བྲག་གཡབ་རྩྭ་བཟང་གླང་པོ་དགོན་པའི་ལོ་རྒྱུས་སྙིང་བསྡུས།


གླང་པོ་དགོན་ཞེས་པ་ནི་གླང་པོ་ཆེའི་སྣ་ཞགས་དང་འདྲ་བའི་རི་བོ་ཞིག་ཏུ་ཆགས་ཡོད་པར་བརྟེན། དགོན་པའི་མིང་ཡང་དེ་ལྟར་ཐོགས་པ་རྒན་རབས་པའི་ཞལ་རྒྱུན་ལས་གྲགས་པ་ལྟར་རོ། དགོན་པ་འདིར་དགུན་ཁར་ལྷགས་རླུང་གི་གྲང་ངད་སྡང་པོ་ཡོད་པས་གྲྭ་པ་ཚོར་དགུན་ཚེ་རིང་དགོན་པར་འདུག་རྒྱུ་དཀའ་ཚེགས་ཀྱང་ཅུང་ཟད་ཡོད། དབྱར་ཁའི་གནམ་གཤིས་བསིལ་ཞིང་རླུང་བུ་འཇམ་པས་དྲོད་གྲང་གི་བབ་ཧ་ཅང་ལེགས། གཡོན་ངོས་ནས་མར་དཔའ་རེ་དང་རྩྭ་བཟང་གི་ལུང་ཚན་མང་པོར་ལག་མཐིལ་དུ་སྐྱུར་རུ་ར་བཞག་པ་ལྟར་དུ་མཐོང་ཐུབ་གྱིན་ཡོད་ཅིང་། རི་ཕར་ངོས་རིའི་སྐེད་དུ་འབེ་ཉ་དགོན་པ་མགུལ་རྒྱན་གྱིས་མགྲིན་པ་བརྒྱན་པ་ལྟ་བུ་ཆགས་ཡོད། དགོན་པའི་གཡས་ངོས་ནས་ཐད་ཀར་ཕར་བལྟས་ན་གླ་ཆུ་ཕར་ཁར་ནས་ཉག་རེ་སེ་བོས་ཕྱག་བཏབ་པར་གྲགས་པའི་ད་ཆར་ཚ་བ་མཛོ་སྒང་གི་ཁོངས་སུ་གཏོགས་པའི་གོ་ཙི་དགོན་པའི་ཡུལ་ལྗོངས་སོགས་ཀྱང་ཁྲ་ཆིལ་ལེ་མཐོང་ཐུབ། གླང་པོ་དགོན་པའི་གྲྭ་གྲངས་༤༥་ཡན་མན་ཙམ་ལས་སྔར་ནས་ད་བར་ཡར་མར་འཕེལ་འགྱུར་འགྲོ་བ་དེ་ཙམ་གྱིས་མ་མཐོང་། དགོན་པ་འདི་ཕྱག་འདེབས་མཁན་ནི་ཕྱི་ལོ་(༡༡༣༨) ཙམ་ལ་འཁྲུངས་ཤིང་རྫུ་འཕྲུལ་ལ་ཐོགས་པ་མེད་པའི་གྲུབ་ཆེན་ཉག་རེ་སོ་བོ་ཞེས་པ་ཞིག་གིས། འབེ་ཉ་དགོན་པ་ཆགས་ས་ནས་མདའ་ཞིག་འཕངས་ཏེ་མདའ་ལམ་བརྒྱུད། ཐད་སོར་དགོན་པ་གསུམ་ཕྱག་བཏབ་པར་གྲགས་པའི། དེའི་ཁོངས་ནས་གླང་པོ་དགོན་པ་འདི་ཉིད་ཀྱང་ཐོག་མར་ཕྱག་འདེབས་པ་པོ་གྲུབ་ཆེན་ཉག་རེ་སེ་བོ་ཡིན་པར་གྲགས་པ་ཙམ་མ་ཟད། དགོན་པ་གསུམ་པོ་དེ་ཡང་རི་སྒང་དུ་ཐད་སོར་ལྟ་བུ་ཡོད། དགོན་པ་འདི་ཐོགས་མར་ཕྱག་བཏབས་དུས་ཆོས་བརྒྱུད་བཀའ་བརྒྱུད་པའི་ཁོངས་གཏོགས་ཡིན་པ་ཡང་། སྲུང་མ་དང་འདོན་རྟ་དབྱངས་སོགས་བཀའ་བརྒྱུད་པའི་ཤུལ་ཡང་ཅུང་ཟད་