ཐུབ་པའི་དགོངས་པ་རབ་ཏུ་གསལ་བ། ༡

༈ ས་སྐྱ་བཀའ་འབུམ་ལས་པོད་༼ཐ་༽པ།

འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་གསུང་པོད་དང་པོ།

ཐ༽༄༅། །སརྦཏོདིདྨཧཱབིཛཡམཉྫུནཱཐོབྷཱུམཱིཔཱཎྜརཿཔཎྜིཏཱནནྡདྷྭཛཤྲཱིབྷདྲཔཱདསྱཔྲཝཙནཾཔུསྟཀཿཔྲཐམཱནྨུནིམཏཔྲཀཱཤནཱམཤཱསྟྲབིཧརཏིསྨ།

༄༅། །ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཆེན་པོ་འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་གསུང་རབ་གླེགས་བམ་དང་པོ་ལས་ཐུབ་པའི་དགོངས་པ་རབ་ཏུ་གསལ་བ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ།།

རྒྱ་གར་སྐད་དུ། མུ་ནི་མཏ་པྲཀཱཤ་ནཱ་མ་ཤཱསྟྲ། ན་མོ་གུ་རུ་ཤྩ་མཉྫུ་གྷོ་ཥཱ་ཡཱ་ད་རེ་ཎ། བོད་སྐད་དུ། ཐུབ་པའི་དགོངས་པ་རབ་ཏུ་གསལ་བ་ཞེས་བྱ་བ། བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །སཾ་ཧི་ཏ་ཡོ་རཱ་ཀརྻ་སྶཾ་བུདྡྷ་ཛི་ནཿཔུཏྲཱ་ཛྫཱ་ཏོ། ཛིཏྶུ་ཏ་ཀཱ་རུ་ཎྱེ་ཤཱུནྱ་ཏྭཱ་ཏྨཀ་བོ་དྷི་ཤྩིཏྟཱ་ཛྫཿ ཕན་བདེའི་འབྱུང་གནས་རྫོགས་པ་ཡི། །སངས་རྒྱས་རྒྱལ་བའི་སྲས་ལས་འཁྲུངས། །རྒྱལ་སྲས་སྟོང་ཉིད་སྙིང་རྗེ་ཡི། །བདག་ཉིད་བྱང་ཆུབ་སེམས་ལས་འཁྲུངས། །དེ་ཕྱིར་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ནས། །རྒྱལ་སྲས་རྣམས་ཀྱི་ལམ་བཟང་ལ། །འཇུག་པའི་རིམ་པ་བསྡུས་ཏེ་བཤད། །བློ་དང་ལྡན་པས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས་འབྱུང་བའི་ལམ་གྱི་རིམ་པ་ནི། རིགས་དང་ཆོས་ལ་མོས་པ་དང༌། །དེ་བཞིན་དུ་ནི་སེམས་བསྐྱེད་དང༌། །སྦྱིན་ལ་སོགས་པ་བསྒྲུབ་པ་དང༌། །སེམས་ཅན་རྣམས་ཡོངས་སྨིན་བྱེད་དང༌། །སྐྱོན་མེད་པ་ལ་འཇུག་ཉིད་དང༌། །ཞིང་ནི་ཡོངས་སུ་དག་པ་དང༌། །མི་གནས་མྱ་ངན་འདས་པ་དང༌། །བྱང་ཆུབ་མཆོག་དང་སྟོན་པ་འོ། །ཞེས་གསུང་པ་དེ་ཉམས་སུ་ལེན་པར་འདོད་ན། ཐོག་མར་སྐལ་བ་དང་ལྡན་པའི་གཞི་རིགས་ངེས་པར་བྱའོ། །དེ་ཡང་མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱས་པ་དང༌། །དེ་ནི་རྟེན་དང་བརྟེན་པ་སྟེ། །ཡོད་མེད་གཉིས་དང་ཡོན་ཏན་ནི། །སྒྲོལ་བའི་དོན་དུ་རིག་པར་བྱ། །ཞེས་གསུངས་པ་ལྟར། རང་བཞིན་གྱི་རིགས་སེམས་ཅན་ཐམས་ཅད་ལ་ཡོད། རྒྱས་པའི་རིགས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཡོད། མ་བསྐྱེད་པ་ལ་མེད། རང་བཞིན་གྱི་རིགས་རྟེན། རྒྱས་པའི་རིགས་བརྟེན་པའོ། །རིགས་ལ་སཾསྐྲྀ་ཏའི་སྐད་དུ་གོ་ཏྲ་ཟེར་ལ། ཨོའི་སྒྲ་ཨུར་བསྒྱུར། རྐྱེན་ཎ་བྱིན་པས་གུ་ཎ། ཏྲ་སོ་སོར་ཕྲལ་ན་ཏཱ་ར་སྟེ། དེ་ལྟར་ཡོན་ཏན་ལ་བརྟེན་ནས་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་སྒྲོལ་བས་ཡོན་ཏན་སྒྲོལ་ཞེས་བྱ་བར་འགྱུར་རོ། །རིགས་དེའི་རྟགས་ནི། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་རྣམས། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་གསུངས་པས། ཆོས་ལ་མ་ཞུགས་པའི་སྔོན་ཉིད་ནས་སྙིང་རྗེ་ཆེ་བ་དང༌། དཀོན་མཆོག་གསུམ་ལ་མོས་པ་དང༌། གཞན་གྱིས་གནོད་པ་བྱས་པ་ལ་བཟོད་པ་ཆེ་བ་དང༌། དགེ་བའི་རྩ་བ་བྱེད་པ་ལ་རང་བཞིན་གྱིས་མོས་པ་སྟེ། འདི་ལྟ་བུ་སུ་ལ་ཡོད་ཀྱང༌། སངས་རྒྱས་ཀྱི་རིགས་ཡོད་པའི་རྟགས་སོ། །རིགས་དེའི་སྐྱོན་ནི། ཉོན་མོངས་གོམས་དང་གྲོགས་ངན་དང༌། །ཕོངས་དང་གཞན་གྱི་དབང་ཉིད་དེ། །མདོར་ན་རིགས་ཀྱི་ཉེས་པ་ནི། །རྣམ་པ་བཞིར་ནི་ཤེས་པར་བྱ། །ཞེས་གསུངས་པ་ལྟར། ཉོན་མོངས་པ་གོམས་པའི་ཤུགས་དྲག་པས་ཟས་དང་ནོར་དང་སེམས་ཅན་ལ་ཆགས་སྡང་ཟློག་ཐབས་མེད་པ་སྐྱེ་བ་དང༌། གྲོགས་ངན་པ་སྟེ། གཉེན་ཚོ་དང་འབྲེལ་བ་དང༌། བླ་མ་ངན་པས་ཆོས་ལ་མི་འཇུག་ཅིང༌། གལ་ཏེ་འཇུག་ནའང་ཆོས་ཡང་དག་པ་ལ་མི་འཇུག་པར་ཕྱིན་ཅི་ལོག་ལ་འཇུག་ལ། ཁྱད་པར་དུ་བླ་མ་ངན་པ་གཅིག་དང་སྔོན་ལ་ཕྲད་ན་དེ་ཉིད་ལ་ཞུས་ན་ཆོས་ནོར་བ་ལས་མི་འབྱུང༌། མ་ནོར་པ་བཤད་པའི་བླ་མ་ལ་ཞུས་ན་ཁོང་མི་དགྱེས་ལ། དེ་དག་གི་ངོ་བསྲུངས་པས་ཆོས་ཡང་དག་པ་དང་མི་འཕྲད་པས་རིགས་ཀྱི་སྐྱོན་དང༌། ཟས་གོས་ཀྱིས་ཕོངས་པས་ཆོས་སྤྱོད་པའི་སྤོབས་པ་ཞུམ་པ་དང༌། ཉེ་དུ་དང་རྒྱལ་པོ་ལ་སོགས་པ་གཞན་གྱི་དབང་དུ་གྱུར་པས་ཆོས་ལ་འཇུག་ཏུ་མི་སྟེར་པ་སྟེ། ཙ་ན་ཀ་ལས། གཞོན་པའི་ཚེ་ན་ཕ་མའི་དབང་གྱུར་ལ། །དར་ལ་བབ་ནས་ཁྱིམ་ཐབ་དབང་དུ་གྱུར། །རྒས་པའི་ཚེ་ན་བུ་ཚའི་དབང་འགྱུར་པས། །བླུན་པོ་རང་དབང་རྟག་ཏུ་ཡོད་མ་ཡིན། །ཞེས་བཤད་པ་ལྟར་རོ། །རིགས་ཆད་པའང་མདོ་སྡེ་རྒྱན་ལས། ལ་ལ་དཀར་པོའི་ཆ་མཐུན་དགེ་བ་མེད། །ལ་ལ་གཅིག་ཏུ་ཉེས་པར་སྤྱོད་རྗེས་འབྲང༌། །ལ་ལ་དཀར་པོའི་ཆོས་ཀུན་རྣམ་པར་བཅོམ། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་གསུངས་པ་ལྟར། རེ་ཞིག་རིགས་ཆད་པ་དང༌། གཏན་དུ་རིགས་ཆད་པ་གཉིས་སོ། །དེ་ལ་རེ་ཞིག་རིགས་ཆད་པ་ལ་བཞི་སྟེ། དཀར་པོའི་ཆ་མཐུན་གྱི་དགེ་བ་མེད་པ། གཅིག་ཏུ་ཉེས་པར་སྤྱོད་པ། དཀར་པོའི་ཆོས་ཀྱི་ས་བོན་བཅོམ་པ། དཀར་པོའི་ས་བོན་ཡོད་ཀྱང་དགེ་བའི་བརླན་གྱིས་མ་སྨིན་པའོ། །གཏན་ནས་རིགས་ཆད་པ་སེམས་ཙམ་པ་འདོད། དབུ་མ་པ་མི་འདོད་མོད་ཀྱི། འོན་ཀྱང་འཁོར་བ་མཐའ་མེད་དུ་འདོད་པ་དེ་དག་ནི་དོན་གྱི་རིགས་ཆད་པ་ཡིན་པར་བལྟ་སྟེ། དཔེར་ན་རྒྱལ་པོ་གསལ་རྒྱལ་གྱི་བྱ་བའམ། རྒྱ་ནག་གི་བྱིས་པའི་གཏམ་རྒྱུད་བཞིན་ནོ།།  ༈  །།གཉིས་པ་ཆོས་ལ་མོས་པ་དང་ཞེས་པའི་དོན་ཆོས་འདི་ལ་མོས་པའི་དོན་དུ་སྐྱབས་སུ་འགྲོ་བ་བཤད་ན་བཞི་སྟེ། སྐྱབས་སུ་འགྲོ་བའི་ངོ་བོ་ངོས་གཟུང་བ་དང༌། དེའི་རང་བཞིན་ངེས་པར་བྱ་བ་དང༌། ངེས་པ་དེའི་བསླབ་བྱ་དང༌། དེ་ལྟར་བསླབ་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས་ལས་མཚན་ཉིད་ནི། ཡུལ་མཆོག་ལ་བརྟེན་པར་ཁས་ལེན་པའོ། །གཉིས་པ་སྒྲའི་དོན་ནི། ཤཱར་ཎཾ་གཙྪཱ་མི་ཞེས་བྱ་བ་སྐྱོབ་པས་ན་སྐྱབས། དེ་ལ་རྟེན་པར་བསྙེན་པས་ན་འགྲོ་བ་སྟེ། དེ་ཡང་མདོ་སྡེ་རྒྱན་ལས། འཚེ་བ་དག་ནི་ཐམས་ཅད་དང༌། །འཇིག་ཚོགས་ཐེག་པ་དམན་པ་དང༌། །ཐབས་མ་ཡིན་དང་ངན་སོང་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་སྐྱབས་སུ་འགྲོ་བའི་དབྱེ་བ་དང༌། དེའི་ཁྱད་པར་གཉིས་སོ། །དང་པོ་ལའང་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པ་གཉིས། འཇིག་རྟེན་པ་ལའང་བློ་འཇིག་རྟེན་པ་དང༌། ཡུལ་འཇིག་རྟེན་པ་གཉིས། འཇིག་རྟེན་ལས་འདས་པ་ལའང་ཐུན་མོང་དང༌། ཐུན་མོང་མ་ཡིན་པ་གཉིས། ཐུན་མོང་བ་ལའང་ཉན་ཐོས་དང༌། རང་སངས་རྒྱས་གཉིས། ཐུན་མོང་མ་ཡིན་པ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དང༌། རྡོ་རྗེ་ཐེག་པ་གཉིས་ཏེ་དེ་ལྟར་དྲུག་གོ །གཉིས་པ་དེའི་ཁྱད་པར་ལ་རྒྱུ་དང༌། ཡུལ་དང༌། དུས་དང༌། ཆེད་དུ་བྱ་བའི་ཁྱད་པར་བཞི་ལས། དང་པོ་ནི། འཇིག་རྟེན་པའི་སྐྱབས་སུ་འགྲོ་བའི་རྒྱུ་འཇིགས་པ་དང་འདོད་པ་གཙོ་ཆེ་ལ། ཉན་ཐོས་དང་རང་སངས་རྒྱས་ལ་འཇིགས་པ་དང་འདོད་པའང་ཡོད་མོད་ཀྱི་རྒྱུ་དད་པ་གཙོ་ཆེ། བྱང་ཆུབ་སེམས་དཔའ་ལ་རྒྱུ་གསུམ་པོ་དེ་ཡང་ཡོད་མོད་ཀྱི་སྙིང་རྗེ་གཙོ་ཆེའོ། །གཉིས་པ་ཡུལ་གྱི་ཁྱད་པར་ནི་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པ་གཉིས་ལས། འཇིག་རྟེན་པ་ལ་ཡུལ་གཉིས་ཏེ། དམན་པ་དང༌། མཆོག་གོ །དང་པོ་ནི། དབང་ཕྱུག་དང་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་དག་གམ། རི་དང་ཤིང་ལ་སོགས་པ་རང་གང་མོས་ལ་སྐྱབས་སུ་འགྲོ་སྟེ། འཇིགས་པས་ཉེན་པ་ཁ་ཅིག་ནི། །ཕལ་ཆེར་རི་དང་ནགས་ཚལ་ལམ། །ལྗོན་ཤིང་ཆེ་ལ་སྐྱབས་འགྲོ་ཡི། །སྐྱབས་དེ་དམ་པ་མ་ཡིན་ཏེ། །སྐྱབས་དེ་ལ་ནི་བརྟེན་ནས་སུ། །འཇིགས་པ་ཆེ་ལས་མི་གྲོལ་ལོ། །ཞེས་གསུངས་པ་ལྟར་རོ། གཉིས་པ་མཆོག་ནི། ཡུལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་ཡང་བློ་འཇིག་རྟེན་པ་སྟེ། ཚེ་འདི་དང་ཕྱི་མའི་འཇིགས་པ་སྐྱོབ་པའམ། ལེགས་པ་ལ་སྨོན་པའི་སྒོ་ནས་སྐྱབས་འགྲོ་བྱེད་པ་སྟེ། བསམ་པ་དེས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོའང་འཁོར་བ་ལས་མི་གྲོལ་བའི་ཕྱིར་རོ། །གཉིས་པ་འཇིག་རྟེན་ལས་འདས་པ་ལ་གཉིས་ཏེ། །ཐུན་མོང་དང༌། ཐུན་མོང་མ་ཡིན་པའོ། །དང་པོ་ལ་གཉིས་ལས་ཉན་ཐོས་ནི། དགེ་འདུན་གྱིས་གཙོར་བྱས་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང༌། རང་སངས་རྒྱས་ཆོས་ཀྱིས་གཙོར་བྱས་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོའོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ་གཉིས་ལས། ཕ་རོལ་ཏུ་ཕྱིན་པ་བ་ནི། སངས་རྒྱས་ཀྱིས་གཙོར་བྱས་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྟེ། རྒྱུད་བླ་མ་ལས། སྤང་ཕྱིར་སླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་གནས་མ་ཡིན་ཏེ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །སྐྱོབ་པ་ཆོས་ཀྱི་སྐུ་ཅན་ཏེ། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་སོ། །གཉིས་པ་རྡོ་རྗེ་ཐེག་པའི་སྐྱབས་སུ་འགྲོ་བའི་ཚུལ་ནི། གསང་སྔགས་ཀྱི་སྐབས་སུ་བཤད་པར་བྱ་བས་འདིར་མི་བཤད་དོ། །དེ་ལྟ་བུའི་དཀོན་མཆོག་གསུམ་ལ་ཡང་ངོས་འཛིན་ལུགས་མི་འདྲ་སྟེ། ཉན་ཐོས་དང་རང་སངས་རྒྱས་ནི་སངས་རྒྱས་ལ་སྐུ་གསུམ་མི་འདོད། རྡོ་རྗེ་གདན་དུ་སངས་རྒྱས་པའི་ཤཱཀྱ་ཐུབ་པ་ལ་སོགས་པ་དེ་ཉིད་སངས་རྒྱས་མཚན་ཉིད་པར་འདོད། ཆོས་ཀྱང་ཐེག་པ་ཆེན་པོ་མི་འདོད། ཉན་ཐོས་ཀྱི་གསུང་རབ་ཉིད་འདོད། དགེ་འདུན་ཡང་བྱང་ཆུབ་སེམས་དཔའ་མི་འདོད་པར་ཉན་ཐོས་ཀྱི་གང་ཟག་བརྒྱད་ཉིད་འདོད་དོ། །ཐེག་པ་ཆེན་པོ་པ་ཕ་རོལ་ཏུ་ཕྱིན་པ་པ་ནི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན། ཆོས་ཐེག་པ་