ངོར་ཨེ་ཝཾ་ཆོས་སྡེའི་རྡོ་རྗེ་སློབ་དཔོན་དྲུག་བསྐོ་བཞག་གནང་འདུག

༢༠༡༩།༡།༡༥ རབ་བྱུང་བཅུ་བདུན།  ས་མོ་ཕག་ལོ། བོད་ཟླ་དང་པོ། ཚེས་བཅོ་ལྔ་དགེ་བའི་ཉིན་༸དཔལ་ངོར་ཨེ་ཝྃ་ཆོས་སྡེ་དུ་༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་བརྟན་བཞུགས་སྟར་འབུལ་ཞུ་བ་དང་སྟབས་བསྟུན་ངོར་ཨེ་ཝྃ་ཆོས་ལྡན་གྱི་དགེ་འདུན་པ་དྲུག་རྡོ་རྗེ་སློབ་དཔོན་གྱི་མཚན་གནས་ཀྱི་བསྐོ་བཞག་གནང་འདུག  ༡)རྡོ་རྗེ་སློབ་དཔོན་དགེན་དོན་འགྲུབ་བམ་འཇམ་དབྱངས་ཆོས་དར།    ཕ་ཡུལ་གློ་པ།  གཞིས་དགོན།  ངོར་ཨེ་ཝཾ་ཆོས་ལྡན། ༢) རྡོ་རྗེ་སློབ་དཔོན་དགེན་ངག་དབང་བསྟན་འཛིན།  ཕ་ཡུལ་སྟོད་པ།  གཞིས་དགོན།  ངོར་ཨེ་ཝཾ་ཆོས་ལྡན་། ༣) རྡོ་རྗེ་སློབ་དཔོན་དགེན་ཆོས་ཀྱི་དབང་པོ།   ཕ་ཡུལ་སྒ་སྐྱེ་རྒུ། གཞིས་དགོན།  ཁྲི་འདུ་སྐལ་བཟང་དགོན། ༤) རྡོ་རྗེ་སློབ་དཔོན་དགེན་འཇམ་དབྱངས་རྒྱལ་མཚན།   ཕ་ཡུལ་ལི་ཐང་། གཞིས་དགོན།  དགོན་བཞི་དགོན། ༥) རྡོ་རྗེ་སློབ་དཔོན་དགེན་འཇམ་དབྱངས་དགེ་ལེགས།  ཕ་ཡུལ་ཏྲེ་ཧོར་དཀར་མཛེས། གཞིས་དགོན།  གླང་སྣ་དགོན། ༦) རྡོ་རྗེ་སློབ་དཔོན་དགེན་ཀུན་དགའ་ཉི་མ།   ཕ་ཡུལ་གློ་པ།   གཞིས་དགོན།  གད་སྨད་བཤད་སྒྲུབ་དར་རྒྱས་གླིང་།  

དེ་ཡང་ངོར་ཨེ་ཝཾ་ཆོས་སྡེ།    ངོར་ཞེས་པ་ནི་ས་མིང་སྟེ་གཡག་གི་ངུར་སྒྲ་སྒྲོག་པའི་དོན་དང་། ཨེ་ཝཾ་ཞེས་པ་ནི་ཐབས་ཤེས་ཀྱི་དོན་ཡིན་ཞེས་གསུངས། དགོན་དེ་ནི་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་དགུང་གྲངས་༤༢ཏེ་སྤྱི་ལོ་༡༤༢༩ལོར་ཕྱག་བཏབ་ཕྱག་མཛད། དེའང་ཀུན་དགའ་བཟང་པོ་ཐོག་མར་ས་སྐྱར་བཞུགས་ཡོད་པ་ལ་དེར་འདུ་རྫིང་གཡེང་བའི་ཚུལ་བྱུང་བས་ད་ནི་དབེན་གནས་ཤིག་འདེབས་དགོས་ཐུགས་ལ་འཁྲུངས་བཞིན་པའི་སྐབས་མནལ་ལམ་འོད་གསལ་དུ་རྣམ་རྒྱལ་མ་དང་གུར་གྱི་མགོན་པོས་དགོན་གནས་དེ་ཉིད་ལུང་བསྟན་ཀྱང་ས་ངོས་མ་ཟིན་པར་བཞུགས་ཙ་ན་སླར་ཡང་ “ཁྱོད་ཀྱི་དགོན་པ་དགེ་བཤེས་དོན་གྲུབ་ཀྱིས་བསྟན་པའོ་”ཞེས་པའི་ལུང་བསྟན་བྱུང་། དེ་ནས་རྟོགས་ལྡན་ལ་རུ་ཕེབས་ནས་གཟིགས་པས་ད་ལྟའི་དགོན་གནས་དེ་ཡིན་པ་ཅུང་ངོ་འཕྲོད། ཉག་རེ་དགེ་བཤེས་དོན་གྲུབ་དང་མཇལ་སྡེ་གསུང་གླིང་བྱུང་བས། དགེ་བཤེས་ཀྱིས་ད་ལྟའི་དགོན་གནས་དེ་ལྟ་བུ་ཡོད་ཚུལ་ཞུས་ལུང་བསྟན་དང་ཡང་ཕལ་ཆེར་ར་འཕྲོད། དེ་ནས་གདན་འཛིན་ཞེས་པར་ཕེབས་པས་དེར་སྙེ་མ་མགོ་གསུམ་ཅན་ཞིག་སྐྱེས་ཡོད་པ་གཟིགས་པས་རྟེན་འབྲེལ་འགྲིགས། དེ་ནས་ད་ལྟའི་དགོན་གནས་དེར་ཕེབས་པས་དགུན་ཁ་ཡིན་ཀྱང་མེ་ཏོག་སོས་པ་ཞིག་སྐྱེས་ཡོད་པས་དགོན་པ་དེ་གར་འདེབས་རྒྱུ་གནང་། ཆུ་མིག་བདག་ཆེན་ཞེས་པའི་དཔོན་ལ་ཤེལ་གྱི་ཕོར་པ་ལ་སོགས་པའི་འབུལ་རྟེན་དང་བཅས་ས་དེ་དགོན་གནས་འདེབས་སར་ཞུས་པ་ལྟར་གནང་བ་ཐོབ་སྟེ་དགོན་དེ་འདེབས་གནང་མཛད་པ་ཡིན། དེ་ནས་རིམ་བཞིན་མུས་ཅན་དཀོན་མཆོག་རྒྱལ་མཚན་ལ་སོགས་མཁན་རབས་༧༥བར་བྱུང་། དགོན་གཞུང་སྟེ་དགོན་གཞུང་ཚོགས་ཆེན་གཅིག་དང་བླ་ཁག་བཞི། ཁམས་ཚན་བཅོ་བརྒྱད་བཅས་བར་འཕེལ་ཏེ་དགེ་འདུན་༤༠༠༠ཙམ་གྱིས་ངོར་ལུགས་ཕྱག་བཞེས་མཛད་པ་ཡིན། སྔོན་དབང་ཁང་ཞེས་འདུ་ཁང་ཀ་བ་༢༠གཙང་ཁང་ནང་ཇོ་བོའི་སྐུ་བརྙན་ཐོག་སོ་གཅིག་ལྷག་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། ལྟེབས་རིས་སུ་བལ་བྲིས་ཀྱི་སངས་རྒྱས་སྟོང་སྐུ། ཡང་སྟེང་དུ་བཻ་ཁང་ངམ་སྒྲུབ་ཐོབ་བཻ་ཁང་ནང་ཡི་དམ་དགྱིས་པ་རྡོ་རྗེའི་བློས་བླངས་དཀྱིལ་འཁོར། བླ་བྲང་བཞི་ནི་ཨེ་བཾ་ཡང་རྩེ་དང་། ཨེ་བཾ་ཕན་བདེ་གླིང་། ཨེ་བཾ་ཕུན་ཚོགས་ཁང་གསར། ཀླུ་ལྡིང་ཕོ་བྲང་བཅས་བཞི་ལའང་རྟེན་དང་བརྟེན་པར་བཅས་བཞུགས། མདོ་སྨད་དང་། དབུས་གཙང་། མངའ་རིས་སོགས་དང་། ཐ་ན་འབྲུག་ཡུལ་སོགས་ནས་ཀྱང་ཕེབས་པའི་གྲྭ་རྒྱུན་སུམ་བརྒྱ་སྐོར་ཡོད་པ་ནི་གདོང་གྲལ་ནང་བཞུགས་པ་ཡིན། དེ་ནི་ཀུན་དགའ་བཟང་པོས་ཐག་རིང་ནས་ཕེབས་མཁན་གྱི་སློབ་གཉེར་བ་རྣམས་ལ་དམིགས་མཐོང་མཛད་པའི་སྲོལ་རིམ་བཞིན་མི་ཉམས་པ་ཡོད།   