གྲྭ་བཙུན་མི་ཁ་དགྲ་བཟློག་བཞུགས་སོ།

རྩོམ་པ་པོ། སྨྲ་བའི་ཏོག

མྱི་ནག་འདི་ཚོས་ཁྱི་རྒན་འུར་རྒྱུགས་ཀྱིས།།
ཁ་ནག་འདོམ་གང་ཁྱིམ་ལ་ཚུར་གདངས་ནས།།
གཏམ་འཁྱལ་ཁྱི་སྐྱག་འདྲ་ཞིག་སྐྱུགས་སྐྱུགས་ནས།།
སྐད་ཆ་ཚིག་གསུམ་མི་བཤད་ཀ་མེད་བྱུང་།།

ང་དང་འདྲ་བའི་གྲོང་གི་གྲྭ་འཁྱམས་ཚོའི།།
རང་སྐྱོན་རི་བོ་མདུན་དུ་བརྡལ་བྱས་ཏེ།།
ངན་པའི་རང་མཚང་རང་གི་མགོ་ཐོག་ཏུ།།
བསྡིགས་མཛུབ་བསྒྲགས་མས་བྲུས་ན་ལོས་ཀྱང་ཆོག།

གྲོང་ལ་ཉུལ་བའི་གྲྭ་འཁྱམས་གྲོང་ལ་མཆིས།།
མཚམས་ལ་བཞུགས་པའི་བཙུན་པ་དགོན་པར་གདའ།།
དེ་གཉིས་སྐྱོན་ཡོན་ཁ་ཁ་སོ་སོ་རེད།།
དབྱུག་པ་ལེབ་བརྡུང་བྱེད་ལ་བདག་མ་དགའ།།

ཨ་མ་ཁ་ཆེས་ཕྲེང་བ་བགྲང་བཞིན་དུ།།
ངག་ནས་བགྲང་རྒྱུ་གྲྭ་པའི་སྐྱོན་ཆ་རེད།།
ཨ་ཕ་སྒུར་པོས་འཁོར་ལོ་སྐོར་བཞིན་དུ།།
ཁ་ནས་བཤད་རྒྱུ་གྲྭ་པའི་ནག་ཉེས་རེད།།

གུས་ཐུང་རྩབས་རལ་གྱོན་པའི་འཁྱལ་མོ་ཚོས།།
ཐུ་ཤལ་འདེབས་ས་བོད་ཀྱི་གྲྭ་བཙུན་རེད།།
སྐྲ་ལོ་གཙའ་ཡིས་ཟོས་པའི་ཕོ་འཁྱམས་ཚོས།།
གཏམ་འཆལ་གླེང་ས་དགེ་འདུན་སྡེ་ལ་རེད།།

ཕ་ཆོས་མདོ་རྒྱུད་རྒྱ་མཚོ་ཆེན་པོའི་མཇིངས།།
འཆད་རྩོད་རྩོམ་པའི་འཁྱུག་རྩལ་ངོམ་བཞིན་དུ།།
ཟང་ཟིང་འདོད་ཡོན་སྤྲོས་པ་བློས་བཏང་སྟེ།།
དཀའ་སྤྱད་སྙིང་རུས་བྱེད་མཁན་གྲྭ་བཙུན་རེད།།

གཅེས་པའི་ཚེ་སྲོག་ཤོར་ཡང་མ་འཇིགས་པར།།
དམ་པའི་ལྷ་ཆོས་རྒྱ་གར་ཡུལ་ནས་དྲངས།།
དམུ་རྒོད་ཀླ་ཀློས་གང་བའི་ས་རྒོད་ན།།
བྱམས་བརྩེའི་ས་བོན་འདེབས་མཁན་གྲྭ་པ་རེད།།

ཀླ་ཀློའི་དཔུང་གིས་བོད་ཁམས་འཇིགས་པའི་དུས།།
ཆོས་ཕུང་བརྒྱད་ཁྲི་ཕྲག་གིས་བཏེགས་བྱས་ཏེ།།
འཛམ་གླིང་གོ་ལ་ཧྲིལ་པོའི་རྒྱ་ཁྱོན་ན།།
ཞི་བདེའི་གོ་རྟོགས་སྤེལ་མཁན་གྲྭ་པ་རེད།།

ཟས་ནོར་འབྱོར་པ་དམན་པའི་ཕ་ཡུལ་ན།།
སློབ་གྲྭ་སྨན་ཁང་བསྐྲུན་མཁན་གྲྭ་པ་རེད།།
དགོན་པ་མཆོད་རྟེན་བཞེངས་མཁན་གྲྭ་པ་རེད།།
སྤྱི་ཚོགས་དགེ་རྩ་འཛུགས་མཁན་གྲྭ་པ་རེད།།

རྡོ་གོག་ཕྲེང་བ་གྱོན་པའི་ཚོང་ཕྲུག་མང་།།
ཕུ་ནུ་མནའ་ཡིས་བཙོང་བའི་ཚོང་རྒན་མོད།།
དེ་ཚོས་སྤྱི་ཚོགས་དགེ་རྩ་ཅི་ཞིག་བསྐྲུན།།
མི་རིགས་ཞབས་ཏོག་སྣེ་གཅིག་གང་དུ་སྒྲུབ།།

