པའི་འགྲེལ་བ་མཛད།  ༢༠ དབང་ཕྱུག་དཔལ་བཟང་གིས་ཚད་མ་རིག་གཏེར་གྱི་ཚར་བཅད་དང་ལྟག་ཆོད་བརྟག་པ། ༢༡ རྒྱལ་ཚབ་དར་མ་རིན་ཆེན་(༡༣༦༤—༡༤༣༢)གྱིས་རིགས་གཏེར་རྣམ་བཤད་སྙིང་བོ་ཞེས་པའི་འགྲེལ་བ་མཛད།  ༢༢ འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་(༡༣༦༤—༡༤༣༢)ཚད་མ་རིགས་པའི་གཏེར་གྱི་མཆན་འགྲེལ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཞེས་པའི་འགྲེལ་བ་མཛད།

མདོར་ན་ཚད་མ་རིགས་གཏེར་འདི་ཉིད་ས་པཎ་གྱིས་མཛད་ནས་བཟུང་བོད་ཡུལ་དུ་འཆད་ཉན་དར་སྤེལ་དང་ཚད་མ་རྣམ་འགྲེལ་དང་རིག་གཏེར་གྱི་འཆད་རྒྱུན་བོད་ཁམས་ཡོངས་སུ་རྒྱ་ཆེར་དར་ནས་ཚད་མའི་འཆད་རྒྱུན་ད་ལྟའི་བར་དུ་ས་དགེ་བཀའ་རྙིང་སོགས་ཀྱི་ཆོས་ལུགས་སོ་སོའི་ཆོས་གྲྭར་འཆད་གཉེར་དར་སྤེལ་གྱི་འཕེལ་རྒྱས་བྱུང་ཡོད།  ཚད་མའི་བསྟན་བཅོས་འདི་ལ་བོད་ཀྱི་ཕྱིས་བྱུང་མཁས་པ་རྣམས་ཀྱིས་འགྲེལ་བ་མཛད་ཟིན་པ་དང་མཛད་མུས་ཡིན་བཅས་ཧ་ཅང་མང་། དེའི་ཕྱིར་དགེ་བཤེས་ཁྱེད་ཀྱིས་ད་ལྟ་ཡང་ཚད་མ་རིགས་གཏེར་འདི་ཉིད་དགོས་མེད་ཡིན་ཚུལ་དང་དགོས་མཁོ་མེད་ཚུལ། ཉམས་ཟིན་པར་བཅས་ལ་ངོས་འཛིན་གནང་ཕྱོགས་གང་ནས་བདེན་འཚོལ་ཡོད་དམ།  དེའི་ཕྱིར་རང་དོན་སྦུག་འདྲེན་དང་གཞན་དོན་ལ་སུན་འབྱིན་གྱིས་སྒྲུབ་བྱེད་ལྟར་སྣང་ཁུངས་མ་འཁྱོལ་བར་མ་གནང་ན་བཟང་སྙམས་པར་སོམས་སོ།  ༢༠༡༩།༧།༣། ལས་ཞོར་དུ་བྲིས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*