གསུར་གཏོང་དགོས་པའི་ལོ་རྒྱུས་རྒྱབ་ལྗོངས།


རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་བཀའ་སློབ། གསུར་བསྔོའི་སྐོར།

གསུར་ཞེས་པ་དེ་ཕྱོགས་གཅིག་ནས་ལས་ལམ་འགྲོ་བའི་རིམ་གྲོ་ཞིག་རེད། ང་ཚོ་ཚང་མ་ལ་ཆོས་དང་འཇིག་རྟེན་སོ་ནམ་ལ་སོགས་པ་གང་བྱས་ན་ཡང་ལམ་འགྲོ་དགོས་རེད། ལམ་མི་འགྲོ་བའི་རྩ་བ་དེ་དཔལ་འབྱོར་མེད། ཤེས་ཡོན་སློབ་སྦྱོང་མེད། དབང་ཆ་མེད། དེ་དང་དེ་ལ་སོགས་པའི་སྒོ་ནས་ལམ་འགྲོ་མ་བྱུང་བ་ལྟ་བུ་ཡང་ཡོད་རེད། ཡིན་ན་ཡང་ལམ་འགྲོ་མི་ཡོང་བའི་རྩ་བ་ངོ་མ་དེ་གང་ལ་བརྟེན་ནས་བྱུང་བ་ཡིན་ཞེ་ན། ལན་ཆགས་བུ་ལོན་ལས་བྱུང་བ་རེད། ལན་ཆགས་བུ་ལོན་ཟུག་ཚར་མཁན་གྱི་མི་དེ་ལ་སྟོབས་འབྱོར་ཇི་ཙམ་ཡོད་ཀྱང་མེད་པ་དང་གཅིག་རེད། ང་ཚོ་ནང་པ་ནི་ལས་རྒྱུ་འབྲས་ཁས་ལེན་མཁན་གྱི་ཆོས་ལུགས་ཤིག་རེད། ང་ཚོ་ལ་ག་ས་གང་དུ་ལན་ཆགས་མང་པོ་ཞིག་ཟུག་རྒྱུ་ཡོད་རེད།  

ང་ཚོས་ད་ལྟ་བུ་ལོན་མི་དགོས། ལན་ཆགས་མེད། སུ་གཅིག་ལས་གཡར་མ་མྱོང་། སུ་ལ་ཡང་མགོ་འདོགས་དོན་མེད་དྲན་སྲིད་ཀྱང་། ལས་རྒྱུ་འབྲས་ཁས་བླངས་ནས་བཟུང་ཚེ་འདི་ལ་ལན་ཆགས་མེད་ན་ཡང་སྐྱེ་བ་དང་ཚེ་རབས་མང་པོར་བསགས་པའི་ལན་ཆགས་བུ་ལོན་མང་པོ་ཡོད་རེད། དེ་ཡང་ང་རང་ཚོས་དངོས་སུ་མཐོང་བའི་ཕ་མ་དང་ཨ་སྲུ་ཨ་ཞང་། ཚ་བོ་ཚ་མོ་གཉེན་ཉེ་འབྲེལ། དཔོན་པོ་དང་གྲོགས་པོ་ཚོ་ལ་ལན་ཆགས་བུ་ལོན་ཟུག་ཡོད་རེད་ལ། དེ་ལས་གཞན་སེམས་ཅན་རྟ་ནོར་ལུག་གསུམ་སོགས་ཀྱི་ཤ་ཟས་པ་དང་། ཁུར་བཀལ་བ་ལ་སོགས་པའི་ལན་ཆགས་བུ་ལོན་དང་། དངོས་སུ་མཐོང་རྒྱུ་མེད་པའི་ལྷ་འདྲེ་དང་བར་དོའི་སེམས་ཅན་ལ་སོགས་པས་བདག་གིར་བྱས་པའི་ས་གནས་དང་ཁང་པ། ཁང་ཤུལ་ལ་སོགས་པ་ང་ཚོས་སེམས་ཁྲལ་གང་ཡང་མེད་པའི་སྒོ་ནས་བག་མེད་དུ་ལོངས་སུ་སྤྱོད་པའི་ལན་ཆགས་བུ་ལོན་ལ་སོགས་པ་སྐྱེ་བ་ནས་ཚེ་རབས་མང་པོར་བསགས་པའི་ལན་ཆགས་བུ་ལོན་མང་པོ་ཡོད་པའི་དབང་གིས་ཤེས་ཡོན་དང་སྟོབས་འབྱོར་ངོ་ཤེས་སོགས་ཇི་ཙམ་ཡོད་ཀྱང་ལམ་འགྲོ་རྩ་བ་ནས་མེད་པ། ལུས་ལ་ན་ཚ་དང་སེམས་ལ་སྡུག་བསྔལ། ཚོང་དང་བསོད་ནམས་ཀྱི་ལམ་འགྲོ་ཡང་མེད། རླུང་རྟ་ཆག །བླ་ཤོར། དེའི་སྟེང་དུ་ཆོས་བྱེད་མཁན་ཚོ་ལ་ཆོས་ཀྱི་ཉམས་ལེན་སྟེང་ལ་དཀོར་སྒྲིབ་ཅེས་པ་ཞིག་ཡོད་རེད།

དེ་ཡང་བླ་མ་གྲྭ་བ་ཚོ་ལ་མི་སྐྱ་ཕོ་མོ་ཚོས་ཡར་འབུལ་བའི་དད་རྫས་དེ་དག་ཡག་པོ་ཞིག་བསྔོ་མ་ཐུབ་ནས་བེད་སྤྱོད་ཡག་པོ་མ་བཏང་བའི་ལན་ཆགས་བུ་ལོན་ཟུག །དེའི་དབང་གིས་དཔེ་ཆ་མི་ཤེས། སྒོམ་རྒྱེབ་དུས་སེམས་པ་གཏད་མི་ཐུབ་པ་ཟིང་པོ་ཆགས་ནས་སེམས་ཡེངས་ཤོར་བ་ལ་སོགས་པའི་དཀའ་ངལ་མང་པོ་ཞིག་ལན་ཆགས་བུ་ལོན་ལ་བརྟེན་ནས་བྱུང་བ་རེད། ལན་ཆགས་བུ་ལོན་དེ་དག་བསལ་བའི་ཐབས་ཤེས་དེ་སངས་རྒྱས་ཀྱིས་མང་པོ་གསུང་ཡོད་མོད། དེའི་ནང་ནས་གསང་སྔགས་རྡོ་རྗེ་ཐེག་པའི་དབང་དུ་བྱས་ན་ཕར་བལྟས་ལ་སྟབས་བདེ་པོ་ཡིན་པ། ཁེ་སང་ཆེ་ཞིང་འདོད་དོན་ཆེན་པོ་བསྒྲུབ་ཐུབ་པའི་ཐབས་ལ་གསུར་འདོན་རྒྱུ་འདི་རེད། གསུར་འདོན་སྐབས་ཚང་མས་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་སྟེ། སེམས་ནང་ལ་ཞེ་སྡང་དང་ཁོང་ཁྲོ་ཉུང་ཙམ་བྱས་ནས་སྐྱེ་བ་དང་ཚེ་རབས་མང་པོར་བསགས་པའི་ལན་ཆགས་བུ་ལོན་དེ་དག་ངས་དེ་རིང་བསལ་བའམ་འཇལ་རྒྱུ་ཡིན་བསམ་ནས་སྙིང་རྗེའི་ངང་ནས་གསུངས་རོགས་ཞུ།


རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*