སོ་སོའི་རང་གཟུགས་རང་གིས་མི་མཐོང་བར།།
སེར་མོའི་སྡེ་ལ་ཕྲག་དོག་སྡང་ཟུག་གིས།།
ངོ་ཚ་མེད་པའི་གཏམ་འཁྱལ་བཤད་བཤད་ནས།།
ཁ་ཚ་དགོས་གཏུག་ལན་ཞིག་འདེབས་དགོས་བྱུང་།

གྲྭ་བཙུན་འགའ་རེའི་སྤྱོད་པ་ཉེས་སོང་ན།།
དགེ་འདུན་སྡེ་ཆེན་ཐལ་བས་འགེབ་དགོས་ན།།
ཡོན་ཏན་སྣ་གཅིག་འཚོལ་ན་རྙེད་དཀའ་བའི།།
མྱི་ནག་འདི་ཚོ་གང་དུ་སྦས་དགོས་སམ།།

མྱི་ནག་འདི་ཚོས་མགོ་བོ་ལེབ་ལེབ་བར།།
དབང་ཆེན་ཞུས་པའི་དམ་ཚིག་མི་དྲན་ནམ།།
གྲོད་ལྟོ་ལུག་ལུག་ཆུ་ཡིས་མ་འགྲང་བར།།
གནའ་ཆུ་འཐུང་གིན་ཁས་ལེན་ག་ཚོད་བྱས།།

ད་དུང་གྲྭ་བཙུན་སྡོམ་ཁྲིམས་མི་སྲུང་ཟེར།།
གྲྭ་བཙུན་འདུལ་ཁྲིམས་སྲུང་དགོས་ལོས་བདེན་ཡང་།།
ཐ་ན་ཁྱོད་ཚོའི་སྐྱབས་སེམས་སྡོམ་པ་ཙམ།།
སྲུང་བའི་དམ་ཚིག་སྣེ་གཅིག་གང་དུ་ཡོད།།

བཤད་ན་བོད་སྐད་ཆག་ཧྲུལ་དུམ་ཧྲུལ་རེད།།
སོང་ན་འགྲོ་ལུག་ར་མ་ལུག་ཅིག་རེད།།
བསམ་པའི་འཁྱེར་སོ་འདི་མིན་དེ་མིན་རེད།།
ཡང་སྙིང་ཁྱོད་ཚོའི་བྱས་རྗེས་ཅི་ཞིག་རེད།།

ལྔ་བཅུའི་རྒད་པོས་གནའ་མ་མི་རྙེད་ཉུལ།།
བཞི་བཅུའི་མོ་ཁྲེབ་ཨ་མ་མི་འཇོན་ལུས།།
མི་རབས་གསར་པའི་རྩ་བ་འདི་ནས་བཅད།།
ཡང་སྙིང་ཁྱོད་ཚོས་འཇོན་ཐང་ཅི་ཞིག་ཡིན།།

སྦྱང་པའི་ཤེས་བྱ་རྐང་རྗེས་ལག་གསུབ་རེད།།
བསགས་པའི་རྒྱུ་ནོར་དངུལ་ཁུག་སྟོང་པ་རེད།།
སྦག་སྦག་གོག་ཏོས་རང་སྲོག་རྡོ་ལ་བརྡབ།།
ཡང་སྙིང་ཁྱོད་ཚོའི་མདུན་ལམ་ཅི་ཞིག་ཡིན།།

ཕྱི་ལ་སོང་ན་མི་ཡི་སྐྱག་གཡོག་རེད།།
ནང་དུ་བསྡད་ན་ར་བཟི་ཆང་རྐྱལ་རེད།།
མི་ལ་བཤད་ན་ངོ་ཚ་ཉོ་རོགས་རེད།།
ཡང་སྙིང་ཁྱོད་ཚོའི་ཕུགས་བསམ་ཅི་ཞིག་རེད།།

གོས་ཤིག་གྱོན་ན་གཞན་གྱི་ལད་མོ་རེད།།
སྐྲ་ཞིག་བཟོས་ནའང་གཞན་གྱི་རྗེས་ཟློས་རེད།།
རང་ཚུགས་མི་ཐུབ་ཁྱི་རྒན་རྔ་མ་རེད།།
གཞན་སེམས་དཀྲུག་བྱེད་ངོམ་རྒྱུ་གཡར་པོ་རེད།།

ཆོས་ནས་བལྟས་ན་ལྷས་བྱིན་ངོ་མ་རེད།།
འཇིག་རྟེན་བཤད་ན་ཁང་ཁྱིམ་སྟོང་པ་རེད།།
ད་དུང་གྲྭ་བཙུན་འདི་ཚོས་མ་འགྲིག་ཟེར།།
ཡང་སྙིང་ཁྱོད་ཚོས་འགྲིག་པ་ཅི་ཞིག་ཡིན།།

ྲུ་བཙུན་ང་དང་ང་འདྲ་བ་མ་གཏོགས་པ་སེར་མོའི་སྡེ་ཡོངས་ལ་དབྱུག་ལེབ་རྡུང་གིས་སྐྱོན་བརྗོད་བྱེད་མཁན་མྱི་ནག་ཅིག་ཐུག་བྱུང་ན། མི་ཁ་དགྲ་ཟློག་འདི་ཚར་རེ་གོ་ས་ནས་བཀླག་རོགས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*