རྡོ་རྗེ་སློབ་དཔོན་ནི་བླ་མ་ལྔ་བཅུ་པར་གསུངས་པའི་ཁྲོ་བ་དང་ང་རྒྱལ་ལ་སོགས་པའི་སྐྱོན་དང་མི་ལྡན་ཅིང་། སྙིང་རྗེ་དང་དེ་ཉིད་བཅུ་ལ་སོགས་པའི་ཡོན་ཏན་དང་ལྡན་པ། རྡོ་རྗེ་འཆང་ནས་བརྒྱུད་པའི་དབང་གི་ཆུ་བོ་མ་ནུབ་པ། བྱིན་བརླབས་ཀྱི་བརྒྱུད་པ་མ་ཉམས་པ། གདམས་ངག་གི་སརྒ་མ་ལོག་པ། མོས་གུས་ཀྱིས་བསམ་པ་ཚིམ་པ་སྟེ། སྙན་བརྒྱུད་བཞི་དང་ལྡན་པ། གསང་སྔགས་ལག་ལེན་གྱི་མཐའ་ཅན་ཡིན་པས་བླ་མ་གོང་མའི་ཕྱག་ལེན་ཇི་ལྟར་མཛད་པའི་བཀའ་སྲོལ་ལ་བསྲེ་ལྷད་མ་ཞུགས་པ། དམར་ཁྲིད་ཀྱི་གསུང་རྒྱུན་ཁུངས་ནས་བྱུང་བ་རྣམས་ཚང་བའི་སྒོ་ནས་ཆོ་ག་མ་འཁྲུགས་པར་རྒྱུད་གཞན་དང་ཐུན་མོང་བའི་རྒྱས་འགེབས་པ་དགོས་པ་རྣམས་ཚང་ཞིང་རང་རང་གི་ལུགས་ཐུན་མོང་མ་ཡིན་པ་གཞན་དང་མ་འདྲེས་པར་དགོངས་པ་རྣམས་དམིགས་ཕྱེད་པ། དབང་པོའི་ཐ་དད་དུ་སློབ་དཔོན་དང་། དབང་རྫས་དང་། སློབ་མ་རྣམས་ཀྱི་སྦྱང་གཞི་དང་སྦྱང་བྱ་དང་། སྦྱོང་བྱེད་དང་སྦྱང་འབྲས་རྣམས་ཐད་ཀར་ངོ་འཕྲད་པའི་དབང་བསྐུར་ཤེས་པ་གཅིག་དགོས་སོ་ཞེས་སྤོས་ཁང་པའི་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། ། སྤྱིར་ས་ཐོབ་ནས་མཆོག་གི་སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ལས་བླང་བ་སོགས་མང་དུ་བཤད་ཀྱང་། སོ་སོའི་སྐྱེ་བོའི་སློབ་མ་སྣོད་ལྡན་ཞིག་གིས་སོ་སོའི་སྐྱེ་བོའི་རྡོ་རྗེ་སློབ་དཔོན་ལ་དབང་ཞུ་བའི་དབང་དུ་བྱས་ནས། དེའི་མཚན་ཉིད་རྒྱུད་སྡེ་རྣམས་ལས་མང་དུ་གསུངས་པ་རྣམས་མདོར་སྡུས་ཏེ། བླ་མ་ལྔ་བཅུ་པ་ལས། བརྟན་ཅིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་རྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་རྗེ་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །སྔགས་བཤད་པ་ཡི་སྦྱོར་བ་ཤེས། །རབ་ཏུ་དང་ཞིང་དབང་པོ་དུལ། །ཞེས་གསུངས་སོ། །མདོར་ན་དེང་སང་སྔགས་སྡོམ་ལེན་པའི་ཡུལ་གྱི་རྡོ་རྗེ་སློབ་དཔོན་ནི་གཞུང་འདི་ཉིད་ལས། བླ་མ་བརྒྱུད་པ་མ་ཉམས་ཤིང་། །ཆོ་ག་འཁྲུགས་པར་མ་གྱུར་པ། །ཕྱི་ནང་རྟེན་འབྲེལ་བསྒྲིག་མཁྱེན་ཅིང་། །སྐུ་བཞིའི་ས་བོན་ཐེབས་ནུས་པ། །སངས་རྒྱས་གསུང་བཞིན་མཛད་པ་ཡི། །བླ་མ་བཙལ་ལ་དབང་བཞི་བླང་། །ཞེས་གསུངས་པ་ལྟར་བཟུང་བ་བྱའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། །


རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*