ཆེན་པོ། དགེ་འདུན་ནི་བྱང་ཆུབ་སེམས་དཔའ་ཁོ་ན་འདོད་དོ། །གསང་སྔགས་ཀྱི་དཀོན་མཆོག་གསུམ་ནི་འདིར་མི་བཤད་དོ། །གསུམ་པ་དུས་ཀྱི་ཁྱད་པར་ནི་འཇིག་རྟེན་པ་ཚེ་འདི་ཕྱིའི་རང་དོན་ཕྲ་མོ་ནམ་ཐོབ་པ་ལས་མ་གཏོགས་པ་ཇི་སྲིད་འཚོ་བ་དང་སྙིང་པོ་བྱང་ཆུབ་ཀྱི་བར་གྱི་ཐ་སྙད་མི་ཤེས་ཤིང༌། ཉན་ཐོས་དང་རང་རྒྱལ་ཇི་སྲིད་འཚོ་བ་ལས་མ་གཏོགས་པ་སྙིང་པོ་བྱང་ཆུབ་ཀྱི་བར་གྱི་སྐྱབས་འགྲོ་མི་འདོད་ལ། བྱང་ཆུབ་སེམས་དཔའ་ཇི་སྲིད་སྙིང་པོ་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོའི། གཞན་མི་འདོད་དོ། །དེ་ལ་ཁ་ཅག་ཇི་སྲིད་འཚོ་བའི་སྒྲ། ཚེ་ཇི་སྲིད་འཚོ་བ་ལ་མི་ཟེར་བར་སེམས་ཇི་སྲིད་འཚོ་བ་ཞེས་བྱ་བ་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཉིད་ཡིན། འདི་སེམས་བསྐྱེད་རྐུ་ཐབས་མ་བྱ་བ་ཡིན་ལོ། །དེ་ལྟར་བྱས་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་ཁྱད་མེད་དུ་འགྲོ་ཞིང༌། སོ་སོར་ཐར་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་ཚུལ་གཅིག་ཏུ་འགྱུར་ལ། མདོ་སྡེ་རྒྱན་ལས། ཐེག་པ་ཆེན་པོའི་སྐྱབས་འགྲོ་ཆོས་བཞི་ལྡན་དུ་བཤད་པ་དང་འགལ་ཞིང༌། མདོ་རྒྱུད་གང་ནས་ཀྱང་འདི་འདྲའི་ཚུལ་གསུངས་པ་མེད་པའི་ཕྱིར། ཆོས་རྒྱུས་ཆུང་ལ་འདོད་རྔམས་ཆེས་པའི་སྐྱོན་ཡིན་ནོ། །བཞི་པ་ཆེད་དུ་བྱ་བའི་ཁྱད་པར་ནི། འཇིག་རྟེན་པ་རང་གི་ཚེ་འདི་ཕྱིའི་དོན་ཙམ་ལ་དམིགས་ནས་སྐྱེལ་མ་ལྟ་བུའི་ཚུལ་དུ་སྐྱབས་སུ་འགྲོ། ཉན་ཐོས་ནི་རང་དོན་དུ་དགྲ་བཅོམ་ཐོབ་པར་འདོད་པས། རང་སངས་རྒྱས་རང་དོན་དུ་རྟེན་འབྲེལ་རྟོགས་ནས་སངས་རྒྱས་མི་བཞུགས་པའི་ཞིང་དུ་རང་བྱུང་གི་ཡེ་ཤེས་ཐོབ་པར་འདོད་པས། བྱང་ཆུབ་སེམས་དཔའ་གཞན་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་འདོད་པས་སྐྱབས་སུ་འགྲོའོ། །དེའང་རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་དཔོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་གཞག་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་བསླབ་པར་བྱ་བ་ལ་ཐུན་མོང་གི་བསླབ་བྱ་དང༌། སོ་སོའི་བསླབ་བྱ་གཉིས་སོ། །དང་པོ་ལའང་བསྒྲུབ་པར་བྱ་བ་དང༌། སྤང་བར་བྱ་བ་གཉིས་ལས། བསྒྲུབ་པར་བྱ་བ་ལའང་གསུམ་སྟེ། སྐྱེས་བུ་དམ་པ་དང་འགྲོགས་པ་དང༌། དམ་པའི་ཆོས་མཉན་པ་དང༌། ཆོས་བཞིན་བསྒྲུབ་པའོ། །དང་པོ་ནི། བླ་མ་མཚན་ཉིད་དང་ལྡན་པ་ལ་ཆོས་མཉན་ཞིང༌། ཆོས་བཞིན་སྒྲུབ་པའི་གྲོགས་པོ་ལ་ཡིད་རྟོན་ལ། ཉེ་དུ་འབྲེལ་པ་དང་གཡོག་འཁོར་ཐམས་ཅད་ཆོས་ལ་འཛུད་པའོ། །གཉིས་པ་དམ་པའི་ཆོས་མཉན་པ་ནི། སངས་རྒྱས་ཀྱིས་གསུངས་ངེས་པའི་སྡེ་སྣོད་གསུམ་མམ། དབང་ཐོབ་པ་ཡིན་ན་རྒྱུད་སྡེ་བཞི་མཉན། ཡང་ན་བཀའི་དགོངས་པ་འགྲེལ་བའི་བསྟན་བཅོས་མགོན་པོ་བྱམས་པའམ། ཐོགས་མེད་སྐུ་མཆེད་དམ། ཀླུ་སྒྲུབ་ཡབ་སྲས་སམ། ཕྱོགས་ཀྱི་གླང་པོའམ། ཆོས་ཀྱི་གྲགས་པའམ། སློབ་དཔོན་ཞི་བ་ལྷའམ། ཡོན་ཏན་འོད་ལ་སོགས་པས་མཛད་པའི་ཁུངས་ཐུབ་པའི་ཆོས་མཉན་དགོས་ལ། གསང་སྔགས་ཡིན་ན་ཡང་བྱང་ཆུབ་སེམས་དཔའི་འགྲེལ་བ་གསུམ་མམ། གྲུབ་ཐོབ་རྣམས་ཀྱིས་མཛད་པའི་གྲུབ་པ་སྡེ་བདུན་ནམ། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་དང༌། རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང༌། རྡོ་རྗེ་དྲིལ་བུ་པ་ལ་སོགས་པས་མཛད་པའི་བསྟན་བཅོས་ཁུངས་ནས་བྱུང་བ་མཉན་དགོས་ཏེ། མདོར་ན་སངས་རྒྱས་ཀྱིས་གསུངས། སྡུད་པ་པོས་བསྡུས། གྲུབ་ཐོབ་ཀྱིས་བསྒོམས། པཎྜི་ཏས་བཤད། ལོ་ཙཱ་བས་བསྒྱུར། མཁས་པ་རྣམས་ལ་གྲགས་པ་ཅིག་སངས་རྒྱས་ཀྱིས་བསྟན་པ་ཡིན་པས་དེ་ལ་ཉན་བཤད་སྒོམ་སྒྲུབ་བྱེད་དགོས་སོ། །དེ་རྣམས་ལས་བཟློག་པའི་ཆོས་གཅིག་བྱུང་ན་ཟབ་ཟབ་འདྲ་ཡང་སངས་རྒྱས་ཀྱི་བསྟན་པ་མ་ཡིན་པས་ཉན་བཤད་བསྒོམ་བསྒྲུབ་བྱར་མི་ཉན་ནོ། །ལེགས་ལེགས་འདྲ་བ་མུ་སྟེགས་དང་ཆོས་ལོག་གཞན་ལའང་འདུག་སྟེ་སངས་རྒྱས་ཀྱི་བསྟན་པ་མ་ཡིན་པས་དོར་ལ་བཞག་གོ །གསུམ་པ་ཆོས་བཞིན་དུ་བསྒྲུབ་པ་ལ་གཉིས་ཏེ། སྤྱིར་སྡེ་སྣོད་དང་མཐུན་པར་བྱ་བ་དང༌། བྱེ་བྲག་ཏུ་འཕྲལ་གྱི་སྤྱོད་པ་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི། སྤྱོད་པ་འདུལ་བ་དང་མཐུན། སྒོམ་པ་མདོ་སྡེ་དང་མཐུན། བཤད་པ་མངོན་པ་དང་མཐུན། གསང་སྔགས་རྒྱུད་སྡེ་དང་མཐུན་པ་ཅིག་དགོས། དེང་སང་བོད་འདི་ན་སྡེ་སྣོད་གསུམ་དང་མི་མཐུན། རྒྱུད་སྡེ་བཞི་དང་འགལ་བའི་ཆོས་པ་ངོ་མཚར་ཅན་དུ་བྱེད་པ་མང་པོ་འདུག་སྟེ། ངས་ཅི་ཡིན་ངོ་མ་ཤེས་སོ། །གཉིས་པ་བྱེ་བྲག་ཏུ་འཕྲལ་གྱི་སྤྱོད་པ་ཇི་ལྟར་བསྒྲུབ་པ་ནི། འདུག་པའི་ཚེ་དཀོན་མཆོག་གསུམ་ལ་བརྟེན་པར་བསམ། འགྲོ་བའི་ཚེ་སྤྱིར་དཀོན་མཆོག་གསུམ། ཁྱད་པར་དུ་གར་འགྲོ་བའི་ཕྱོགས་ཀྱི་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་ཅིང་འགྲོ་སྟེ། དབུས་ན་སངས་རྒྱས་རྣམ་པར་སྣང་མཛད། ཤར་ཕྱོགས་ན་མི་འཁྲུགས་པ། ལྷོ་ཕྱོགས་ན་རིན་ཆེན་འབྱུང་ལྡན། ནུབ་ཕྱོགས་ན་སྣང་བ་མཐའ་ཡས། བྱང་ཕྱོགས་ན་དོན་ཡོད་གྲུབ་པ་བཞུགས་པ་རྣམས་ལ་གསོལ་བ་འདེབས་ཤིང་ཕྱིན་པས་གནས་སྐབས་ཀྱི་བར་ཆད་ཞི། བསམ་པ་འགྲུབ། མཐར་ཐུག་སངས་རྒྱས་རྣམས་དང་མཇལ་བ་འཐོབ་བོ། །ཟས་ཟ་བའི་ཚེ་ཡང་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད། དེའང་ཡི་དམ་བླང་བའི་ཆོ་ག་དང༌། སློབ་དཔོན་མེ་ཏྲཱི་བའི་ལྟ་བ་ངན་སེལ་དང༌། ཆོས་རྗེ་ས་སྐྱ་པ་ཆེན་པོའི་ལས་དང་པོ་པའི་བྱ་བ་ལ་སོགས་པ་ནས་གསུངས་པ་ལྟར། ཨོཾ་མ་ཧཱ་གུ་རུ་བཛྲ་ནཻ་བི་དྱ་ཨཱཿཧཱུྃ། ཞེས་པས་བླ་མ་ལ་ནཻ་བིདྱ་གཅིག་དབུལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་གྱི་ལྷ་རྣམས་ལ་སོ་སོར་གྲུབ་ནའང་ལེགས་མོད་ཀྱི་སྤྱི་ལ། ཨོཾ་སརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ་བཛྲ་ནཻ་བི་དྱ་ཨཱཿཧཱུྃ། ཞེས་པས་ཐུན་མོང་དུ་ནཻ་བི་དྱ་གཅིག་དབུལ། དེ་ནས་གཏོར་མ་ཟ་བ་རྣམས་ལ་གཏོར་མ་གཅིག་སྦྱིན་ཏེ། དེའང་འབྱུང་པོ་སྤྱིའི་གཏོར་མའི་སྔགས་ནི། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ཡིན་པར་གསུངས་ལ། ཡི་དྭགས་ལ་ནི་ཁ་འབར་མའི་གཏོར་མས་སྦྱིན་ཏེ། དེའང་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་བྱ་བའི་སྔགས་སྔོན་ལ་བརྗོད་ནས་དེ་བཞིན་གཤེགས་པ་བཞིའི་མཚན་ཕྱི་ནས་བརྗོད་པ་གཟུངས་ནས་གསུངས་པས་དེ་བཞིན་དུ་བྱའོ། །ཁ་ཅིག་སྔོན་ལ་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ནས་སྔགས་ཕྱི་ནས་བརྗོད་པའི་ལག་ལེན་བྱེད་པ་ཡོད་དེ། སངས་རྒྱས་ཀྱིས་མ་གསུངས་པས་མ་དག་པ་ཡིན་ནོ། །ཆུ་སྦྱིན་ཡང་ཆུ་རྐྱང་པ་ཟས་དང་མ་འདྲེས་པ་དགོས། འདྲེས་ན་ཡི་དྭགས་འཇུར་གེགས་ཅན་གྱིས་མི་ཐོབ་པར་གསུངས་པས་ཆུ་སྦྱིན་ལ་ཟན་འཇུག་པའང་སངས་རྒྱས་ཀྱིས་མ་གསུངས་སོ། །དེ་ནས་ཆང་བུ་གཅིག་ཨོཾ་ཧ་རི་ཏེ་སྭཱ་ཧཱ། ཞེས་པས་གནོད་སྦྱིན་མོ་འཕྲོག་མ་ལ་སྦྱིན། ཡང་ཨོཾ་ཧ་རི་ཏེ་བཛྲ་ཡཀྵི་ནི་སྭཱ་ཧཱ། ཞེས་པས་འཕྲོག་མའི་བུ་ལྔ་བརྒྱ་ལ་ཆང་བུ་གཅིག་སྦྱིན། དེ་ནས་ཕུད་ལ་དབང་བའི་འབྱུང་པོ་སྤྱི་ལ། ཨོཾ་ཨ་གྲ་པིཎྜ་ཨ་སི་བྷྱཿསྭཱ་ཧཱ། ཞེས་པས་ཆང་བུ་གཅིག་སྦྱིན་ནོ། །དེའང་འཕྲོག་མའི་མདོ་ལས། ང་སྟོན་པར་ཁས་འཆེ་བ་རྣམས་ཀྱིས་གནོད་སྦྱིན་མོ་འཕྲོག་མ་ལ་ཆང་བུ་བྱིན་ཅིག་ཅེས་གསུངས་ལ། རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང༌། ཟས་ཀྱི་ཕུད་ལ་ཆང་བུ་སྦྱིན། །ཅེས་གསུངས་པ་དང༌། དེ་བཞིན་དུ་དུས་ཀྱི་འཁོར་ལོ་ལ་སོགས་པ་མདོ་རྒྱུད་མང་པོ་ནས་གསུངས་སོ། །དེང་སང་བོད་འདི་ན་སངས་རྒྱས་ཀྱིས་གསུངས་པའི་གཏོར་མ་དང་ཆང་བུ་ལ་སོགས་པ་མི་བྱེད་པར། བཙན་མཆོད་པའི་ཡས་སྟགས་ལྟར་འབྲང་རྒྱས་དང་གྲུ་གསུམ་ལ་སོགས་པ་བྱེད་པ་མཐོང་སྟེ། སངས་རྒྱས་ཀྱི་བསྟན་པ་ཡིན་མ་ཡིན་ཐེ་ཚོམ་ཟའོ། །དེས་ན་ཟས་ཀྱི་རྣལ་འབྱོར་ཡང་རང་རང་གི་གཞུང་དང་མཐུན་པར་བྱས་ལ་བཟའ་འོ། །ཉལ་བའི་རྣལ་འབྱོར་ཡང༌། མགོན་པོ་མྱ་ངན་འདས་གཟིམས་ལྟར། །འདོད་པའི་ཕྱོགས་སུ་ཉལ་བར་བྱ། །ཞེས་གསུངས་པ་ལྟར་མགོ་ཤར་རམ་བྱང་དུ་བསྟན་ལ་གཞོགས་གཡས་པ་འོག་ཏུ་བཅུག་སྟེ་སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་ནས་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་སྟོང་པ་ཉིད་ཀྱི་ངང་ལ་ཉལ་ལོ། །ལྡང་བའི་དུས་སུ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུའི་ང་རྒྱལ་གྱིས་ལངས་ལ་བྱ་བ་ཐམས་ཅད་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་བཞིན་དུ་བྱའོ། །གཞན་ཡང་བདེ་བ་དང་སྐྱིད་པ་ཅི་བྱུང་ཡང་བླ་མ་དང་དཀོན་མཆོག་གསུམ་ལ་དབུལ། ན་ཚ་དང་སྡུག་བསྔལ་ཅི་བྱུང་ཡང་བླ་དང་དཀོན་མཆོག་གསུམ་ལ་བློ་གཏད། དེ་ལ་སྔགས་ཟློས་དང༌། དམིགས་པ་དང༌། སྨན་དཔྱད་དང༌། ཀློག་འདོན་པ་ལ་སོགས་པ་ཐམས་ཅད་ཀྱང་ཆོས་དཀོན་མཆོག་གི་ཡན་ལག་ཡིན་པས་སྐུར་པ་མི་གདབ་པར་འབད་ལ་བྱའོ། །འདི་ལ་ཁ་ཅིག་སྨན་དཔྱད་དང་ཀློག་འདོན་པ་ལ་སོགས་པ་བྱས་ན། ཆོས་དཀོན་མཆོག་ལ་བློ་མ་ཁེལ་བ་ཡིན་སྨན་དཔྱད་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་བཟང༌། སྨན་ཟོས་ན་སྐྱབས་འགྲོ་ལ་གནོད་ཟེར་བ་ཡོད་དེ། དེ་ལྟ་ན་འདུལ་བ་ལུང༌། སྨན་གྱི་གཞི་ལས་དགེ་སློང་ནད་པས་སྨན་པ་དང་སྨན་བསྟེན་པར་གསུངས་པ་དང༌། བཟའ་བཏུང་ཡང་སྨན་རྣམ་བཞིའི་གཅིག་ཏུ་གསུངས་པ་བཟའ་བཏུང་ཟོས་པས་ཀྱང་སྐྱབས་འགྲོ་ཉམས་པར་འགྱུར་རོ། །དེ་ནས་བཟའ་བཏུང་ཟ་བཞིན་དུ་སྨན་ཟོས་ན་སྐྱབས་འགྲོ་ལ་གནོད་ཟེར་བ་ག་ལ་རིགས། མཁས་པས་མཐོང་ན་ཁྲེལ་བར་འགྱུར་རོ། །གཞན་ཡང་སྲོག་དང་བྱ་དགའི་ཕྱིར་ཡང་དཀོན་མཆོག་གསུམ་མི་སྤང་ཞིང་བྱ་བ་ཅི་དང་ཅི་བྱེད་པ་ཐམས་ཅད་དཀོན་མཆོག་གསུམ་གྱི་ཞབས་ཏོག་བྱ་བ་ལ་བསླབ་བོ། །གཉིས་པ་སོ་སོའི་བསླབ་བྱ་ནི། མདོ་ལས། གང་ཞིག་སངས་རྒྱས་སྐྱབས་སོང་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་བ། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་སོང་བ། །མུ་སྟེགས་གཞན་ལ་ཕྱོགས་མི་བྱེད། །ཅེས་གསུངས་པས་སངས་རྒྱས་ལ་སྐྱབས་སུ་སོང་ན། ལྷ་གཞན་ལ་སྟོན་པར་མི་གཟུང༌། དམ་པའི་ཆོས་ལ་སྐྱབས་སུ་སོང་ན། སེམས་ཅན་ལ་འཚེ་བ་མི་བྱེད། དགེ་འདུན་ལ་སྐྱབས་སུ་སོང་ན། མུ་སྟེགས་ཅན་ལ་སློབ་དཔོན་དུ་མི་བྱའོ། །གཞན་ཡང་སངས་རྒྱས་ལ་སྐྱབས་སུ་སོང་ན། ལྷ་གཞན་ལ་སྟོན་པར་མི་གཟུང༌། ཆོས་ལ་སྐྱབས་སུ་སོང་ན། ཆོས་མ་ཡིན་པ་ལ་ལམ་དུ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ན། དགེ་འདུན་མ་ཡིན་པ་ལ་གྲོགས་དང་མཆོད་གནས་སུ་མི་གཟུང་ངོ༌། །ཆོས་སྐྱོང་དང་ཕྱོགས་སྐྱོང་བཅུ་ལ་སོགས་པ་འཇིག་རྟེན་པའི་ལྷ་ལ་ཕྱག་དང་མཆོད་པ་དང་གཏོར་མ་ཙམ་བྱས་པས་སྐྱབས་འགྲོ་མི་འཇིག་གི