རེ་ད་དུང་ལྷག་ནས་མཐོང་རྒྱུ་ཡོད། ད་ལྟའི་དགོན་པ་འདི་ནི་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡིན་ཞིང་། སྔ་མོ་ས་སྐྱར་མ་འགྱུར་གོང་ནས་དགོན་པའི་གྲྭ་པ་ཚོར་ཆོས་ཕྱོགས་ཀྱི་སློབ་སྦྱོང་སོགས་དམིགས་བསལ་གང་ཡང་མེད་པར་བརྟེན། གཙང་ངོར་རི་དགོན་ནས་ས་སྐྱ་པའི་བླ་གྲྭ་མང་པོ་འདི་ཕྱོགས་སུ་ཕེབས་སྐབས་དགོན་པ་འདིར་བཞུགས་སྲོལ་ཡོད་པས། དགོན་པའི་གྲྭ་པ་ཚོར་ས་སྐྱའི་ཆོས་བརྒྱུད་ཀྱིས་ཤན་ཤུགས་ཐེབས་ཏེ། དགོན་པའི་ཆོ་ག་ཕྱག་ལེན་དང་འདོན་རྟ་དབྱངས་སོགས་འགྱུར་བ་བྱུང་སྟེ། རིམ་བཞིན་ས་སྐྱ་པའི་ཆོས་བརྒྱུད་འཛིན་པར་གྱུར་འདུག དགོན་པ་འདི་ས་སྐྱར་གྱུར་ནས་དུས་འགྱུར་མ་བྱུང་བར་ངོར་རི་དགོན་པ་དང་འབྲེལ་བ་ཟབ་མོ་བྱུང་སྟེ་འདོན་པ་འདོན་སྟངས་དང་ཆོ་ག་ཕྱག་ལེན་སོགས་ཡོངས་སུ་ངོར་དགོན་པའི་ཐུན་མོང་མ་ཡིན་པའི་ཕྱག་ལེན་རྒྱུད་འཛིན་བྱེད་མཁན་ལྟ་བུ་ཡིན་པ་མ་ཟད། སྡེ་དགོན་གཉིས་ལ་ལོ་རེ་བཞིན་གཙང་ངོར་རི་དགོན་པས་བླ་བསྐོས་ཀྱང་གཏོང་སྲོལ་ཡོད་འདུག དགོན་པ་འདིའི་གྲྭ་པ་ཚོས་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱེད་ས་མཐུན་རྐྱེན་དམིགས་བསལ་མེད་པར་བརྟེན། གཞུང་ཆེན་མོ་ལ་སློབ་གཉེར་བྱས་འདོད་པའི་གྲྭ་པ་རྣམས་ལ་དགོན་པས་མཐུན་རྐྱེན་སྦྱར་ནས་སྡེ་དགེ་རྫོང་སར་དང་། གཙང་ངོར་རི་དགོན་སོགས་ཀྱི་མཚོན་པའི་ཕྱི་ལོགས་ནས་བཤད་གྲྭ་རྣམས་སུ་གང་འདོད་ལྟར། ནང་ཆོས་ལ་སློབ་གཉེར་བྱེད་དུ་འགྲོ་བའི་ལམ་སྲོལ་གནའ་སྔ་མོ་ནས་ད་ལྟ་བར་བྱུང་ཡོད། སྐབས་ཤིག་གི་རིང་ལ་སྡེ་དགེ་རྫོང་སར་ནས་ཐོན་པའི་མཁན་པོ་བཀྲིས་ཟླ་བས་སྣེ་ཁྲིད་དེ། གྲྭ་པ་ཚོ་ས་ཐག་རིང་པོར་སློབ་གཉེར་ཆེད་དུ་བསྐྱོད་མི་དགོས་པ་འདི་རུ་གཞུང་ཆེན་ལ་སློབ་གཉེར་བྱ་ས་ལྟེ་གནས་ཤིག་བཙུགས་ཀྱང་། སྐབས་དེར་དཔལ་འབྱོར་སོགས་ཀྱི་འཁོས