ལམ་ཞོར་སྙན་དངགས།

འཁོར་བས་བལྟོས་ན་གདོང་མཁན་བྲེལ་འཚུབ་མཐོང་།།

གདོང་མཁན་མཐོང་གསལ་འཁོར་བ་བྲེལ་ཟིང་བསྙུར།།

གཞན་ངོར་གདོང་མཁན་སྤྲོ་འཁྱམས་ཉུལ་བར་མཐོང་།།

གདོང་མཁན་མགྲིན་ལག་ཐུན་མོང་གནད་ལ་བྲེལ།།

བསྟན་སྲིད་སྤྱི་དོན་ཕྲག་གོང་སྒང་དུ་ཁུར།།

ནོར་འཛིན་ཁོད་སྙོམས་རྒྱ་གར་ལྡི་ལི་གྲོང་།།

ནམ་དུས་དྲོད་གཤེར་ཁ་རླངས་དྲི་ངན་ལྡང་།།

སྲོག་གཤེད་དུག་སྦྲང་ནད་ཡམས་མང་ན་ཡང་།།

རྒྱ་གར་གྲོས་ཚོགས་འཐུས་མི་ལན་རེར་མཇལ།།

ད་ནི་ལས་དོན་གྲུབ་མཚམས་རང་གནས་སུ།།

གཉིད་མིན་སད་མིན་གཞུང་ལམ་སྒང་དུ་ཡོད།།

གྲང་ངར་མ་བཟོད་རྐང་ལག་འདར་སིག་དང་།།

མཚམས་རེར་ཚ་བས་མགོ་རྐུབ་རླན་གཤེར་རྒྱས།།

མི་འདོད་སྡུག་བསྔལ་གཉུག་མའི་ལྷན་སྐྱེས་འདིར།།

བཟོད་གླགས་མེད་པ་མྱངས་པ་ཡོད་ན་ཡང་།།

ངེས་འབྱུང་སྤུ་སུད་བསམ་པས་ཟིན་པའི་ལམ།

ཐར་འདོད་སེམས་ཀྱི་འཆར་སྒོར་ཡལ་མྱོང་མེད།།

དེ་རིང་ལམ་དུ་འགྲུལ་བཞུད་ཡར་ཞོར་དུ།།

དྲོད་གྲང་མི་སྙོམས་འཁོར་བའི་ཆོས་ཉིད་འདིར།།

བསམ་གཞིགས་བསམ་ཚེ་སྙིང་པོ་མེད་པ་མཐོང་།།

མཚམས་རེར་འཛིན་མའི་འདོད་གཟུགས་མཐོང་བའི་སྐབས།།

དྲན་པའི་ཤིང་རྟའི་ཁ་ལོ་དབང་མེད་ཤོར།།

སེམས་ངོགས་སྲེད་པའི་དྲོད་བཤེར་དལ་གྱིས་འཁོལ།།

གདོང་མཁན་ངོ་ཡང་ཚ་ལ་དགོད་ཡང་བྲོ།།

འཁོར་བས་བལྟོས་ན་གདོང་མཁན་བྲེལ་འཚུབ་བདེན།།

གདོང་མཁན་མཐོང་གསལ་འཁོར་བ་བྲེལ་བསྙུར་དང་།།

སྡུག་བསྔལ་གཉུག་མའི་ཕ་ཁྱིམ་དྲོད་མོ་ཞིག།

        ༢༠༡༩/༡/༨ ལམ་ཞོར་དུ་འཆར་སྣང་གང་དྲན་ཐལ།  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*