་ཀ་ཧ་ཅང་ཞན་པས་མུ་མཐུད་ནས་རྒྱུན་སྐྱོང་སྟེ་ཆེད་འཛུགས་བྱེད་ཐུབ་པ་མ་བྱུང་། ལོ་རྒྱུས་སུ་དཀའ་ཁག་གི་འཇིག་པ་མང་པོ་མྱངས་ནས་འོངས་བའི་དགོན་པ་འདི་ཉིད་ལ་ཉམས་ཉེས་རིམ་པ་མང་པོ་བྱུང་ནས། སྐབས་ཤིག་ལ་སྒྲོ་གླ་ཚང་གི་སྒྲོ་མི་རྟ་འཕུར་ཤེས་ཞེས་པའི་བླ་མ་ཞིག་གིས་ཉམས་གསོ་བྱས་ཡོད་པ་གྲགས་ཀྱང་ཁོང་གི་ལོ་རྒྱུས་སོགས་དམིགས་བསལ་མ་མཐོང་། ཁོང་བཀའ་བརྒྱུད་པའི་ལོ་རྒྱུས་སོགས་སུ་གོ་ས་མཐོན་པོ་འཛིན་མཁན་གྱི་བླ་ཆེན་ཞིག་ཡིན་པ་དང་། དམངས་ཁྲོད་དུ་རྒན་རྒོན་ཚོས་ཁོང་ལ་བྱ་བཞིན་འཕུར་བའི་ནུས་ཡོད་པ་བཤད་རྒྱུན་ཡོངས་སུ་གྲགས་པ་ཞིག་ཁྱབ་འདུག སྒྲོ་མི་རྟ་འཕུར་ཤེས་ཀྱིས་དགོན་པ་འདི་ཉམས་གསོ་བྱས་རྗེས། ལྔ་བཅུ་ལྔ་དགུའི་དུས་འགྱུར་མ་བྱུང་པའི་བར་དགོན་པ་འདི་ཉིད་དང་། ལྷག་པར་ཡུལ་ལུང་འདི་ན་གནས་པའི་ཆོས་བརྒྱུད་དབར་ན་མཐུན་ལམ་ལེགས་པོ་ཞིག་མ་བྱུང་བས། དགོན་པ་ཅུང་ཟད་ཆེ་བ་ཁག་གི་བླ་གྲྭ་ཡོངས་སུ་སྐབས་དེ་དུས་ནང་པའི་ཆོས་བྱེད་མཁན་གྱི་ཆོས་པ་ལྟ་བུ་མིན་པ།

ཕྱོགས་ཞེན་གྱིས་སྨྱོ་ཆུ་འཐུངས་ནས་ལུང་པ་འདིར་ཆོས་ལུགས་གཅིག་སྡུད་ཀྱི་ལམ་ལུགས་ལྟ་བུ་ཞིག་སྤེལ་ཏེ། ཆོས་བརྒྱུད་གཞན་གྱི་དགོན་ཆུང་ཚོར་གཉའ་གནོན་ཚོད་མེད་ཅིག་བཏང་ཡོད་ཚོད་འདུག སྐབས་དེར་དུས་ཁོང་ཚོར་སྟོབས་ཤུགས་གཅིག་དང། རྒྱབ་ཁེན་ས་ཅུང་ཟད་ཡོད་པར་བརྟེན། ལུང་པ་འདིར་ཆོས་བརྒྱུད་གཞན་གྱི་དགོན་ཆུང་ཚོར་གྲྭ་ཁྲལ་དང་། ཤ་ཁྲལ་སོགས་བཀལ་བའི་གནས་ཚུལ་འཇིགས་གཡེར་བ་མང་པོ་དུས་དེང་སང་ཡང་བཤད་རྒྱུན་ལས་ལྷག་འདུག དགོན་པ་འདི་དག་ནི་ཆོས་བརྒྱུད་སོགས་ཁོང་ཚོའི་ཁྱབ་ཁོངས་མིན་ཞིང་། དམིགས་བསལ་འབྲེལ་བ་སོགས་གང་ཡང་མེད་རུང་། ལུང་པ་འདིའི་ནང་གི་དགོན་པ་ཆུང་བའི་གྲས་ལ་ཁྲལ་མང་པོ་བཀལ་རྐྱང་བྱས་འདུག གྲྭ་པ་གསུམ་བཟོ་མཁན་བྱུང་ཚེ་གྲྭ་པ་གཅིག་ཁོང་ཚོར་ཁྲལ་སྤྲད་དགོས་པ་དང་། མང་ཚོགས་ནས་ཤ་ཁོག་གསུམ་ཕུལ་མཁན་བྱུང་ཚེ། ཤ་ཁོག་གཅིག་ཤ་ཁྲལ་དུ་སྤྲད་དགོས་པ་སོོགས། སྐབས་དེ་དུས་གནས་ཚུལ་སྐྱུག་བྲོ་པོ་དེ་ལྟར་ཡང་ཡང་བྱུང་དང་འབྱུང་བཞིན་ཡོད་སྟབས། རྫོང་སར་མཁན་རབས་ལྔ་པ་བྲག་གཡབ་མཁན་པོ་བློ་གྲོས་མཆོག་དེ་དུས་རྫོང་སར་ལ་ལས་ཐོག་མཁན་པོ་ཡིན་འདུག་ཀྱང་། རྫོང་སར་བཤད་གྲྭ་ནས་ཆེད་མངགས་ཕ་ཡུལ་དུ་ཚུར་ཕེབས་ཏེ། ཉིན་ཁར་མ་འཛེམས་པ་ནང་མོལ་ཞི་འགྲིག་བྱེད་ཐབས་སུ་འབད་བརྩོན་སྣ་མང་གནང་འདུག་ཀྱང་ཕན་འབྲས་དེ་ཙམ་མ་བྱུང་པར་བརྟེན། ཆབ་མདོ་སྲིད་གཞུང་ལ་ཁ་མཆུ་ཞུ་གཏུགས་བྱས་དགོས་བྱུང་འདུག ལུང་ཆུང་ནང་གི་དགོན་ཆུང་ཚོའི་བདེན་པའི་འཐབ་རྩོད་ཀྱི་ཆེད་དུ་མཁན་རིན་པོ་ཆེ་བློ་གྲོས་མཆོག་གིས་བློས་བཏང་མང་པོ་མཛད་དེ། ཆབ་མདོ་སྲིད་གཞུང་ལ་ཞུ་གཏུག་བྱེད་ཁར་ཕེབས་ནས་མཐར་ཁ་མཆུ་ཐོབ་ཙམ་བྱུང་འདུག་ཀྱང་། ཆབ་མདོ་སྲིད་གཞུང་གིས་རྫོང་སར་མཁན་རིན་པོ་ཆེ་བྲག་གཡབ་བློ་གྲོས་མཆོག་ལ་འབྱོར་ལྕག་བརྒྱ་ཞུས་འདུག། དེ་ལྟ་བུ་སྔ་མོའི་ཆོས་ལུགས་ཕན་ཚུན་དབར་གྱི་བྱ་སྤྱོད་རྣམས་དུས་དེང་སང་བསམས་ནའང་། ཕྱི་ནས་བཤད་མི་སྤོབས་པའི་འཇིགས་གཡེར་བའི་གནས་སྟངས་ངན་པ་འདི་དང་འདི་ཞེས་བྱ་བ་མང་པོ་ཞིག་བྱུང་ཡོད་ཚོད་འདུག་ཀྱང་ཡོངས་སུ་ངས་ཀྱང་གླེང་མི་སྤོབས། སྐབས་དེ་དུས་དགོན་ཆུང་ཚོ་བཙན་པོའི་གཉའ་གནོན་གྱིས་ཐུབ་ཚོད་འོག་ནས་འཇིག་པ་མང་པོ་ལས་ཐར་ཏེ་དགོན་པའི་ངོ་བོ་མ་སྟོང་ཙམ་སྲུང་སྐྱོབ་བྱས་ཐུབ་པ་བྱུང་འདུག་ཀྱང་། ཕྱིས་སུ་དུས་འགྱུར་གྱིས་བོད་ཁྱོན་ཡོངས་ནས་དགོན་པ་མང་པོ་ཞིག་ལ་ཟློག་མེད་ཀྱི་རྐྱེན་ངན་ཞིག་བྱུང་ནས། རིག་གཞུང་དང་དགོན་པ་མང་པོ་གཏོར་བཅོམ་ཐེབས་བཞིན་པའི་སྐབས་དང་འཁེལ་བར་བརྟེན། དགོན་པ་འདི་ཡང་སྐབས་དེའི་གོད་ཆག་ལས་ཐར་ཐབས་མེད་སྟབས། རྩ་ཆེན་སྐུ་གསུང་ཐུགས་རྟེན་སོགས་ཡོད་ཚད་བོར་བརླགས་སུ་ཤོར་ཏེ། ལོ་ངོ་བཅུ་ཕྲག་རིང་དགོན་པ་འདི་ཡང་གྱང་གོག་ཞིག་རོ་ཞིག་ལས་མེད་པར་ཡུན་རིང་ལུས་ཡོད། དུས་ཕྱིས་སུ་གཞུང་གི་སྲིད་ཇུས་ཅུང་ཟད་བཟང་དུ་ཕྱིན་ནས། བོད་ཀྱི་རིག་གཞུང་སྤྱི་དང་ལྷག་པར་དགོན་སྡེ་ཁག་རྣམས་སྔར་བཞིན་ཉམས་གསོ་བྱེད་ཆོག་པའི་བཀའ་འཁྲོལ་བཟང་པོ་ཞིག་ལེགས་པར་ཕེབས་པ་དང་སྟབས་བསྟུན་ནས། རང་ཅག་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་དགེན་ཟླ་བ་མཆོག་གིས་སྣེ་ཁྲིད་དེ་གོ་སྐབས་བཟང་པོ་དེ་འདྲ་ཞིག་ལ་དམ་ལྷོད་མེད་པ་རང་ནུས་གང་ཡོད་ཀྱིས་རྒྱུ་འབྱོར་སོགས་ཕངས་སེམས་མེད་པ་བཏོན་ཏེ། དགོན་པ་འདི་ཉིད་ཉམས་གསོ་ལེགས་པར་བྱས་ཐུབ་པ་བྱུང་ཡོད་ཀྱང་། དགོན་པའི་རྟེན་སྐུ་རྙིང་པ། རྒྱུ་ལི་དམར་དང་གསེར་གཉིས་ལས་གྲུབ་པའི་སྒྲོལ་མའི་སྐུ་བརྙན་གཅིག་དང་། གླང་པོ་དགོན་ཁ་ནས་རྒྱང་ཐག་ལེ་བར་སྟོང་ཕྲག་འགའ་ཆོད་པའི་གླ་ཆུ་ཕར་ཁར་གོ་ཙི་དགོན་པར་གོ་བར་གྲགས་པའི་ཌ་མ་རུ་སྤུས་ལེགས་ཤིག་ཡོད་འདུག་ཀྱང་། དེ་དག་གི་མཚོན་པའི་དགོན་པའི་རྩ་ཆེན་རིག་དངོས་ཡོངས་སུ། རིག་གནས་གསར་བརྗེའི་སྐབས་སུ་བོར་བརླགས་སུ་ཤོར་ཡོད། དགོན་པ་འདིའི་བོར་བརླགས་ཤོར་བའི་རྩ་ཆེན་རྟེན་རྙིང་པ། ལྷ་སྐུ་སོགས་མང་ཆེ་བ་གཏན་མེད་དུ་གྱུར་ནས་ད་ཆར་མཐོང་ཡུལ་དུ་ལྷག་མེད་ཀྱང་། ཆབ་འོག་གི་འབངས་མི་འགས་སྦས་བསྐུངས་བྱས་པའི་ལྷ་སྐུ་སོགས་རེ་འགའ་ཡོད་པ་རྣམས་དགེན་མཆོག་གིས་ཚུར་རག་ཐབས་ཀྱི་དཀའ་སྤྱད་རིམ་པ་མང་པོ་བསྟེན་ནས། མཐར་རྩ་ཆེན་ལྷ་སྐུ་རྙིང་པ་རེ་བཟུང་ལག་ཏུ་སོན་ནས་ད་ཆར་དགོན་པའི་ནང་དུ་གདན་འདྲེན་ཞུས་ཐུབ་པ་བྱུང་ཡོད། །
བྲག་གཡབ་རྩྭ་བཟང་གླང་དགོན་ཐུབ་བསྟན་དར་རྒྱས་གླིང་གི་ལོ་རྒྱུས་བསྡུས་པ་འདི་ནི་(༢༠༡༩། ༡། ༥། ཉིན་དགེ་བར་ཕུལ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*