དེ་དག་ལ་སྐྱབས་འགྲོ་བྱས་ན་སྐྱབས་འགྲོའི་སྡོམ་པ་འཇིག་སྟེ། དཔེར་ན་འབངས་ཀྱིས་རང་གི་ཇོ་བོ་མ་ཡིན་པ་ལ་ཕྱག་དང་མཆོད་པས་བྱས་ཀྱང་རང་གི་ཇོ་བོའི་ར་བ་ལས་མི་འདའ་ཡི། ཇོ་བོ་ལས་གཞན་ལ་སྐྱབས་བཅོལ་ན་ཇོ་བོས་རྟེན་མ་ཐུབ་པས་ཇོ་བོའི་ར་བ་ལས་འདས་པ་བཞིན་ནོ། །དེང་སང་བོད་འདི་ན་ཁ་ཅིག ཐང་ལྷ་ལ་སོགས་པ་ལ་ཇོ་བོ་ཞེས་བརྗོད་ན། སྐྱབས་འགྲོ་ལ་གནོད་ཟེར་བཞིན་དུ་ཕྱོགས་སྐྱོང་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་དང་ཡུལ་གྱི་ལྷ་ཚུན་ཆད་ལ་སྐྱབས་འགྲོ་བྱེད་པ་མཐོང་སྟེ། དེ་ལྟར་བྱས་ན་སྐྱབས་འགྲོའི་སྡོམ་པ་ལ་གནོད་དོ། །གལ་ཏེ་འདི་དག་བྱང་ཆུབ་སེམས་དཔའི་དགེ་འདུན་ཡིན་ནོ་ཞེ་ན། །དེ་ལྟ་ན་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱས་པ་ཉིད་ཀྱི་ཁོངས་སུ་འདུའོ། །དེ་ལྟ་མ་ཡིན་པར་དགོས་སུ་སྐྱབས་འགྲོ་བྱས་ན། མུ་སྟེགས་བྱེད་དང་འདྲེས་ནས་འགྲོ་སྟེ། མུ་སྟེགས་བྱེད་ཀྱང་བརྒྱ་བྱིན་དང་ཚངས་པ་དང་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་སྐྱོང་བ་ཉིད་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །ཁ་ཅིག་ཆོས་ལ་འགོམས་པ་ལ་སོགས་པ་མ་གུས་པའམ། ཆོས་ལ་ཉོ་ཚོང་ངམ་རྟེང་པར་བཅུག་པ་ལ་སོགས་པས་ཆོས་སྤངས་པར་འགྱུར་བས། ཆོས་ཀྱི་སྐྱབས་འགྲོ་འཆོར་ཟེར་བཞིན་དུ། ཆོས་ཉན་བཤད་བཀག་པས། སྐྱབས་འགྲོ་ལ་མི་གནོད་སྙམ་ནས་ཉན་བཤད་མ་བྱེད་ཅེས་ཟེར་བ་འདུག་སྟེ། སྤྱིར་ཆོས་ལ་ཉོ་ཚོང་བྱས་པའང་ཉེས་པ་ཆེ་མོད་ཀྱི། འོན་ཀྱང་ཉོ་བ་པོའི་སར་ཡང༌། ཀློག་པ་ལ་སོགས་པ་རྒྱུན་མི་འཆད་པས་རང་ཉམས་པར་འགྱུར་གྱི་བསྟན་པ་སྤྱི་འཇིག་མི་ནུས་ལ། ཉན་བཤད་བཀག་ན་མཁས་པ་རྒྱུན་འཆད། ཆོས་ཤེས་པ་མེད་ན་པུ་སྟི་མང་ཡང་སངས་རྒྱས་ཀྱི་བསྟན་པ་ཞིག་པ་ཡིན། དེས་ན་ཉེས་པ་ཆུང་བའི་ཆོས་འཚོང་བ་ལ་སོགས་པ་ལ་འཇིགས་ལ། ཉེས་པ་ཆེ་བའི་ཉན་བཤད་འགོག་པ་དེ་དག་གིས་ཆོས་ཀྱི་སྐྱབས་འགྲོའི་རྩ་བ་མ་གོ་པ་ཡིན་ནོ། །ཡང་ལ་ལ་གོས་སེར་པོ་ལ་འགོམས་པས་དགེ་འདུན་གྱི་སྐྱབས་འགྲོ་འཆོར་ཟེར་བཞིན་དུ། སྡོམ་བརྩོན་རྣམས་དང་སྡེ་སྣོད་འཛིན་པ་ཆེན་པོ་རྣམས་ལ་གནོད་ཅིང་མ་གུས་པར་བྱེད་པ་མཐོང་སྟེ། དེ་ཡང་སེར་པོ་ལ་འགོམས་པས་མ་གུས་བའི་ཡན་ལག་ཏུ་འགྱུར་གྱི་སྐྱབས་འགྲོའི་དངོས་གཞི་མི་ཉམས། སྡོམ་བརྩོན་དང་སྡེ་སྣོད་འཛིན་པ་ལ་མ་གུས་ཤིང་རྣམ་པར་འཚེ་ན། དགེ་འདུན་གྱི་སྐྱབས་འགྲོ་ལ་གནོད་པ་ཡིན། འདི་ལྟ་བུའི་རིགས་ཅན་གྱི་བྱེ་བྲག་ཐམས་ཅད་ལེགས་པར་ཕྱེ་སྟེ་ཤེས་པར་བྱའོ། །བསླབ་པར་བྱ་བ་གཞན་ཡི་གེ་མངས་ཀྱིས་དོག་ནས་མ་བྲིས་པས་མདོ་བསྟན་བཅོས་རྣམས་སུ་བལྟ་བར་བྱའོ། །བཞི་པ་དེ་ལྟར་བསླབ་པའི་ཕན་ཡོན་ལའང༌། གནས་སྐབས་ཀྱི་ཕན་ཡོན་དང༌། མཐར་ཐུག་གི་ཕན་ཡོན་གཉིས་སོ། །དང་པོ་ལའང་གཉིས་ལས། བྲལ་བའི་ཕན་ཡོན་ནི། ལོག་པར་མོས་པའི་ལས་ཀྱི་སྒྲིབ་པ་སྦྱོང་བ་དང༌། མི་དང་མི་མ་ཡིན་པའི་གནོད་པས་མི་ཚུགས་པ་དང༌། ལུས་ཀྱི་ན་ཚ་དང༌། སེམས་ཀྱི་སྡུག་བསྔལ་ཆུང་ནུས་ཤིང༌། མདོར་ན་མི་མཐུན་པའི་ཕྱོགས་མཐའ་དག་སྦྱོང་བའོ། །དེ་ཡང་བསམ་པ་ཞེ་ཐག་པ་མེད་ཀྱང་ངག་ཏུ་བརྗོད་པ་ཙམ་ལ་ཕན་ཡོན་འབྱུང་བར་གསུངས་ཏེ། སྔོན་རྒན་ཞུགས་བློན་པོ་གཅིག་ལ། སྦྱིན་བདག་མོ་ཞིག་དད་དེ་རས་ཟུང་སྦྱར་ཕུལ་ནས་ཆོས་ཞུས། དེར་ཆོས་བཤད་རྒྱུ་མ་རྙེད་ནས་ཡི་མུག་སྟེ། མི་ཤེས་པ་ང་སྡུག་བསྔལ་ཞེས་ཡང་ཡང་བཟླས། དེར་སྦྱིན་བདག་མོས་རྒྱུ་མི་ཤེས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བར་རྟོགས་ཏེ་བདེན་པ་མཐོང༌། དེར་སློབ་དཔོན་གྱིས་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཞེས་བསྔགས་པ་བརྗོད། དེར་རྐུན་པོ་ཞིག་གིས་བླུན་པོ་འདི་ལས་རས་བརྐུ་བར་བྱ་སྙམ་དུ་བསམས་ནས་ཕྱི་བཞིན་འབྲངས་སོ། །དེར་རྒན་ཞུགས་དེ་ཁང་པར་ཞུགས་པ་དང༌། རྐུན་པོས་རས་བྱིན་ཅིག་བཟླས། རྒན་ཞུགས་སྐྲག་པས་ཕྱིར་འབྱུང་མི་ནུས་ཀྱིས་ཁང་པའི་རྒྱ་སྐར་ནས་ལོང་ཅིག་བཟླས། རྐུན་མས་ལག་པ་གཅིག་གིས་བླངས་པས། རྒན་ཞུགས་ཀྱིས་ཁོ་བོ་ལ་ཡང་སྦྱིན་བདག་གིས་ལག་པ་གཉིས་ཀས་བྱིན། ཁྱོད་ཀྱང་ལག་པ་གཉིས་ཀས་ལོང་ཅིག་སྨྲས། དེར་གཉིས་ཀ་བརྐྱང་པ་ན་ཐག་གུས་བཀྱིགས་ནས་ཀ་བ་ལ་བཏགས། དེ་ནས་རྒན་ཞུགས་ཕྱིར་བྱུང་སྟེ་སྐྱབས་འགྲོའི་ལད་མོ་གྱིས་ཞེས་བསྒྲགས་ནས་དཀོན་མཆོག་གསུམ་གྱི་སྐྱབས་འགྲོ་རེ་ལ་དབྱུགས་པ་ན་ངེས་པ་རེ་བརྒྱབ། དེར་རྐུན་མ་བཏང་སྟེ། འཐེང་ཞིང་ཆུ་འགྲམ་ཞིག་ཏུ་ཕྱིན་པ་དང༌། འགྲོན་པོ་ཞིག་གིས་ཁྱོད་ཅི་སྟེ་འཐེང་ཞེས་དྲིས། སྨྲས་པ། ཁོ་བོ་རྐུན་མ་ཞིག་ན། ཁོ་བོ་བས་ཀྱང་རྐུན་ཆེན་དགེ་སྦྱོང་ཞིག་སྟེ། སྐྱབས་འགྲོ་རེ་དང་དབྱུག་པ་རེ་བསྡེབས་ནས་བརྡུངས། སངས་རྒྱས་མངོན་ཤེས་མངའ་བས་སྐྱབས་འགྲོ་གསུམ་དུ་བསྡུས། སྐྱབས་འགྲོ་བཞི་པ་སྲིད་ན་ཁོ་བོ་གདོན་མི་ཟ་བར་སྲོག་དང་བྲལ་ཟེར་ནས། སངས་རྒྱས་ལ་དད་བཞིན་དུ་ཟམ་པ་གཅིག་གི་འོག་ཏུ་ཆུར་ཞུགས། དེའི་ཚེ་མི་མ་ཡིན་པ་དཔག་ཏུ་མེད་པས་ཟམ་པ་ལ་འགྲོ་བར་བརྩམས་པ་ན་འགྲོ་མ་ནུས། བསམས་པ་སྔར་ཁོ་བོ་ཅག་བདེ་བླག་ཏུ་འགྲོ་ནུས་པ་ལ་འདི་ཅིས་ལན། མི་དེ་ལ་སྨྲས་པ་ཁྱེད་ཀྱིས་རིག་པ་ཅི་ཤེས། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིག་ཤེས། དེ་ལས་གཞན་མི་ཤེས་ཟེར་བ་དང༌། གདོན་དེ་དག་ཀྱང་སྐྱབས་འགྲོ་ལ་ངེས་ཤེས་སྐྱེས་ཏེ་ཚེ་འཕོས་ནས་ལྷར་སྐྱེས་ཞེས་གྲག རྐུན་པོ་དེ་ཡང་སངས་རྒྱས་ལ་དད་ནས་རབ་ཏུ་བྱུང་ཞེས་ཐོས་སོ། །གཉིས་པ་ཐོབ་པའི་ཡོན་ཏན་ལའང་མིང་འཕོ་བ་དང༌། དོན་འཕོ་བ་གཉིས་ལས། དང་པོ་ནི། སངས་རྒྱས་པ་ཞེས་བྱ་བའི་མིང་འཐོབ་པ་དང༌། དམ་པ་དམ་པ་ཞེས་བྱ་བའི་གྲངས་སུ་ཆུད་པའོ། །གཉིས་པ་དོན་འཕོ་བ་ནི། ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་གནས་སུ་འགྱུར་པ་དང༌། སྤྱིར་བསྲུང་བ་ཆེན་པོར་འགྲོ་བ་དང༌། བྱེ་བྲག་ཏུ་བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་བསྲུང་བ་དང༌། ཚོང་པས་སྐྱེལ་མ་རྙེད་པ་ལྟར། ཚེ་འདིར་བློ་བདེ། སྐྱེ་བ་ཐམས་ཅད་དུ་དཀོན་མཆོག་གསུམ་དང་མི་འབྲལ་བའི་གདེང་ཐོབ་པའོ། །གཉིས་པ་མཐར་ཐུག་གི་ཕན་ཡོན་ལ་རང་ལ་འབྱུང་བ་དང༌། གཞན་ལ་འབྱུང་བ་གཉིས་ལས། དང་པོ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བས་རང་མངོན་པར་རྫོགས་པར་འཚང་རྒྱ། ཆོས་ལ་སྐྱབས་སུ་སོང་བས། ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར། དགེ་འདུན་ལ་སྐྱབས་སུ་སོང་བས། འཁོར་དགེ་སློང་གི་དགེ་འདུན་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པ་འདུ་བའི་རྟེན་འབྲེལ་དུ་འགྱུར་བ་ཡིན་ནོ། །གཉིས་པ་གཞན་ལ་འབྱུང་བའི་ཕན་ཡོན་ནི། བདག་དེ་ལྟར་གྲུབ་པའི་སྟོབས་ཉིད་ཀྱིས་གདུལ་བྱ་རྣམས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་རིམ་གྱིས་ཚུད་ནས་དཀོན་མཆོག་གསུམ་མངོན་དུ་འགྲུབ་པའོ།།  ༈  །།གསུམ་པ་སེམས་བསྐྱེད་ལ་གཉིས་ཏེ། ཉན་ཐོས་ཀྱི་སེམས་བསྐྱེད་དང༌། ཐེག་པ་ཆེན་པོའི་སེམས་བསྐྱེད་དོ། །དང་པོ་ལ་དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་སེམས་བསྐྱེད་པ་གསུམ་ཡོད་མོད་ཀྱི་ཐེག་པ་དམན་པ་ཡིན་པས་འདིར་མི་བཤད་དོ། །གཉིས་པ་ཐེག་པ་ཆེན་པོ་ལའང༌། སེམས་ཙམ་དང༌། དབུ་མ་གཉིས་ལས། སེམས་ཙམ་པའི་སེམས་བསྐྱེད་མགོན་པོ་བྱམས་པའི་བཀའ་སྲོལ་སློབ་དཔོན་ཐོགས་མེད་ཀྱི་རྗེས་སུ་འབྲང་བ། བྱང་ཆུབ་སེམས་དཔའི་ས་ལས་འབྱུང་བ་སྡོམ་པ་ཉི་ཤུ་པའི་ལུགས་དེ་ཡིན་ལ། དབུ་མ་པའི་ལུགས་ནི། འཕགས་པ་འཇམ་དཔལ་གྱི་བཀའ་སྲོལ། སློབ་དཔོན་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བ། ཕལ་པོ་ཆེ་ལས་བྱུང་བ་སྤྱོད་འཇུག་གི་ལུགས། ཛེ་ཏཱ་རི་ལ་སོགས་པས་མཛད་པ་དེ་ཡིན་ནོ། །དེ་གཉིས་ཀྱི་སློབ་དཔོན་གྱི་མཚན་ཉིད་དང༌། ཆོ་ག་དང༌། བསླབ་བྱ་ལ་སོགས་པ་མི་མཐུན་པའི་ཁྱད་པར་དང༌། བྱེ་བྲག་ཏུ་དབུ་མ་པའི་ལུགས་ཀྱི་ཆོ་ག་དང༌། བསླབ་བྱ་ལ་སོགས་པ་ཁོ་བོས་བྱས་པའི་སེམས་བསྐྱེད་ཀྱི་ཆོ་གའི་ཡི་གེར་གསལ་བས་དེར་བལྟ་བར་བྱའོ། །སྤྱིར་སོ་སོར་ཐར་པའི་སྡོམ་པ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད། གསང་སྔགས་ཀྱི་དབང་བསྐུར་རྣམས་ཆོ་ག་ལས་སྐྱེ། བསམ་གཏན་གྱི་སྡོམ་པ། ཟག་པ་མེད་པའི་སྡོམ་པ། དོན་དམ་པའི་སེམས་བསྐྱེད་རྣམས་ཆོ་ག་ལས་མི་སྐྱེ་བར་གསུངས། འོ་ན་རྣམ་སྣང་མངོན་བྱང་ལས་ཡན་ལག་བདུན་པའི་སྐབས་སུ། དོན་དམ་པའི་སེམས་བསྐྱེད་ཀྱི་ཚིག་ལན་གསུམ་གསུངས་པ་དང་འགལ་ལོ་སྙམ་ན། འདིའི་ལན་ལ་མགོ་བསྒྲེའི་ལན་དང༌། རྣལ་མའི་ལན་གཉིས་སོ། །དང་པོ་ནི། ཁྱེད་ཀྱང་ཕྱག་རྒྱ་ཆེན་པོ་སྒོམ་མེད་དུ་འདོད་ན། དེ་ཉིད་བསྡུས་པར་ཕྱག་རྒྱ་ཆེན་པོ་བསྒོམ་པར་བཤད་པ་དང་འགལ་ལོ། །དེ་ཉིད་བསྡུས་པ་རྣལ་འབྱོར་གྱི་རྒྱུད་ཡིན། དེ་ལ་ལྷའི་སྐུ་བསྒོམ་པ་ལ་ཕྱག་རྒྱ་ཆེན་པོ་བཏགས་པ་ཡིན་གྱི། རྣལ་འབྱོར་ཆེན་པོའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་དངོས་མིན་སྙམ་ན། འོ་ན་རྣམ་སྣང་མངོན་བྱང་ཡང་སྤྱོད་པའི་རྒྱུད་ཡིན་ལ། ཡེ་ཤེས་ཀྱི་ཚོགས་བསག་པའི་སྔགས་ལ་དོན་དམ་སེམས་བསྐྱེད་ཀྱི་མིང་བཏགས་པ་ཡིན་གྱི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་དོན་དམ་སེམས་བསྐྱེད་ཀྱི་ཆོ་ག་བཤད་པ་མ་ཡིན་ནོ། །རྣམ་སྣང་མངོན་བྱང་གསང་སྔགས་ཡིན་ཡང་དེ་ཉིད་ཀྱི་ལུགས་ཕ་རོལ་ཏུ་ཕྱིན་པ་བ་ལ་བྱས་ན་ཅི་འགལ་སྙམ་ན། དེ་ཉིད་བསྡུས་པ་ཡོ་ག་ཡིན་ཡང༌། དེ་ཉིད་ཀྱི་ལུགས་ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བླ་ན་མེད་པར་བསྒོམས་ཀྱང་ཅི་འགལ། ཡོ་ག་དང་རྣལ་འབྱོར་ཆེན་པོ་རྒྱུད་སྡེ་ཐ་དད་པས་ཆོ་ག་དཀྲུགས་པས་མི་འཐད་དོ་ཞེ་ན། རྣམ་སྣང་མངོན་བྱང་གསང་སྔགས་ཀྱི་རྒྱུད་དང་དོན་དམ་སེམས་བསྐྱེད་ཕ་རོལ་ཏུ་ཕྱིན་པའི་ལུགས་དཀྲུགས་པའང་ག་ལ་འཐད། གལ་ཏེ་ཐེག་པ་མི་འདྲ་བའི་ཆོ་ག་འཁྲུགས་ཀྱང་མོས་པའི་སྒོ་ནས། དོན་དམ་སེམས་བསྐྱེད་ཀྱི་ཆོ་ག་བྱས་ཀྱང་ཅི་འགལ་སྙམ་ན། འོ་ན་རྒྱུད་སྡེ་ཐ་དད་ཀྱི་ལག་ལེན་འཁྲུགས་ཀྱང་ཡོ་གའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བླ་ན་མེད་པར་བསྒོམས་ཀྱང་ཅི་འགལ། དེ་ཕྱག་རྒྱ་ཆེན་པོ་བསྒོམ་དུ་ཤོར་བ་སྐྱོན་ཅན་ཡིན་ནོ་ཞེ་ན། དོན་དམ་སེམས་བསྐྱེད་ཆོ་གར་ཤོར་བའང་སྐྱོན་ཅན་ཡིན་ནོ། །ཆོ་གར་ཤོར་བ་ཅི་སྐྱོན་སྙམ་ན། འོ་ན་སྒོམ་དུ་ཤོར་བའང་ཅི་སྐྱོན། སྒོམ་རྟོག་པ་ཡིན་ལ་ཕྱག་རྒྱ་ཆེན་པོ་མི་རྟོག་པ་ཡིན་པས་འགལ་ལོ་ཞེ་ན། འོ་ན་ཆོ་ག་ཀུན་རྫོབ་ཡིན་ལ་དོན་དམ་སེམས་བསྐྱེད་དོན་དམ་ཡིན་པས་འགལ་བར་འགྱུར་བ་མཚུངས་སོ། །དེས་ན་འགྲུབ་མཐའ་དང་རྒྱུད་སྡེའི་རིམ་པ་མི་ཤེས་པའི་བླུན་པོ་དག་གིས་མིང་མཐུན་པ་ཙམ་ལ་འཁྲུལ་གཞིར་གྱུར་ནས་དོན་གྱི་གནད་མ་ཤེས་པར་ཟད་དོ། །གཉིས་པ་དངོས་པོའི་ལན་ནི་སྤྱིར་ཆོས་ཐམས་ཅད་གྲུབ་མཐའི་རྣམ་གཞག་དང༌། ཐེག་པའི་རིམ་པ་གལ་ཆེ། མཚན་ཉིད་པ་དང་བཏགས་པ་བའི་བྱེ་བྲག་ཤེས་དགོས། དེའང་གྲུབ་མཐའ་ལ། ཉན་ཐོས་ཀྱི་དོན་དམ། ཐེག་ཆེན་གྱི་ཀུན་རྫོབ་ཏུ་འགྲོ་བ་ཡང་ཡོད། གསང་སྔགས་ལས་ཀྱང༌། དོན་དམ་སེམས་བསྐྱེད་ཁ་དོག་དང་དབྱིབས་སུ་བསྒོམ་པར་བཤད་པའང་ཡོད། ཤཱུ་ནྱ་ཏཱ་དང༌། དངོས་པོ་ཐམས་ཅད་དང་བྲལ་བ་ལ་སོགས་པའི་ཚིག་གིས་སྟོང་པར་བསྒོམ་པ་ལ་དོན་དམ་སེམས་བསྐྱེད་དུ་མིང་བཏགས་པ་ཡང་ཡོད། ཟླ་བ་ཀུན་རྫོབ། རྡོ་རྗེ་ལ་དོན་དམ་དུ་མིང་བཏགས་པ་ལ་སོགས་པ་དཔག་མེད་ཡོད་པས་དེ་དག་གི་རྒྱུ་མཚན་ལེགས་པར་ཤེས་དགོས། གསང་སྔགས་ཀྱི་ཆོ་ག་དང་ཕ་རོལ་ཏུ་ཕྱིན་པའི་སེམས་བསྐྱེད་བསྲེས་པས་མི་འདྲེ། ཕ་རོལ་ཏུ་ཕྱིན་པའི་སྨོན་འཇུག་ལ་ཆོ་ག་མདོ་བསྟན་བཅོས་ཀུན་ནས་བཤད། དོན་དམ་སེམས་བསྐྱེད་ལ་ཆོ་ག་མདོ་བསྟན་བཅོས་ཀུན་ནས་བཤད་པ་མེད། ཁྱད་པར་དུ་དབུ་མའི་ལུགས་སློབ་དཔོན་ཀླུ་སྒྲུབ་དང༌། སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་ལ་སོགས་པ་ལས་མ་གསུངས། སེམས་ཙམ་པའི་སློབ་དཔོན་ཐོགས་མེད་དང༌། སྡོམ་པ་ཉི་ཤུ་པ་དང༌། ཇོ་བོ་རྗེའི་སེམས་བསྐྱེད་ཀྱི་གཞུང་ལས་ཀྱང་དོན་དམ་སེམས་བསྐྱེད་ཀྱི་ཆོ་ག་མ་གསུངས། མ་གསུངས་ཀྱང་མོས་པས་ཆོ་ག་བྱས་ན་ཅི་འགལ་ཞེ་ན། ཆོ་ག་ལས་སྐྱེ་ན་ཀུན་རྫོབ་སེམས་བསྐྱེད་དུ་འགྱུར་གྱི་དོན་དམ་དུ་ག་ལ་འགྱུར། མདོ་ཐམས་ཅད་ལས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་གསུངས་ཀྱི། སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་གསུངས་པ་མ་ཐོས། དེས་ན་ཆོ་ག་མེད་པ་ལ་ཆོ་གར་བྱས། དོན་དམ་ཀུན་རྫོབ་ཏུ་ཕབ། མི་སྐྱེ་བ་སྐྱེ་བར་བྱས། བརྗོད་བྲལ་བརྗོད་པར་བྱས། དམིགས་མེད་དམིགས་པར་བྱས་པ་ལས་དཀྲུགས་པ་ཆེ་བ་གཞན་ཅི་ཡོད། མདོ་སྡེ་རྒྱན་ལས། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །དེ་འདྲའི་མུན་ནག་རྣམ་པ་འདི་ཅི་ཞིག །ཅེས་གསུངས་པའང༌། དེའི་རིགས་ཅན་ཡིན་ཏེ། མིག་མི་གསལ་བས་ཡོད་པའི་གཟུགས་མི་མཐོང་བར་མེད་པའི་སྐྲ་ཤད་དང༌། དུང་སེར་པོ་ལ་སོགས་པ་མཐོང་བ་ལྟར་བླུན་པོ་དག་གིས་ཀྱང་ཆོས་ནས་བཤད་པའི་སྡེ་སྣོད་ཀྱི་རྣམ་གཞག་དང༌། དབང་བསྐུར་ལ་སོགས་པ་ཆོ་ག་ཟབ་མོ་མི་མཐོང་བར་མ་བཤད་པའི་སྨོན་འཇུག་སེམས་བསྐྱེད་ལ་གསང་སྔགས་ཀྱི་ལྷ་བསྒོམ་པ་དང༌། དོན་དམ་སེམས་བསྐྱེད་ལ་རྗེས་བརྗོད་ཀྱི་ཆོ་ག་བྱེད་པ་ལ་སོགས་པ་སངས་རྒྱས་ཀྱིས་མ་གསུངས་པ་བྱེད་པ་དེ་དག་བསྟན་པ་ལ་གནོད་པ་ཡིན་ཏེ། མུན་ནག་ཏུ་མིག་མི་གསལ་བ་ཞུགས་པ་དང་འདྲ་གསུང་བ་དེ་ཡིན། འོ་ན་ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་སྐྱེ་བའི་རྐྱེན་གང་ཡིན་ཞེ་ན། མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཞེས་བྱ་བ་ལ་སོགས་པ་ནས། གཞན་གྱིས་བསྟན་པའི་སེམས་བསྐྱེད་འདོད། །ཅེས་སློབ་དཔོན་གྱི་རྗེས་སུ་བརྗོད་ནས། ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་ཀུན་རྫོབ་སེམས་བསྐྱེད་སྐྱེ་བའི་རྒྱུ་གསུངས་ནས། གཉིས་པ་དོན་དམ་སེམས་བསྐྱེད་སྐྱེ་བའི་རྒྱུ། རྫོགས་པའི་སངས་རྒྱས་རབ་མཉེས་བྱ། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་པས། དོན་དམ་སེམས་བསྐྱེད། སློབ་དཔོན་གྱི་ངག་ཏུ་བརྗོད་པ་ལ་རགས་པ་མ་ཡིན། སངས་རྒྱས་མཉེས་པར་བྱས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་དུ་བསགས་པའི་སྟོབས་ཀྱིས། འཇིག་རྟེན་ཆོས་མཆོག་གི་རྗེས་སུ་ཆོས་ལ་མི་རྟོག་པའི་ཡེ་ཤེས་མཐོང་ལམ་སྐྱེས་པ་ལ། དོན་དམ་པའི་སེམས་བསྐྱེད་ཟེར་བ་ཡིན། ཀུན་རྫོབ་སེམས་བསྐྱེད་ལྟར་ཆོ་ག་ལ་མ་ལྟོས་པས་འདི་དོན་དམ་པ་ཡིན་ནོ། དེས་ན་ཀུན་རྫོབ་སེམས་བསྐྱེད་གཞན་གྱིས་བསྟན་པ་ཡིན་ལ། དོན་དམ་སེམས་བསྐྱེད་རང་གིས་རྟོགས་པ་ཡིན་ནོ། །དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་ཆོ་ག་ལས་སྐྱེ་མི་སྐྱེའི་ཁྱད་པར་ཤེས་ནས། ཀུན་རྫོབ་སེམས་བསྐྱེད་སྨོན་འཇུག་གཉིས་ཀྱི་བསླབ་བྱ་ལུགས་གཉིས་ལས། སེམས་ཙམ་པའི་བསླབ་པར་བྱ་བ་ནི། སྡོམ་པ་ཉི་ཤུ་པ་ལ་སོགས་པར་ཤེས་པར་བྱ་བས་འདིར་མི་བརྗོད་དོ། །དབུ་མའི་སེམས་བསྐྱེད་ཀྱི་བསླབ་བྱ་ལ་གཉིས་ཏེ། སྨོན་པའི་བསླབ་བྱ་དང༌། འཇུག་པའི་བསླབ་བྱའོ། །དང་པོ་ལ་གསུམ་ལས། བསྡུས་པ་ནི། བསམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་པ་ཉིད་དོ། །གཉིས་པ་འབྲིང་དུ་བསླབ་པ་ལ་སྨོན་པ་གཏོང་བའི་རྒྱུ་ཤེས་པར་བྱ་སྟེ་དེའི་གཉེན་པོ་བསྒོམ་པ་ལ་གསུམ་ལས། དང་པོ་ཞུམ་པས་བྱང་ཆུབ་ཀྱི་སེམས་གཏོང་བ་ནི། དེ་ལྟ་བུའི་གང་ཟག་གིས་ཚོགས་གཉིས་རྫོགས་པའི་སངས་རྒྱས་བསྒྲུབ་དཀའ་སྙམ་ནས། སྨོན་པའི་བསླབ་བྱ་ལ་མི་འཇུག་པའོ། །དེའི་གཉེན་པོར་མ་ཞུམ་པ་ནི། མདོ་སྡེ་རྒྱན་ལས། གང་ཕྱིར་སེམས་ཅན་མིར་གྱུར་པ། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར། །ཞུམ་པ་དྭང་དུ་བླང་མི་བྱ། །ཞེས་བྱ་བ་དང༌། སྤྱོད་འཇུག་ལས། སྦྲང་བུ་ཤ་སྦྲང་བུང་བ་དང༌། །དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སེམས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་འཐོབ། །བདག་ལྟ་རིགས་ཀྱི་མིར་སྐྱེས་པ། །ཕན་དང་གནོད་པ་ངོ་ཤེས་ནས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་ཐོབ། །ཅེས་གསུངས་པའི་དོན་བསམ་མོ། །དེ་ཡང་སྔོན་ཤིང་ལོ་ལ་བརྟེན་པའི་སྲིན་བུ་བདུན་རླུང་གིས་བདས་ནས་རྒྱ་མཚོ་ཆེན་པོའི་ནང་ན་རྣམ་པར་སྣང་མཛད་ཀྱི་སྐུ་ཆེན་པོ་ཡོད་བ་ལ་བསྐོར་བ་ལན་གསུམ་བྱས་པས། རིགས་ངན་གྱི་བུ་མོ་བདུན་དུ་སྐྱེས། དེ་རྣམས་རང་གི་རིགས་དང་ལོངས་སྤྱོད་ལ་སྐྱོ་བ་སྐྱེས་ནས་རྩྭ་ཤིང་བཏུས། ཁོལ་མོ་བྱས་ཏེ་བསོད་ནམས་བསགས་པས་རྒྱལ་པོ་ཀྲི་ཀྲིའི་སྲས་མོ་བདུན་དུ་གྱུར་ནས་སངས་རྒྱས་འོད་སྲུངས་མཉེས་པར་བྱས་པས། ཕྱིས་འཚང་རྒྱ་བར་ལུང་བསྟན་ནོ། །དེ་བཞིན་དུ་ཁྱིས་བདས་པའི་ཕག་གིས་མཆོད་རྟེན་ལ་ལན་གསུམ་བསྐོར་བ་བྱས་པས། ཕྱིས་དགྲ་བཅོམ་པ་ཐོབ་པ་དང༌། བྲམ་ཟེའི་བུ་མོས་བཅོམ་ལྡན་འདས་ལ་འབྲས་ཆན་ལྷུང་བཟེད་གང་ཕུལ་བའི་བསོད་ནམས་ཀྱིས། སྐྱེ་བ་ཐམས་ཅད་དུ་བདེ་འགྲོར་སྐྱེས་ནས་རང་སངས་རྒྱས་སུ་ལུང་བསྟན་པ་དང༌། དེའི་ཁྱིམ་ཐབ་བྲམ་ཟེའི་ཁྱེའུས་གོའུ་ཏ་མ་རྒྱལ་སྲིད་སྤངས་ནས། ད་འབྲས་ཆན་ལྷུང་བཟེད་རེའི་དོན་དུ་བརྫུན་ཁམ་ཅན་སྨྲ་བ་འོ་བརྒྱལ་ཞེས་ཟེར་བ་ལ། ཐུབ་པས་ཁྱོད་ཀྱི་སྒོ་དྲུང་གི་ཤིང་ནྱ་གྲོ་ཏ་ཆེན་པོ་དེ་ལས་ས་བོན་ཅི་ཙམ། དེས་གསོལ་བ། ཡུངས་འབྲུ་བས་ཕྲའོ། །བཀའ་སྩལ་བ་ཁྱོད་བརྫུན་མ་ཟེར་གསུངས་པས་ཁོ་ངེས་ཤེས་སྐྱེས་ནས་བདེན་པ་མཐོང་བར་གསུངས་པ་དང༌། དེ་བཞིན་དུ་བསྐལ་བ་བཟང་པོ་ལས། ཨ་རུ་རའམ། རྩྭའི་སྒྲོན་མའམ་ལྕི་བ་གོང་བུ་རེ་ཙམ་ཕུལ་ནས་སེམས་བསྐྱེད་ཞུས་པས་མངོན་པར་རྫོགས་པར་སངས་རྒྱས་པར་གསུངས་པ་དང༌། དེ་ཉིད་ལས། དེ་ལྟར་སངས་རྒྱས་རྣམས་ལ་ཆུང་བ་ཡི། །ཡོན་ཕུལ་རྣམ་པར་སྨིན་པ་འདི་དག་ཡིན། །འཁོར་ཚེ་དེ་ཡི་འབྲས་བུ་དེ་འདྲ་ན། །མཁས་པ་སུ་ཞིག་བྱང་ཆུབ་སེམས་མི་བསྐྱེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་སྒྱིད་ལུག་པས་བྱང་ཆུབ་སེམས་ཀྱི་སེམས་གཏོང་བ་ནི། གང་ཟག་བླུན་པོ་ཁ་ཅིག་དགེ་བ་བྱས་ཀྱང་མཐོང་ཆོས་ཚེ་འདི་ལ་མ་བྱུང་བས་ཡི་མུག་ནས་དགེ་བ་མི་བྱེད་པ་ཡོད་དེ། དཔེར་ན་སྦྱིན་པས་ལོངས་སྤྱོད་ཆུང་དུ་སོང་བ་དང༌། ཚུལ་ཁྲིམས་ཀྱིས་ལུས་རྒུད་པ་ལ་སོགས་པ་དང༌། དགེ་སྦྱོར་བྱས་ཀྱང་བྱིན་རླབས་མ་བྱུང་པའམ། ནད་པའི་རིམ་འགྲོར་ཀློག་འདོན་པ་དང༌། གཏོར་མ་དང༌། ཐུན་དང༌། འུར་འདོན་དང༌། རྣམ་རྒྱལ་ལ་སོགས་པའི་བྱེད་འཕྲོ་ལ་ཤི་ན་དེ་རྣམས་མི་འཕྲོད་ཟེར་ནས་སྒྱིད་ལུག་སྟེ་འདོར་བའོ། །དེའི་གཉེན་པོ་ནི། སྤྱོད་འཇུག་ལས། བྱང་ཆུབ་སེམས་ཀྱི་རྟར་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །མཁས་པ་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་གསུངས་པས་སྤྲོ་བ་བསྐྱེད་དོ། །དེའང་སྤྱིར་འཆི་བ་ལ་རིགས་བདུན་ཏེ། ཚེ་ཟད་པ་དང༌། ལས་ཟད་པ་དང༌། བསོད་ནམས་ཟད་པ་སྟེ། རྐྱང་དུ་ཟད་པ་གསུམ་དང༌། དེ་དག་གཉིས་གཉིས་ཟད་པ་གསུམ་དང༌། ཐམས་ཅད་ཟད་པའོ། །དེ་ལ་ཚེ་ཟད་པ་ལ། རྣམ་རྒྱལ་དང༌། ངན་སོང་སྦྱོང་རྒྱུད་ཀྱི་ཚེ་བསྲིངས་པའི་ཆོ་ག་ལ་སོགས་པས་ཕན། ལས་ཟད་པ་ལ་གསོད་པར་ངེས་པའི་སྲོག་བསླུ་བ་དང༌། འཆི་བར་ངེས་པའི་ཚེ་བསྐྱབ་པ་དང༌། ཉེ་འདོན་ལ་སོགས་པས་ཀྱང་ཕན། བསོད་ནམས་ཟད་པ་ལ་བསོད་ནམས་གསོ་བ་བླ་མར་མཆོད་པ་དང་དཀོན་མཆོག་གསུམ་གྱི་རིམ་གྲོ་སྟེ། སངས་རྒྱས་ལ་མཆོད་པ་དང༌། ཆོས་ཀློག་འདོན་དང༌། དགེ་འདུན་ལ་ཚོགས་གསོག་པ་དང༌། འབྱུང་པོ་ལ་གཏོར་མ་དང༌། ཆགས་ཞེན་གྱི་གཉེན་པོ་སྤོང་དག་ལ་སོགས་པ་དང༌། ནད་ཀྱི་གཉེན་པོ་སྨན་དང༌། སེམས་ཀྱི་གཉེན་པོ་དམིགས་པ་དང༌། ཐམས་ཅད་ལ་ཕན་པའི་བྱིན་རླབས་དང༌། རྟེན་འབྲེལ་ལ་སོགས་པས་འགལ་རྐྱེན་རྣམས་ཟློག་པ་ཡོད། དེ་ལ་གཉིས་གཉིས་ཟད་པ་གསུམ། ཚེ་དང༌། ལས་ཟད་ན་དེ་གཉིས་གསོ། ཚེ་དང༌། བསོད་ནམས་ཟད་ན་དེ་གཉིས་གསོ། ལས་དང༌། བསོད་ནམས་ཟད་ན་དེ་གཉིས་གསོ། དེ་ལྟར་བྱས་པས་རྐྱང་ཟད་གསུམ་སོས་ལ། གཉིས་ཟད་གསུམ་འབད་པ་ཆེན་པོས་སོས་ཤིང༌། ཐམས་ཅད་ཟད་ནས་འཆི་བ་ལ་གསོ་བའི་ཐབས་མེད་དོ། །མེ་རྣལ་བའི་དུ་བའམ། འབབ་ཆུ་ཆད་པའི་རྫིང་བུ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་བཟློག་མི་ནུས་པས་རིམ་གྲོ་བྱས་ཀྱང་འཆི་བ་དེ། ཐམས་ཅད་ཟད་པའི་རྟགས་ཡིན་ནོ། །དེས་ན་རིམ་གྲོ་མི་འཕྲོད་བྱས་ནས་དད་པ་བཟློག་ཏུ་མི་རུང་སྟེ། དཔེར་ན་མལ་དུ་ཤི་ན་མལ་མི་འཕྲོད་པའམ། ཁང་པར་ཤི་ན་ཁང་པ་མི་འཕྲོད་པའམ། བཟའ་བཏུང་གི་རྗེས་ལ་ཤི་ན། བཟའ་བཏུང་མི་འཕྲོད་པའམ། སྨན་པས་བཅོས་ནས་ཤི་ན། སྨན་མི་འཕྲོད་བྱས་ནས་དོར་དུ་ག་ལ་བཏུབ། དེ་བཞིན་དུ་ཚེའི་འཕེན་པ་ཟད་པ་ཡིན་གྱི། རིམ་གྲོ་དང་དགེ་བའི་རྩ་བ་མི་འཕྲོད་པ་མ་ཡིན་ནོ། །གཞན་ཡང་ལས་ལ་གསུམ། མཐོང་བའི་ཆོས་ལ་མྱོང་བ། སྐྱེས་ནས་མྱོང་བ། ལན་གྲངས་གཞན་ལ་མྱོང་བ་གསུམ་ལས། དགེ་བའམ་སྡིག་བ་གང་ཡང་རུང་སྟེ་ཚེ་འདི་ལ་མྱོང་བ་ལ། ཞིང་བསམ་པ་དངོས་པོ་ཕུལ་བྱུང་ཞིག་དགོས་ཏེ། ཞིང་དང་བསམ་པའི་བྱེ་བྲག་གིས། །མཐོང་ཆོས་འབྲས་བུ་ཅན་གྱི་ལས། །ཞེས་གསུངས་པས། ཞིང་ཕུལ་དུ་ཕྱུང་བ་ལ་བསམ་པ་བཟང་ངན་ཕུལ་བྱུང་ཞིག་གིས་དངོས་པོ་བཟང་ངན་ཕུལ་བྱུང་ཞིག་གི་སྒོ་ནས་དགེ་སྡིག་ཕུལ་བྱུང་ཞིག་སྤྱད་ན་དེའི་འབྲས་བུ་ཚེ་འདི་ལ་འབྱུང་བ་ཅིག་མཐོང་ཆོས་ཟེར་ཏེ། དེ་ལྟ་བུའི་དགེ་སྡིག་སྤྱོད་པའི་གང་ཟག་ཤིན་ཏུ་དཀོན་པ་ཡིན། དེའི་འོག་མ་དེ་བས་ཅུང་ཟད་ཆུང་བ་ཅིག་སྤྱད་ན་ཚེ་ཕྱི་མ་ལ་འབྲས་བུ་འབྱུང་བ་ཅིག་སྐྱེས་ནས་མྱོང་འགྱུར་གྱི་ལས་ཡིན། དེ་བས་ཀྱང་ཆུང་བར་སྤྱད་པས། ཕྱི་མ་ལའང་འབྱིན་མི་ནུས་པར། ཡང་ཕྱི་མ་ཕན་ཆད་ལ་འབྱུང་བ་དེ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཡིན་ནོ། །དེས་ན་སྡིག་པ་འབའ་ཞིག་སྤྱོད་པ་ལ་སྐྱིད་མ་ཐང་པ་སྐྱིད་པ་དང༌། བསོད་ནམས་འབའ་ཞིག་སྤྱོད་པ་སྡུག་མི་ཐང་པ་སྡུག་པ་ནི་སྐྱེས་ནས་མྱོང་འགྱུར་རམ། ལན་གྲངས་གཞན་ལ་མྱོང་འགྱུར་ལ་སྤྱོད་པའི་རྟགས་ཡིན་པས་དེའི་ཕྱིར་ལས་རྒྱུ་འབྲས་ལ་འཛེམ་དགོས་སོ། །གསུམ་པ་འཁོར་བའི་ཉེས་པ་ལས་སྐྲག་ནས་བྱང་ཆུབ་ཀྱི་སེམས་གཏོང་བ་ནི། སྐྱེ་རྒ་ན་འཆིའི་སྡུག་བསྔལ་མཐོང༌། སྐྱེ་བོ་ངན་པའི་ལོག་སྒྲུབ་ཀྱིས་སུན་ཕྱུང༌། བསྐལ་པ་དུ་མར་འཁོར་བར་སྡོད་པས་སྐྱོ་ནས་བྱང་ཆུབ་ཀྱི་སེམས་གཏོང་བ་སྟེ། སྔོན་རྒྱལ་པོ་འཇིགས་སྡེས་བྱང་ཆུབ་ཀྱི་སེམས་བཏང་བ་ལྟ་བུའོ། །དེ་དག་གི་གཉེན་པོར་ཉེར་ལེན་གྱི་ཕུང་པོ་སྒྱུ་མ་ལྟ་བུར་གོ་བ་དང༌། སེམས་ཅན་ལ་བུ་གཅིག་པ་ལྟར་བསྒོམ་པ་དང༌། བསྐལ་པ་དང་སྐད་ཅིག་མ་ཁྱད་མེད་པར་ཤེས་ཤིང༌། དུས་གསུམ་དུས་མེད་པར་རྟོགས་པའི་ཤེས་རབ་ཀྱིས་བཟློག་ནུས་སོ། །ཡང་བླ་མ་དང་ཡི་དམ་བསྒོམ་པ་དང༌། དགེ་བའི་རྩ་བ་དང་འབྲེལ་བའི་བསྔོ་བས་བྱང་ཆུབ་ཀྱི་སེམས་སྤོང་བ་ལས་བཟློག་ནུས་ཏེ། དཔེར་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་བྱང་ཆུབ་ཀྱི་སེམས་སྤོང་བར་གཞོལ་བ་ན། ཡི་དམ་གྱི་ལྷ་འཕགས་པ་འཇམ་དཔལ་གྱིས་བཟློག་པ་ལྟ་བུའོ། །དེ་དག་གི་ལོ་རྒྱུས་ཀྱང་ཅི་རིགས་པ་བཤད་དོ། །གསུམ་པ་རྒྱས་པར་བསླབ་པ་ལ། བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྒྱུ་དང༌། འཕེལ་བའི་རྐྱེན་དང༌། མི་ཉམས་པའི་ཐབས་གསུམ་ལས། དང་པོ་རྒྱུ་ནི། རང་དང་གཞན་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང༌། བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ་ལས་སྐྱེ་བས། དེ་གཉིས་བསྒོམ་པ་ལ་འབད་དེ། མདོ་སྡེ་རྒྱན་ལས། སྙིང་རྗེའི་ཆུ་བ་བྱམས་པ་སྟེ། །དེ་སྡུག་བསྔལ་ལས་ཡང་དག་སྐྱེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་འཕེལ་བའི་རྐྱེན་ནི། ཡང་དག་པའི་དགེ་བའི་བཤེས་གཉེན་བསྟེན་པ་དང་དཀོན་མཆོག་ལ་འདོད་པ་དང་ཡིད་ཆེས་པའི་དད་པ་བསྐྱེད་པ་དང༌། མདོ་ལས་འབྱུང་བ་བཞིན་བདུད་ཀྱི་ལས་ཤེས་པར་བྱས་ལ་སྤང་པ་དང༌། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདུད་ཀྱི་ལས་མི་འབྱུང་བར་གསོལ་བ་གདབ་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དང་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀྱི་ཉེས་དམིགས་སྒོམ་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་དང༌། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དྲན་པར་བྱ་བ་དང༌། རང་གཞན་གྱི་དོན་ཐམས་ཅད་གྲུབ་པའི་སྤྲོ་བ་བསྐྱེད་པ་སྟེ་བདུན་ནོ། །དེ་ལྟར་བསྒོམ་ན་འཁོར་བའི་ཉེས་དམིགས་མཐོང་བས་སྡིག་པ་བཤགས་པའི་བློ་སྐྱེ་ཞིང༌། མྱ་ངན་ལས་འདས་པའི་ཉེས་དམིགས་མཐོང་བས་ཧ་ཅང་སྟོང་པ་ཉིད་ལ་བརྐམ་པའི་བློ་ལྡོག་ལ། རང་གཞན་གྱི་དོན་རྒྱ་ཆེན་པོ་མཐོང་བས། འཁོར་བ་ལ་སྐྱོ་བ་མི་སྐྱེ་ཞིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་མཐོང་བས། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ལ་བྲོད་པ་སྐྱེ་ལ། བླ་མ་དང་དཀོན་མཆོག་ལ་མོས་ཤིང་གསོལ་བ་བཏབ་པས་བདུད་ཀྱི་ལས་མི་འབྱུང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་བྱིན་རླབས་མྱུར་དུ་འཇུག དེ་ལྟར་འགལ་རྐྱེན་སྤངས་མཐུན་རྐྱེན་བསྒྲུབས་པས་བྱང་ཆུབ་ཀྱི་སེམས་འཕེལ་བ་ཡིན་ནོ། །གསུམ་པ་མི་ཉམས་པའི་ཐབས་ལ། བླ་མ་དང་དཀོན་མཆོག་གསུམ་ལ་མི་མོས་པར་ཞེ་སྡང་དང་ཕྲག་དོག་གིས་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་ན་ཉམས་ལ། སེམས་ཅན་གྱི་དོན་ལ་ཆེད་ཆེར་མི་འཛིན་ཞིང་རང་བདེ་བ་དོན་དུ་གཉེར་ན་ཉམས་ལ། ཐབས་རྒྱ་ཆེན་པོ་ལ་འབད་མི་ནུས་པར་སེམས་ངོ་འཕྲོད་པ་ཙམ་གྱིས་ཆོག་པར་འཛིན་ན་ཉམས་ཤིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་མི་ཤེས་ཤིང༌། རང་དེ་ལྟ་བུའི་ཡོན་ཏན་ཚོལ་བ་ལ་མི་བརྩོན་ན་ཉམས་པས། དེ་དག་གི་གཉེན་པོར་མོས་པ་དང་སྤྲོ་བ་ལ་སོགས་པ་ཅི་རིགས་པར་བསྒོམ་མོ། །སྨོན་པའི་བསླབ་བྱའོ། །གཉིས་པ་འཇུག་པའི་བསླབ་བྱ་ལའང་གསུམ་སྟེ། བསྡུས་པ་དང༌། འབྲིང་དང༌། རྒྱས་པར་བསླབ་པའོ། །དང་པོ་ནི། སྦྱོར་བ་ལ་ནུས་ཚད་ཀྱིས་སྡིག་པ་སྤང་ཞིང་དགེ་བ་སྒྲུབ་པ་ལ་བསླབ། དབང་མེད་ཀྱི་སྡིག་པ་བྱུང་ན་ཉིན་མོར་བྱས་པ་མཚན་མོར་བཤགས། མཚན་མོར་བྱས་པ་ཉིན་པར་བཤགས་ཤིང༌། དགེ་བའི་རྩ་བ་ཅུང་ཟད་རེ་བྱས་པ་ཐམས་ཅད་སེམས་ཅན་གྱི་དོན་དུ་སངས་རྒྱས་སུ་བསྔོའོ། །གཞན་ཡང་རྒྱལ་པོ་ལ་གདམས་པ་ལས། རྒྱལ་པོ་ཆེན་པོ། འདི་ལྟར་ཁྱོད་ནི་བྱ་བ་མང་བ། བྱེད་པ་མང་བ་སྟེ། ཉིན་མཚན་དུ་སྦྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཏེ། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དད་པ་དང༌། དོན་དུ་གཉེར་བ་དང༌། སྨོན་པ་རྟག་ཏུ་དྲན་པར་གྱིས་ལ་ཡིད་ལ་གཟུང་སྟེ་སྒོམས་ཤིག གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག རྗེས་སུ་ཡི་རང་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། རང་རྒྱལ་བ་ཐམས་ཅད་ལ་ཕུལ་ཅིག ཕུལ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག དེ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་བ་ཉིན་གཅིག་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་སྔོས་ཤིག རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་བྱས་ན་རྒྱལ་སྲིད་ཀྱང་བྱེད་ལ། རྒྱལ་པོའི་བྱ་བའང་ཉམས་པར་མི་འགྱུར་ཞིང༌། བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་འབྲིང་དུ་བསླབ་པ་ནི། ནག་པོའི་ཆོས་བཞི་སྤངས་ནས་དཀར་པོའི་ཆོས་བཞི་བསྟེན་པ་ལ་སློབ་པ་སྟེ། དཀོན་མཆོག་བརྩེགས་པ་ལས། ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། བླ་མ་དང་མཆོད་པར་འོས་པ་སླུ་བ་དང༌། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་སྐྱེད་པ་དང༌། ཐེག་པ་ཆེན་པོ་ལ་ཞུགས་པའི་སེམས་ཅན་རྣམས་ལ་མི་བསྔགས་པ་དང་ཚིགས་སུ་བཅད་པ་མ་ཡིན་པ་འབྱིན་པ་དང༌། སྒྱུ་དང་གཡོས་གཞན་ལ་ཉེས་པར་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་པའོ་ཞེས་སོ། །དཀར་པོའི་ཆོས་བཞི་ནི། ཆོས་བཞི་དང་ལྡན་ན་སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཞིང༌། བརྗེད་པར་མི་འགྱུར་ཏེ། བཞི་གང་ཞེ་ན། ཤེས་བཞིན་དུ་བརྫུན་དུ་མི་སྨྲ་བ་དང༌། གཡོ་སྒྱུ་མེད་པར་སེམས་ཅན་གྱི་དྲུང་ན་ལྷག་པའི་བསམ་པས་གནས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུས་ཤེས་བསྐྱེད་ཅིང༌། དེ་དག་གི་ཡང་དག་པའི་བསྔགས་པ་ཕྱོགས་བཞིར་བརྗོད་པ་དང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཉི་ཚེ་བའི་ཐེག་པ་མི་འདོད་པར་བླ་ན་མེད་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པའོ། །ཞེས་གསུངས་པས། དེ་དག་སྤང་པ་དང་བསྟེན་པ་ལ་བསླབ་བོ། །གསུམ་པ་རྒྱས་པར་བསླབ་པ་ལ་གསུམ་ལས། དང་པོ་འཇུག་པ་བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྒྱུ་ནི། སྨོན་པ་སེམས་བསྐྱེད་ལ་བློ་ཞུགས་ལ། དེ་འཕེལ་བའི་ཐབས་ཚོལ་ཞིང་ཉམས་པའི་རྒྱུ་སྤོང་པ་དང༌། འཁོར་བའི་སྡུག་བསྔལ་དང༌། མྱ་ངན་ལས་འདས་པའི་ཉེས་དམིགས་བསྒོམ་ཞིང་སེམས་ཅན་ཐམས་ཅད་འཁོར་བ་ལས་མྱུར་དུ་བསྒྲལ་བ་དང༌། མྱ་ངན་ལས་འདས་པ་ལ་ཟས་དུག་ཅན་ལྟར་ལྡོག་པའོ། །གཉིས་པ་འཕེལ་བའི་རྐྱེན་ནི། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་བླ་མ་དང་བཅས་པ་དྲན་པར་བྱས་ལ་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཡན་ལག་བདུན་པ་བྱའོ། །དེ་ཡང་རྒྱས་པར་ནི། བཟང་སྤྱོད་དམ། བྱང་ཆུབ་ལྟུང་བཤགས་སམ། བྱམས་པའི་སྨོན་ལམ་མམ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཚིགས་བཅད་ཉི་ཤུ་པའམ། སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་བཞིན་བྱའོ། །དེ་ཙམ་བློས་མི་ལྕོགས་ན་ཁོ་བོའི་མཁན་པོས་མཛད་པའི་ཡན་ལག་བདུན་པའམ། ཁོ་བོས་བྱས་པའི་ཆོས་སྤྱོད་བཅུ་པ་ལ་འབད་པར་བྱའོ། །གཞན་ཡང་སྐྱེས་པའི་རབས་སྣ་ཚོགས་ནས་འབྱུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཅི་ནུས་སུ་བསླབ་པའོ། །གསུམ་པ་མི་ཉམས་པའི་ཐབས་ནི། ནམ་མཁའི་སྙིང་པོའི་མདོ་ལས་འབྱུང་བའི་རྩ་བའི་ལྟུང་བ་རྣམས་དང༌། དཀོན་མཆོག་བརྩེགས་པ་ལ་སོགས་པའི་མདོ་གཞན་ནས་འབྱུང་བའི་རྩ་བ་དང་ཡན་ལག་གི་ལྟུང་བ་རྣམས་གཉེན་པོ་བསྐྱེད་ལ་མི་འབྱུང་བར་བྱ་བ་དང༌། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ལ་སོགས་པ་སྡིག་པ་དང་ལྟུང་བ་འདག་པའི་ཐབས་སྣ་ཚོགས་ལ་བསླབ་པར་བྱའོ།།  ༈  །།བཞི་པ། སྦྱིན་ལ་སོགས་པ་བསྒྲུབ་པ་དང༌། །ཞེས་བྱ་བའི་དོན་ལ་གཉིས་ཏེ། རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང༌། སེམས་ཅན་གཞན་ཡོངས་སུ་སྨིན་པར་བྱེད་པ་བསྡུ་བའི་དངོས་པོ་བཞིའི་སྤྱོད་པའོ། །དང་པོ་ལ་གསུམ་སྟེ། སྤྱིའི་མཚན་ཉིད་དང༌། རབ་ཏུ་དབྱེ་བ་དང༌། སོ་སོའི་སྒྲ་དོན་ནོ། །དང་པོ་ནི། འཁོར་བ་དང༌། མྱ་ངན་ལས་འདས་པའི་ཕ་རོལ་ཏུ་སྒྲོལ་བའི་ཐབས་སོ། །གཉིས་པ་རབ་ཏུ་དབྱེ་བ་ལ། གང་ལ་དབྱེ་བའི་གཞི། ཇི་ལྟར་དབྱེ་བའི་དོན། དབྱེ་བ་ངེས་པར་བསྒྲུབ་པ་གསུམ་ལས། དང་པོ་ནི། རྫོགས་པའི་སངས་རྒྱས་སྒྲུབ་པའི་ཐབས་ཁྱད་པར་བའོ། །གཉིས་པ་དབྱེ་བའི་དོན་ལ་དྲུག་ལས། ཐོག་མར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གསུམ་སྟེ། སྦྱིན་པའི་མཚན་ཉིད་དང༌། སྦྱིན་པའི་རང་བཞིན་ངེས་པར་བྱ་བ་དང༌། སྦྱིན་པ་བཏང་བའི་ཕན་ཡོན་ནོ། །དང་པོ་ནི། བདོག་པའི་དངོས་པོ་གཞན་ལ་ཕན་པས་སྟེར་བའོ། །དེ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །གཉིས་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་གསུམ་སྟེ། སྦྱིན་པའི་མི་མཐུན་ཕྱོགས་ངོས་གཟུང་བ་དང༌། གཉེན་པོའི་རང་བཞིན་སོ་སོར་དཔྱད་པ་དང༌། དེ་དག་ཕྱིན་ཅི་མ་ལོག་པར་བསྒྲུབ་པའོ། །དང་པོ་ལ་གཉིས་ལས། དག་པའི་སྦྱིན་པ་དང་འགལ་བ་ངོས་བཟུང་ན། སེར་སྣས་གཞན་ལ་སྟེར་མི་ནུས་པ་དང༌། ནུས་ཀྱང་མ་དག་པའི་སྦྱིན་པ་དང་འདྲེས་བ་སྟེར་བ། མ་དག་པ་དང་མ་འདྲེས་ཀྱང་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་མི་འགྲོ་བ་སྟེ་གསུམ་མོ། །གཉིས་པ་དེའི་ཉེས་པ་བསམ་པ་ལ་གཉིས་ཏེ། ཚེ་འདིའི་ཉེས་པ་དང༌། སྐྱེ་བ་གཏན་གྱི་བདེ་བ་འཇོམས་པའོ། །དང་པོ་ནི། འཇིག་རྟེན་ཐམས་ཅད་ཀྱིས་བརྙས་པར་འགྱུར་བའང༌། སློབ་དཔོན་འཕགས་པས། སྤྱད་པས་འདི་ལ་བདེ་བ་སྟེ། །བྱིན་པས་གཞན་དུ་བདེ་བ་ཡིན། །མ་སྤྱད་མ་བྱིན་ཆུད་ཟོས་པ། །སྡུག་བསྔལ་འབའ་ཞིག་ག་ལ་བདེ། །ཞེས་གསུངས་ལ། གཞན་ཡང་བཤད་པ། བླུན་པོས་གསོག་པའི་སྡུག་བསྔལ་ཉིད། །མྱོང་གི་སྤྱོད་པའི་བདེ་མི་མྱོང༌། །ཡང་ཡང་ཉུལ་ཞིང་ལྟ་བ་ཡི། །འཇུངས་པའི་ནོར་ནི་བྱི་བ་བཞིན། །ཞེས་བྱ་བ་དང༌། ནམ་དགོས་ཚེ་ན་ལེན་པ་ཡི། །ནོར་ནི་སྦྱིན་པར་ཐུབ་པས་གསུངས། །བསགས་པའི་ནོར་ནི་སྦྲང་རྩི་ལྟར། །ནམ་ཞིག་གཞན་གྱིས་སྤྱོད་པར་འགྱུར། །ཞེས་བར་སྐབས་ཀྱི་ཚིགས་བཅད་འདི་དག་གི་དོན་ཡང་བསམ་པར་བྱའོ། །གཉིས་པ་སྐྱེ་བ་གཏན་གྱི་བདེ་བ་འཇོམས་པའང༌། སྡུད་པ་ལས། སེར་སྣ་ཅན་ནི་ཡི་དྭགས་གནས་སུ་སྐྱེར་བར་འགྱུར། །ཅི་སྟེ་མིར་སྐྱེས་ན་ཡང་དེ་ཚེ་དབུལ་པོར་འགྱུར། །ཞེས་གསུངས་པས། སྤྱིར་སེར་སྣ་ཅན་ལ་ཕུན་སུམ་ཚོགས་པ་མི་སྲིད། མ་དག་པའི་སྦྱིན་པ་བཏང་ཡང་ཞིང་ཚ་སྒོ་ཅན་ལ་ས་བོན་བཏབ་པ་ལྟར་འབྲས་བུ་འབྱིན་མི་ནུས། འབྲས་བུ་ཅུང་ཟད་བྱུང་ཡང༌། ཆུ་སྐྱར་གྱིས་ཉ་རོ་རྙེད་པ་ལྟར་ལོངས་སྤྱོད་བདེ་བའི་གྲོགས་སུ་མི་འགྱུར། ཅུང་ཟད་བདེ་བའི་གྲོགས་སུ་གྱུར་ནའང༌། ཆུ་ཤིང་གི་འབྲས་བུ་སྨིན་པ་ལྟར་འཁོར་བ་དང༌། མྱ་ངན་ལས་འདས་པའི་མཐའ་གཅིག་ཏུ་ཟད་པར་འགྱུར་རོ། །གཉིས་པ་གཉེན་པོའི་རང་བཞིན་སོ་སོར་དཔྱད་པ་ལ་གཉིས་ལས། དང་པོ་རྒྱུའི་གཉེན་པོ་ནི། སེར་སྣའི་རྒྱུ་ཡོ་བྱད་ལ་ཆགས་པ་ཡིན་པས། དེའི་གཉེན་པོ་བསྒོམ་སྟེ། སྤྱོད་འཇུག་ལས། བསག་དང་བསྲུང་དང་བརླག་པའི་གདུང་བ་ཡིས། །ནོར་ནི་ཕུང་ཀྲོལ་མཐའ་ཡས་ཤེས་པར་བྱ། །ནོར་ལ་ཆགས་ཤིང་གཡེངས་པར་གྱུར་རྣམས་ལ། །སྲིད་པའི་སྡུག་བསྔལ་གྲོལ་བའི་ཐབས་མེད་དོ། །ཞེས་བྱ་བ་དང༌། ནོར་མེད་ཚེ་ན་ཚོལ་བས་ཕོངས། །ཅུང་ཟད་རྙེད་ན་ཉུང་བས་ཕོངས། །མང་ན་ཚིམ་པ་མེད་པས་ཕོངས། །ཚིམ་མེད་ལོངས་སྤྱོད་སྡུག་བསྔལ་རྒྱུ། །ཞེས་བར་སྐབས་ཀྱི་ཚིགས་བཅད་འདིའང་དྲན་པར་བྱའོ། །གཞན་ཡང་རྒྱལ་པོ་གྲགས་པ་མཐའ་ཡས་དང༌། ང་ལས་ནུས་གླིང་བཞི་ཉི་ཟླ་སུམ་ཅུ་རྩ་གསུམ་གྱི་ཕྱེད་མན་ཆད་ཀྱི་རྒྱལ་པོ་བྱས་ཀྱང་མ་ཚིམ་པར། ད་དུང་བརྒྱ་བྱིན་གྱི་ལོངས་སྤྱོད་རིལ་པོ་དབྲོག་པར་བྱའོ་སྙམ་དུ་སེམས་བསྐྱེད་མ་ཐག་ཏུ་བསོད་ནམས་ཟད་དེ་ས་ལ་ལྟུང་བའི་ལོ་རྒྱུས་ཀྱང་བཤད་དོ། །གཉིས་པ་འབྲས་བུའི་གཉེན་པོ་ནི། རྒྱུ་ཡོ་བྱད་ལ་ཆགས་པས་འབྲས་བུ་སེར་སྣ་སྐྱེ་ལ། དེ་བཟློག་པའི་གཉེན་པོ་སྦྱིན་པ་ཡིན་པས། དེ་ལ་གསུམ་སྟེ། ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལྟར་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་སྦྱིན་པ་དང༌། ཁྱིམ་པའི་སྦྱིན་པ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་སྦྱིན་པའོ། །དང་པོ་རབ་ཏུ་བྱུང་བའི་སྦྱིན་པ་ནི། གཙོར་མི་འཇིགས་པ་དང༌། བྱམས་པ་དང༌། ཆོས་ཀྱི་སྦྱིན་པ་སྟེ་གསུམ་ཡིན། ཟང་ཟིང་ལ་སྣག་ཚ་དང་སྨྱུ་གུ་དང་ཤོག་བུ་གསུམ་སྦྱིན་པར་གསུངས་ཀྱི། རབ་ཏུ་བྱུང་བས་ནོར་རླབས་པོ་ཆེ་སྟེར་བས་མགོ་གདོན་པར་གསུངས་པམེད་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་རྒྱལ་པོ་དང༌། བློན་པོ་དང༌། ཁྱིམ་བདག་དང༌། ཚོང་དཔོན་ལ་སོགས་པར་གྱུར་ཏེ་ཁྱིམ་པར་བཞུགས་པའི་དུས་སུ་ཟང་ཟིང་གི་སྦྱིན་པ་མཛད་ལ། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་གནས་སྐབས་སུ་གཞོན་ནུའི་རོལ་རྩེད་མཛད་པ་ན་བདོག་པའི་དངོས་པོ་སེམས་ཅན་ལ་བྱིན་ནས་ནཻ་རཉྫ་ནཱའི་འགྲམ་དུ་རབ་ཏུ་བྱུང་པའི་ཚེ་རྟ་དང་རྒྱན་ལ་སོགས་པ་རྣམས་ནོར་གྱི་བདག་པོ་རྒྱལ་པོ་ཟས་གཙང་ཉིད་ལ་བསྐུར་ལ། ཞིང་པའི་བུ་མོ་ལེགས་སྐྱེས་ཀྱིས་གསེར་སྣོད་དང་བཅས་པའི་བསོད་སྙོམས་ཕུལ་བའི་ཚེའང༌། གསེར་སྣོད་བུ་མོ་ཉིད་ལ་གཏད་པས་བུ་མོས་བདག་ལ་ཐུགས་བརྩེ་བས་བཞེས་པར་ཞུ་ཞེས་སླར་ཕུལ་བ་ན། ནཻ་རཉྫ་ནཱའི་ཆུ་ལ་བསྐྱུར་བས་མུ་སྟེགས་འགའ་ཞིག་གི་བསམ་པ་ལ་གོའུ་ཏ་མའང་ནོར་ལ་ངན་ཏེ་རྟ་དང་རྒྱན། རྒྱལ་པོ་ནོར་གྱིས་མ་ཕོངས་པས། ཕོངས་པ་ལ་སྟེར་ཐང་ཞིང༌། གསེར་སྣོད་ཀྱང་ཕོངས་པ་ལ་མི་སྟེར་བར་ཆུ་ལ་སྐྱུར་བ་ཆུད་ཟོས་ཡིན་ཟེར་བ་ལ། བཅོམ་ལྡན་འདས་ཀྱིས་མཆོག་གི་ནོར་མཆོག་མ་ཡིན་པ་ལ་བྱིན་ན་ཚེ་འདིའི་མཐུན་རྐྱེན་ཅུང་ཟད་འབྱུང་ཡང༌། མཐར་མི་ཞུ་བས། ངན་སོང་དུ་འགྱུར་བས་ཕོངས་པ་ངན་སོང་དུ་སྐྱུར་བའི་རྒྱུ་བྱང་ཆུབ་སེམས་དཔས་སྦྱོར་མི་ཐང་སྙམ་དུ་དགོངས་པ་ཡིན་ནོ། །དེས་ན་རབ་ཏུ་བྱུང་བས་སྦྱིན་པ་རླབས་པོ་ཆེས་མགོ་བཏོན་ཐོས་བསམ་སྒོམ་གསུམ་གྱི་གེགས་སུ་འགྱུར་བས། རབ་ཏུ་བྱུང་བ་ཡོ་བྱད་ལ་མ་ཆགས་ཤིང་སྦྱིན་པས་མགོ་མི་འདོན་པར། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱིས་མགོ་འདོན་པ་ལ་སངས་རྒྱས་ཀྱི་བསྟན་པ་དང་མཐུན་པའི་རབ་ཏུ་བྱུང་བར་གསུངས་སོ། །དེས་ན་མདོ་ལས། རབ་ཏུ་བྱུང་བས་ལྷུང་བཟེད་ཀྱི་ལྷག་རོལ་ཙམ་སྦྱིན་པར་གསུངས་ཀྱི། གཞན་སྦྱིན་པར་མ་གསུངས་ཏེ། རབ་ཏུ་བྱུང་བ་ལྷ་དང་བཅས་པའི་མཆོད་གནས་ཡིན་གྱི། ཡོན་བདག་མ་ཡིན་པས། ཡོན་མཆོག་གོ་བཟློག་ན་འཇིག་རྟེན་དུ་མུ་གེ་ལ་སོགས་པ་རྒུད་པའི་རྒྱུར་འགྱུར་རོ། །གཉིས་པ་བྱང་ཆུབ་སེམས་དཔའ་ཁྱིམ་པའི་སྦྱིན་པ་ལ་གཉིས་ཏེ། སྦྱིན་པ་ཇི་ལྟར་གཏང་བའི་ཚུལ་དང༌། དེ་སྦྱང་བའི་ཐབས་སོ། །དང་པོ་ལའང༌། ཐོག་མར་སྦྱིན་མི་ནུས་པ་ལས་བཟློག་པའི་དོན་དུ་ཅུང་ཟད་སྟེར་བ་ལ་བསླབ། སྟེར་ནུས་པ་རྣམས་མ་དག་པའི་སྦྱིན་པ་ལས་བཟློག་སྟེ་དག་པའི་སྦྱིན་པ་བསླབ། དག་པའི་སྦྱིན་པའང་སངས་རྒྱས་ཀྱི་རྒྱུར་མི་འགྲོ་བ་ལས་བཟློག་སྟེ་འགྲོ་བ་ལ་བསླབ་པ་སྟེ་གསུམ་ལས། དང་པོ་ནི། ཚོད་མ་ལ་སོགས་སྦྱིན་པ་ལ། །འདྲེན་པས་ཐོག་མར་སྦྱོར་བ་མཛད། །དེ་དག་གོམས་ནས་ཕྱི་ནས་ནི། །རིམ་གྱིས་རང་གི་ཤ་ཡང་གཏོང༌། །གང་ཚེ་རང་གི་ལུས་ལ་ནི། །ཚོད་སོགས་ལྟ་བུའི་བློས་སྐྱེས་ན། །དེ་ཚེ་ཤ་ལ་སོགས་གཏོང་བ། །དེ་ལ་དཀའ་བ་ཅི་ཞིག་ཡོད། །ཅེས་སྤྱོད་འཇུག་ལས་གསུངས་པ་དང༌། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། ལས་དང་པོ་པས་ཆུ་རྫེའུ་རེ་ཙམ་སྦྱིན་པ་ལ་བསླབ་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་སྟེར་ནུས་པ་རྣམས་མ་དག་པའི་སྦྱིན་པ་ལས་བཟློག་སྟེ་དག་པ་ལ་བསླབ་པ་ནི། གང་ཟག་འགའ་ཞིག་སྦྱིན་པ་གཏོང་ནའང་དག་པ་དང་མ་དག་པ་ངོ་མི་ཤེས་པས་འཁོར་བ་དང༌། ངན་སོང་གི་རྒྱུར་འགྱུར་བའི་སྦྱིན་པ་གཏོང་བ་མང་པོ་ཡོད་པས་དེ་བཟློག་ལ་དག་པའི་སྦྱིན་པ་ལ་བསླབ་སྟེ། དེའང་དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས་གསུངས་པའི་མ་དག་པའི་སྦྱིན་པ་སུམ་ཅུ་རྩ་གཉིས་ཀྱི་དོན་འདིར་ཚིགས་སུ་བཅད་པར་བསྡུ་ན། ལོག་ལྟ་མ་དད་ཕན་བཏགས་ལན། །མེ་ཆུ་རྒྱལ་སྟེར་འཇིགས་ཕྱིར་ཏེ། །དུག་མཚོན་བསད་ཤ་བག་མེད་ཆང༌། །བསྡུ་ཕྱིར་བསྟོད་ཕྱིར་རོལ་མོ་མཁན། །སྐར་མཁན་གཞན་ནོར་མཛའ་ལ་སྟེར། །གཞན་གྱི་འབྲུ་སྙོད་བཟོ་བོ་དང༌། །ནད་ཕྱིར་སྨན་པ་སྤྱོས་ནས་སྟེར། །རྣམ་སྨིན་རང་ཉིད་ལང་ཚོ་རྒས། །ན་དང་འཆི་ཚེ་བསྐུལ་ནས་མཆོད། །ཡུལ་གཞན་གྲགས་ཕྱིར་ཕོད་བསྟན་ཕྱིར། །བུད་མེད་ཕྱིར་སྟེར་བུ་མེད་ཕྱིར། །ཕྱི་མར་རྙེད་ཕྱིར་དམན་པ་རྣམས། །བོར་ནས་ཕྱུག་པོ་རྣམས་ལ་སྟེར། །མ་དག་སྦྱིན་པ་སུམ་ཅུ་གཉིས། །རྒྱས་པའི་མདོ་ལས་གསུངས་ཕྱིར་སྤང༌། དེ་ལྟར་དག་པ་དང་མ་དག་པའི་སྦྱིན་པ་ཤེས་པར་བྱས་ལ། མ་དག་པ་སྤང་ཞིང་དག་པ་ལ་བསླབ་བོ། །གསུམ་པ་ནི། དག་པའི་སྦྱིན་པ་འགའ་ཞིག་ཀྱང་སངས་རྒྱས་ཀྱི་རྒྱུར་མི་འགྱུར་བ་ཡོད་དེ། དཔེར་ན་དགེ་བའི་རྩ་བ་འགའ་ཞིག་མཐོ་རིས་ལྷ་དང་མིའི་ཕུན་སུམ་ཚོགས་པར་འགྲོ། འགའ་ཞིག་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་བའི་རྒྱུར་འགྲོ་བས་དེ་བཟློག་པའི་དོན་དུ་ཐབས་ཀྱིས་མྱ་ངན་ལས་འདས་པའི་མཐའ་མནན། ཤེས་རབ་ཀྱིས་འཁོར་བའི་མཐའ་མནན། བརྩོན་འགྲུས་ཀྱི་སྟོབས་ཀྱིས་དེ་གཉིས་མྱུར་དུ་མཐར་ཕྱིན་པར་བྱས་པས་སྦྱིན་པ་གང་ཅུང་ཟད་བྱས་པ་ཐམས་ཅད་མྱུར་དུ་མངོན་པར་རྫོགས་པར་ཚང་རྒྱ་བའི་རྒྱུར་འགྱུར་པ་ལ་བསླབ་སྟེ། མདོ་ལས། གང་དག་རྒྱལ་བ་རྣམ་འདྲེན་ལ། །བྱེད་པ་ཆུང་ངུའང་བྱེད་འགྱུར་བ། །དེ་དག་མཐོ་རིས་སྣ་ཚོགས་པར། །བགྲོད་ནས་འཆི་མེད་གནས་ཐོབ་བོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དེ་སྦྱང་པ་ལ་གཉིས་ཏེ། བསམ་པ་དང༌། སྦྱོར་བ་ལ་སྦྱང་པའོ། །དང་པོ་ནི། སློང་བ་མཐོང་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་འགྱུར་རོ་སྙམ་དུ་དགའ་བ་དང༌། ཚེ་ཕྱི་མ་ལ་ལོངས་སྤྱོད་ཟད་མི་ཤེས་པའི་ས་བོན་འདེབས་སྙམ་པ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡིན་སྙམ་པ་དང༌། དེ་དག་བདག་ལ་དགེས་པར་འགྱུར་གྱིས་སྙམ་པ་དང༌། ལྷ་དང་བཅས་པའི་འཇིག་རྟེན་དུ་སྙན་གྲགས་ཐོབ་པར་འགྱུར་སྙམ་པ་དང༌། སེམས་ཅན་གྱི་དོན་བྱེད་པ་ལ་བསྡུ་བའི་དངོས་པོ་འདི་ལྟ་བུས་བསྡུ་དགོས་སྙམ་པ་ལ་སོགས་པའི་འདུ་ཤེས་རྒྱ་ཆེན་པོ་བསྐྱེད་དེ། མདོ་སྡེ་རྒྱན་ལས། སློང་བ་མཐོང་རྫོགས་དགའ་བ་དང༌། །ཞེས་བྱ་བ་ལ་སོགས་པ་དང༌། མདོ་ལས། སློང་བ་དག་ནི་མཐོང་གྱུར་ན། །སངས་རྒྱས་འདུ་ཤེས་རབ་ཏུ་བསྐྱེད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་རོ། །གཉིས་པ་སྦྱོར་བ་ལ་སྦྱང་བ་ནི། ཡུལ། དུས། དངོས་པོ་ལ་སྦྱང་བ་གསུམ་ལས། དང་པོ་ཡུལ་ལ་སྦྱང་བ་ནི། གང་ཟག་གི་བསམ་པའི་བྱེ་བྲག་གིས་ལ་ལས་བླ་མ་ལ་འབུལ་ཕོད་ཀྱི་གཞན་ལ་མི་ཕོད་ལ། ལ་ལས་སངས་རྒྱས་ལ་མཆོད་པ། ལ་ལས་ཆོས་འདི་ཀློག ལ་ལས་དགེ་འདུན་ལ་བསྙེན་བཀུར། ལ་ལས་ཕོངས་པ་ལ་སྟེར་བ་ལ་སོགས་པ་ཕྱོགས་རེ་ལ་ནུས། གཞན་ལ་མི་ནུས་པ་ཡོད་པས་གང་ནུས་པ་ལ་མགོ་བཏོན་ཞིང༌། མི་ནུས་པ་ལའང་རིམ་གྱིས་བསླབ་བོ། །གཉིས་པ་དུས་ལ་བསླབ་པ་ནི། དུས་གཏན་དུ་སྟེར་མི་ནུས་པར་ཁྱད་པར་ཅན་ལ་ནུས་པ་ཡོད་པས་དེ་དག་ཀྱང་དུས་ཁྱད་པར་ཅན་ལ་གཙོ་བོར་བྱ་ཞིང༌། དུས་གཞན་དུ་སྟེར་བ་ལ་བསླབ་བོ། །དེ་ལྟར་ཚུལ་ཇི་ལྟར་སློབ་ན། དང་པོ་ཉི་མ་ཕྱེད་ཙམ་ཅི་འབྱོར་བ་སྟེར་བ་ལ་བསླབ། དེ་ལ་གོམས་ནས་ཉིན་རེ། དེ་ལ་གོམས་ནས་ཞག་རེ། དེ་ལ་གོམས་ནས་ཟླ་བ་རེ། དེ་ལ་གོམས་ནས་ལོ་རེ་ལ་སོགས་པ་དུས་བསྣུར་ཞིང་བསླབ་བོ། །གསུམ་པ་དངོས་པོ་ལ་སྦྱང་བ་ནི། ཆུ་རྫེའུ་རེའམ། ཚོད་ཕོར་རེའམ། ཟན་རྡོག་རེའམ། སྲད་བུ་རེའམ། ལྷན་པ་ཙམ་རེ་སྟེར་པ་ལ་བསླབ་ཅིང་ཅུང་ཟད་རེ་ལའང་སྦྱིན་པ་ཆེན་པོ་ཡིན་སྙམ་དུ་བསམ། སྦྱིན་པ་འདིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འགྱུར་ཅིག་སྙམ་དུ་བསམ། མ་འོངས་པའི་དུས་སུ་སེམས་ཅན་ཐམས་ཅད་ལ་ཅི་འདོད་པ་སྟེར་བའི་ནུས་པ་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་གདབ། ཅིའང་མི་སྟེར་བ་ལ་ལྟོས་ན་ཆུ་རྫེའུ་རེ་ཙམ་ཡང་འོར་ཆེ། རྒོལ་བ་ལ་ལྟོས་ན་མི་སྟེར་བའང་འོར་ཆེ། འཕྲོག་པ་ལ་ལྟོས་ན་རྒོལ་བའང་འོར་ཆེ། གསོད་པ་ལ་ལྟོས་ན་རྒོལ་ཞིང་རྡེག་པའང་འོར་ཆེ་སྟེ། མདོར་ན་ཐམས་ཅད་ལ་ཡུས་བསྐྱུངས་ན། སུ་དང་ཡང་ཞེ་མི་འགྲས་རྗེས་སུ་ཡི་རང་བ་སྐྱེ། བྱང་ཆུབ་སེམས་ཀྱི་སེམས་མི་ཉམས་པའི་རྒྱུར་འགྱུར་རོ། །དེ་ན་མདོ་ལས་འབྱུང་བ་བཞིན། ཟས་འདོད་པ་ལ་ཟས། དེ་བཞིན་དུ་གོས་དང༌། སྨན་དང༌། མེ་ཏོག་ཕྲེང་བ་དང༌། ནོར་འདོད་པ་ལ་ནོར་སྟེར་བའི་བར་དུ་བློ་འབྱོངས་པར་འགྱུར་རོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་མ་ཐོབ་ཀྱི་བར་དུ། མགོ་དང་རྐང་ལག་ལ་སོགས་པ་སྟེར་ཕོད་ཀྱང་མི་གཏང༌། དེའང་སྤྱོད་འཇུག་ལས། དམ་པའི་ཆོས་ནི་སྤྱོད་པའི་ལུས། །ཕྲན་ཚེགས་ཙམ་ལ་གཏང་མི་བྱ། །དེ་ལྟར་བྱས་ན་སེམས་ཅན་གྱི། །བསམ་པ་མྱུར་དུ་རྫོགས་མི་འགྱུར། །སྙིང་རྗེའི་བསམ་པ་མ་དག་པར། །ལུས་འདི་གཏང་བར་མི་བྱ་སྟེ། །ཅི་ནས་འདི་དང་གཞན་དག་ཏུ། །དོན་ཆེན་འགྲུབ་པའི་རྒྱུར་གཏང་ངོ༌། །ཞེས་གསུངས་པ་ལྟར་རོ། །ཁ་ཅིག་འཇུག་པ་སེམས་བསྐྱེད་བྱས་ནས། ཅི་སློངས་པ་ལ་སྟེར་དགོས་མ་བྱིན་ན་སེམས་བསྐྱེད་ཉམས་འགྲོ། དེས་ན་སྟེར་མི་ནུས་ཀྱི་བར་དུ་གསང་དགོས་ཟེར་བ་ནི་སྡེ་སྣོད་ཀྱི་རྣམ་དབྱེ་མ་ཤེས་པ་ཡིན། སེམས་བསྐྱེད་སྲུང་བའི་ཐབས་གསང་བ་ལ་རེ་བ་ཐབས་རྡུགས་པ་ཡིན་ནོ། །གསུམ་པ་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་སྦྱིན་པ་ལ་གསུམ་སྟེ། གཏོང་བ་དང༌། ཤིན་ཏུ་གཏོང་བ་དང༌། གཏོང་བ་ཆེན་པོའོ། །དང་པོ་ནི། རྒྱལ་སྲིད་སྟེར་བའོ། །གཉིས་པ་ནི། བུ་དང་ཆུང་མ་ལ་སོགས་པ་གཉེན་ཕངས་པ་སྟེར་བའོ། གསུམ་པ་ནི། མགོ་དང་རྐང་ལག་ལ་སོགས་པ་རང་གི་ལུས་སྟེར་བའོ། །འདི་ལ་དགོངས་ནས་རྒྱལ་བའི་ཡུམ་ལས། ཐབས་ལ་མཁས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ན་འཁོར་ལོ་སྒྱུར་བ་ལ་སོགས་པའི་ལུས་བླངས་ཏེ། ང་ལས་ཡོ་བྱད་རྣམས་ལོང་ལ་སྦྱིན་པ་ཐོང༌། ཚུལ་ཁྲིམས་སྲུངས་ཞེས་བྱ་བ་ནས་ང་ནི་ནང་གི་ལུས་ལའང་ཆགས་པ་མེད་ན། ཕྱིའི་ལོངས་སྤྱོད་ལ་ལྟ་ཅི་སྨོས་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ལྟར་རོ། །ལུང་འདི་རབ་ཏུ་བྱུང་བའི་སྦྱིན་པ་ལ་སྦྱོར་བ་ཡོད་དེ། དེ་དག་གིས་མདོ་སྡེའི་དགོངས་པ་མ་ཤེས་པར་ཟད་དེ། །འདིའི་སྐབས་སུ་ཐམས་ཅད་སྒྲོལ་གྱིས་བུ་དང་བུ་མོ་བྲམ་ཟེའི་གཡོག་ཏུ་བྱིན་པ་དང༌། ཤི་བི་པའི་རྒྱལ་པོས་བྲམ་ཟེ་ལོང་བ་ལ་མིག་བྱིན་པ་དང༌། རི་བོང་གིས་བྲམ་ཟེ་འཁྱམས་པ་ལ་ལུས་བྱིན་པ་ལ་སོགས་པ་སྐྱེས་རབས་ནས་ཇི་ལྟར་འབྱུང་བ་དང༌། རྒྱལ་པོ་ཟླ་འོད་ཀྱིས་བྲམ་ཟེ་ལ་དབུ་བྱིན་པ་དང༌། རྒྱལ་པོ་གསེར་མདོག་གིས་ལུས་སྟོད་སྨད་དུ་གཏུབས་ནས་བྱིན་པ་ལ་སོགས་པ་མདོ་རྣམས་ལས་འབྱུང་བའི་དོན་རང་གིས་བསམ་ཞིང་གཞན་ལ་བསྟན་པར་བྱའོ། །གསུམ་པ་སྦྱིན་པ་དེ་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་ལ་གཉིས་ཏེ། ཡོན་ཏན་བཞི་བསྒྲུབ་པ་དང༌། ཆགས་པ་བདུན་སྤང་བའོ། །དང་པོ་ནི། མདོ་སྡེ་རྒྱན་ལས། སྦྱིན་པས་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་གསུངས་པས་སྔར་བཤད་པ་ལྟར་སེར་སྣ་སྤངས་པ། རྣམ་པར་མི་རྟོག་པ། གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པ། འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ་ཆོས་དང་མཐུན་པའི་ཅི་འདོད་པ་སྟེར་བ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་གསུམ་ནི། སྦྱིན་པས་བསྡུས་ནས་ཉན་ཐོས་དང༌། རང་སངས་རྒྱས་དང༌། ཐེག་པ་ཆེན་པོ་སྟེ་གསུམ་ལ་སྐལ་པ་ཇི་ལྟ་བ་བཞིན་འགོད་པའོ། །གཉིས་པ་ཆགས་པ་བདུན་སྤང་བ་ནི། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ལ། །མ་ཆགས་མི་ཆགས་ཆགས་པ་མེད། །ཅེས་གསུངས་པས། མི་མཐུན་ཕྱོགས་ཆགས་པ་བདུན་སྤོང་བ་ནི། ལོངས་སྤྱོད་ལ་ཆགས་པ་དང༌། བཤོལ་པ་སྟེ། ཕྱི་བཤོལ་ལ་ཆགས་པ་དང༌། དེ་ཙམ་གྱིས་ཆོག་པར་འཛིན་པ་ལ་ཆགས་པ་དང༌། ལན་ལ་རེ་བ་ལ་ཆགས་པ་དང༌། རྣམ་པར་སྨིན་པ་ལ་ཆགས་པ་དང༌། མི་མཐུན་པའི་ཕྱོགས་ལ་ཆགས་པ་སྟེ་སེར་སྣ་ལ་སོགས་པ་སྤོང་མི་འདོད་པའོ། །རྣམ་པར་གཡེང་བ་ལ་ཆགས་པ་ལ་གཉིས་ལས། ཡིད་ལ་བྱེད་པའི་གཡེང་བ་ནི། ཐེག་པ་དམན་པ་ལ་དགའ་བ་དང༌། རྣམ་པར་རྟོག་པའི་གཡེང་བ་སྟེ་འཁོར་གསུམ་དུ་ཞེན་པའོ། །ལོངས་སྤྱོད་ཕྱི་བཤོལ་ཆོག་པར་འཛིན། །ལན་དང་རྣམ་སྨིན་མི་མཐུན་ཕྱོགས། །རྣམ་པར་གཡེང་ལ་ཆགས་པ་སྟེ། །བདུན་པོ་འདི་དག་མཁས་པས་སྤང༌། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་བཅད་དོ། །གསུམ་པ་སྦྱིན་པའི་ཕན་ཡོན་ལ་གཉིས་ཏེ། གནས་སྐབས་ཀྱི་ཕན་ཡོན་དང༌། མཐར་ཐུག་གི་ཕན་ཡོན་ནོ། །དང་པོ་ལ་གཉིས་ལས། ཚེ་འདིར་འབྱུང་བའི་ཕན་ཡོན་ནི། སྦྱིན་པས་སེམས་ཅན་མགུ་བར་བྱས་པས་ལོངས་སྤྱོད་དང༌། སྙན་པ་དང༌། གྲགས་པ་དང༌། དཔལ་དང༌། བདེ་བ་ཕུན་སུམ་ཚོགས་པ་འཐོབ་སྟེ། སྤྱོད་འཇུག་ལས། སེམས་ཅན་མགུ་ལས་བྱུང་བ་ཡི། །མ་འོངས་སངས་རྒྱས་འགྲུབ་ལྟ་ཞོག །ཚེ་འདི་ཉིད་ལ་དཔལ་ཆེན་དང༌། །གྲགས་དང་སྐྱིད་འགྱུར་ཅིས་མ་མཐོང༌། །ཞེས་བྱ་བ་དང༌། མདོ་སྡེ་རྒྱན་ལས། སྦྱིན་པ་པོ་ནི་ལོངས་སྤྱོད་མི་འདོད་ཀྱང༌། །ལོངས་སྤྱོད་ཤིན་ཏུ་མང་ལ་བཟང་དང་ཕྲད། །ཅེས་གསུངས་པ་ལྟར་རོ། །ཚེ་ཕྱི་མ་ལ་འབྱུང་བ་ནི། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ཅི་འདོད་པའི་ལོངས་སྤྱོད་ཐོབ། བྱེད་པ་རྒྱུ་མཐུན། གཞན་ལའང་ཅི་འདོད་པ་སྟེར་ཕོད་པར་འགྱུར། གཞན་ཡང་ཡུལ་ངན་པ་དང༌། མུ་གེའི་བསྐལ་པ་ལ་སོགས་པར་གཏན་མི་སྐྱེ་བ་ལ་སོགས་པ་ཕན་ཡོན་དཔག་ཏུ་མེད་དོ། །སྡུད་པ་ལས། བྱང་ཆུབ་སེམས་དཔའི་སྦྱིན་པ་ཡི་དྭགས་འགྲོ་བ་གཅོད། །དབུལ་པ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་རོ། །གཉིས་པ་མཐར་ཐུག་གི་ཕན་ཡོན་ནི། སངས་རྒྱས་པ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་རྒྱ་མཚོ་ལྟ་བུ་འདུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ལས་གྲུབ་པའི་མཆོད་པ་རྣམས་འབྱུང༌། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་དབང་བསྒྱུར་བ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་ཐོབ་བོ།།  ༈  །།གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གསུམ་སྟེ། ཚུལ་ཁྲིམས་ཀྱི་མཚན་ཉིད་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་ངེས་པར་བྱ་བ་དང༌། ཚུལ་ཁྲིམས་བསྲུངས་པའི་ཕན་ཡོན་ནོ། །དང་པོ་ནི། །གཞན་གྱི་དོན་དུ་རང་གི་ཁ་ན་མ་ཐོ་བ་སྤང་པའོ། །དེ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །གཉིས་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་གསུམ་སྟེ། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ངོས་གཟུང་བ་དང༌། གཉེན་པོའི་རང་བཞིན་སོ་སོར་དཔྱད་པ་དང༌། དེ་དག་ཕྱིན་ཅི་མ་ལོག་པར་བསྒྲུབ་པའོ། །དང་པོ་ལ་གཉིས་ལས། འཆལ་བའི་ཚུལ་ཁྲིམས་ངོས་གཟུང་ན། དེའང་སྡོམ་པ་གཏན་བསྲུང་མི་ནུས་པ་དང༌། བསྲུངས་ཀྱང་མུ་སྟེགས་བྱེད་ཀྱི་ཚུལ་ཁྲིམས་ལྟར་ཕྱིན་ཅི་ལོག་དང༌། ཕྱིན་ཅི་མ་ལོག་ཀྱང་ཉན་ཐོས་ཀྱི་ཚུལ་ཁྲིམས་ལྟར་སངས་རྒྱས་ཀྱི་རྒྱུར་མི་འགྲོ་བ་སྟེ་གསུམ་མོ། །གཉིས་པ་དེའི་ཉེས་པ་བསམ་པ་ལ་གཉིས་ཏེ། ཚེ་འདིའི་ཉེས་པ་དང༌། སྐྱེ་བ་གཏན་གྱི་ཕུན་སུམ་ཚོགས་པ་འཇོམས་པའོ། །དང་པོ་ནི། ཚུལ་ཁྲིམས་འཆལ་བ་ལ་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་བརྙས་པར་འགྱུར་རོ། །དེ་ཡང་ཚུལ་ཁྲིམས་འཆལ་བ་བླ་མ་དང་དཀོན་མཆོག་གི་སྤྱན་སྔར་འགྲོ་བ་རང་ཉིད་ངོ་གནོང༌། །དགེ་འདུན་གྱི་གྲལ་དུ་འཇུག་པ་བག་ཚ། སྦྱིན་བདག་གི་དད་རྫས་ལེན་པ་སེམས་ཞུམ། མི་ཐམས་ཅད་ཀྱང་དེ་ལ་བརྙས། མི་མ་ཡིན་པ་ཐམས་ཅད་ཀྱིས་བར་དུ་གཅོད། ལྷ་ཐམས་ཅད་ཀྱིས་བསྲུང་བར་མི་འགྱུར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀྱིས་བས་བར་འགྱུར་རོ། །གཉིས་པ་སྐྱེ་བ་གཏན་གྱི་ཕུན་སུམ་ཚོགས་པ་འཇོམས་པའང༌། ཏིང་ངེ་འཛིན་རྒྱལ་པོ་ལས། ཚུལ་ཁྲིམས་འཆལ་བ་ངན་འགྲོར་དེ་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་ནུས། །ཞེས་གསུངས་པས། སྤྱིར་ཚུལ་ཁྲིམས་འཆལ་བ་ལ་བདེ་འགྲོ་འབྱུང་བ་མི་སྲིད། ཚུལ་ཁྲིམས་ཀྱི་ཡན་ལག་ཉམས་པས་ཀྱང་ཀླུའི་གནས་སུ་སྐྱེ་བར་གསུངས། །བརྒྱ་ལ་ངན་སོང་ནས་ཐར་ནས་མཐོ་རིས་སུ་སྐྱེས་ནའང༌། སྲོག་གཅོད་པས་ནི་ཚེ་ཐུང་ཞིང༌། །མ་བྱིན་ལེན་པས་ནོར་དང་བྲལ། །བྱི་བྱེད་པས་ནི་དགྲ་མང་ཞིང༌། །བརྫུན་དུ་སྨྲ་བས་སྐུར་བར་འགྱུར། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་སྡུག་བསྔལ་སྐྱེ་བ་སྟེ། །མི་ཉིད་ཀྱིས་ནི་འབྲས་བུ་ཉིད། །ཀུན་གྱི་དང་པོ་ངན་འགྲོར་འགྲོ། །ཞེས་གསུངས་པ་ལྟར། ཚེ་ཐུང་བ་ལ་སོགས་པ་གང་མི་འདོད་པའི་དངོས་པོ་རྣམས་ཐོག་ཏུ་འབབ་པར་འགྱུར་རོ། །འདི་དག་གི་སྐབས་སུ་མི་དགེ་བ་བཅུ་སྤྱད་པས་སེམས་ཅན་དམྱལ་བའི་གནས་སུ་སྐྱེས་པ་དང༌། ཚུལ་ཁྲིམས་ཀྱི་ཡན་ལག་ཉམས་པས་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཏུ་སྐྱེས་པའི་ལོ་རྒྱུས་ལ་སོགས་པ་བཤད་དོ། །གཉིས་པ་གཉེན་པོའི་རང་བཞིན་སོ་སོར་དཔྱད་པ་ལ་གཉིས་ལས། དང་པོ་རྒྱུའི་གཉེན་པོ་ནི། ཚུལ་ཁྲིམས་འཆལ་བའི་རྒྱུ་ཉོན་མོངས་པ་ཤས་ཆེ་བ་ཡིན་པས་དེའི་གཉེན་པོ་ལ་གཉིས་ལས། ཕྱོགས་རེའི་མགོ་གནོན་ནི་དཔུང་བཟང་ལས། འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་དང༌། །པགས་པ་ཀེང་རུས་ལྟ་བས་རྣམ་པར་བཟློག །ཞེ་སྡང་ལ་ནི་བྱམས་པའི་ཆུ་ཡིན་ཏེ། །གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །ང་རྒྱལ་ལ་ནི་ཁམས་ཀྱི་རབ་ཏུ་དབྱེ། །ཞེས་བྱ་བ་ལ་སོགས་པ་དང༌། མཐའ་དག་དཔྱིས་འབྱིན་གྱི་གཉེན་པོ་ཡང་རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་བྱ་བ་དང༌། སློབ་དཔོན་འཕགས་པས། མ་རིག་འགགས་པར་གྱུར་པ་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །དེ་དང་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་མངོན་མི་འགྱུར། །ཞེས་གསུངས་པས་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ལ་འདྲེས་པར་བྱའོ། །གཉིས་པ་འབྲས་བུའི་གཉེན་པོ་ནི། ཉོན་མོངས་པ་ལ་བརྟེན་ནས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་སྐྱེ། དེ་ལས་ལུས་ངག་གི་ཚུལ་ཁྲིམས་འཆལ་བ་འབྱུང་བས། དེའི་གཉེན་པོ་ཚུལ་ཁྲིམས་ལ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །དང་པོ་ལའང་སོ་སོར་ཐར་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་གཉིས་ལས། སོ་སོར་ཐར་པའི་སྡོམ་པ་ལ་གཉིས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པས་བསླབ་པ་དང༌། །རབ་ཏུ་བྱུང་བས་བསླབ་པའོ། །དང་པོ་ནི། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བླངས་ནས་བསྙེན་གནས་ཙམ་བསྲུང་བ་སྐྱབས་གསུམ་འཛིན་པའི་དགེ་བསྙེན། སྲོག་སྡོམ་བླངས་བ་སྣ་གཅིག་སྤྱོད་པ། མ་བྱིན་པར་ལེན་པ་སྤོང་བ་སྣ་འགའ་སྤྱོད་པ། བརྫུན་དང་གསུམ་སྤོང་བ་ཕལ་ཆེར་སྤྱོད་པ། འདོད་ལོག་དང༌། ཆང་སྤོང་ན་ཡོངས་སུ་རྫོགས་པའི་དགེ་བསྙེན་ནོ། །མདོ་ལས་དགེ་བསྙེན་སྟོན་པ་གཞན་ལ་མི་བརྟེན་པ་ཆོས་དགེ་བ་བཅུར་སྤྱོད་པ། ཞེས་གསུངས་པའང་དེ་ཡིན་ནོ། །འོ་ན་མི་དགེ་བ་བཅུ་སྤངས་པ། དགེ་བ་བཅུ་བསྒྲུབ་དགོས་པ་ལ་ཡན་ལག་ལྔ་ལས་མི་ལེན་པ་འགལ་ལོ་ཞེ་ན། ལྔ་བསྲུངས་པས་བཅུ་པོ་དོན་གྱིས་བསྲུངས་པར་འགྱུར་ཏེ། སྲོག་གཅོད་པ་སྤངས་པས་གནོད་སེམས་ཤུགས་ལ་སྤངས་ཤིང༌། མ་བྱིན་པར་ལེན་པ་སྤངས་པས་བརྣབ་སེམས་ཤུགས་ལ་སྤངས་ལ། བརྫུན་སྤངས་པས་ཕྲ་མ་དང་ཀྱལ་བ་དང་ཚིག་རྩུབ་ཤུགས་ལ་སྤངས་ཤིང༌། དགེ་བསྙེན་ལེན་པ་ཉིད་ཀྱིས་ལས་རྒྱུ་འབྲས་ལ་ཡིད་ཆེས་པས་ལོག་ལྟ་ཤུགས་ལ་ཁེགས་སོ། །ཡང་དག་པར་ན་དགེ་བསྙེན་ཀྱིས་བསླབ་པའི་གཞི་བཅུ་ལེན་པ་ཡིན་མོད་ཀྱི། དགེ་བསྙེན་བསླབ་པའི་གཞི་ལྔ་བླངས་པ་ཞེས་གསུངས་པ་ནི་གྲངས་མངས་བས་འཇིགས་པ་སྤངས་པའི་དོན་དུ་གསུངས་ཏེ། དགེ་བསྙེན་གྱི་སྡོམ་པ་བརྒྱད་པ་ལས། ཡན་ལག་ལྔ་ཡི་ཆོ་ག་ནི། །གཞུག་པ་རུ་ནི་འདོད་པས་སོ། །ཞེས་གསུངས་པ་ལྟར་རོ། །ཁ་ཅིག་དགེ་བསྙེན་གྱི་སྡོམ་པ་ལ་ལོག་ལྟ་སྤང་བ་ལེན་པ་ཐོས་ཏེ་སྡེ་སྣོད་ཀྱི་རྒྱུས་ཆུང་བར་ཟད་དོ། །ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དེ་ལས་གཞན་པའི་དགེ་བསྙེན་མི་འདོད་ལ། མདོ་སྡེ་པ་དག རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང༌། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤང་བ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེ་དེ། །ཞེས་བྱ་བའི་གཞུང་ལ་བརྟེན་ནས་དེའི་སྟེང་དུ་ཚངས་པར་སྤྱོད་པའི་དགེ་བསྙེན་འདོད་ཅིང༌། ཡང་འཕགས་པ་གནས་བརྟན་སྡེ་པ་དག་བསྙེན་གནས་ཡན་ལག་བརྒྱད་པ་ཇི་སྲིད་འཚོའི་བར་དུ་བླངས་ན་གོ་མིའི་དགེ་བསྙེན་དུ་འགྱུར་རོ། །ཞེས་འཕགས་པ་གནས་བརྟན་སྡེ་པའི་མན་ངག་བརྒྱུད་པ་ལས་ཐོས་ཞེས་གསུངས་པས་གོ་མིའི་དགེ་བསྙེན་ཞེས་བྱ་བ་འདོད་དོ། །ཐེག་པ་ཆེན་པོ་པའང་དོན་འདི་བཞེད་དོ། །དཀོན་མཆོག་བརྩེགས་པ་ལས། རྒྱལ་པོའི་བུ་སྙིང་རྗེ་ཆེར་སེམས་ཀྱིས་བསྙེན་གནས་ཡན་ལག་བརྒྱད་པ་ཇི་སྲིད་འཚོའི་བར་དུ་བླངས་པར་བཤད་དེ། འོན་ཀྱང་གོ་མིར་མིང་མ་བཏགས་སོ། །གོ་མི་འདི་སཾསྐྲྀ་ཏའི་སྐད་ཡིན་ཏེ། སྒྲ་པ་དག ངག་ཕྱོགས་ས་དང་འོད་ཟེར་དང༌། །བ་ལང་མིག་དང་རྡོ་རྗེ་དང༌། །མཐོ་རིས་ཆུ་དང་དོན་དགུ་ལ། །མཁས་པས་གོ་སྒྲ་ངེས་གཟུང་བྱ། །ཞེས་གསུངས་པས། བོད་སྐད་དུ་བསྒྱུར་ན་སྒྲ་ཕྱོགས་སུ་ལྷུང་པར་འགྱུར་པས་གོའུ་ཏ་མའི་སྒྲ་ལྟར་རྒྱ་སྐད་དུ་འཇོག་པའི་རྒྱུ་མཚན་དེ་ཡིན་ནོ། །འདུལ་བ་མདོ་རྩ་ཐམས་ཅད་ཡོད་སྨྲའི་གཞུང་ཡིན་པས་ཚངས་སྤྱོད་དང་གོ་མི་གཉིས་མ་གསུངས། དེས་ན་འདུལ་འཛིན་རྣམས་ལ་འདི་གཉིས་ཀྱི་ཆོ་ག་མི་འབྱུང་པའི་རྒྱུ་མཚན་དེ་ཡིན། འདི་གཉིས་ཁྱིམ་ཐབ་སྤངས་པ་ཡིན་པས་རབ་ཏུ་བྱུང་བའི་ནང་དུ་འདུ་མོད་ཀྱི། བར་མའི་ཆོ་ག་མ་བྱས་པས་ཕྱེད་རབ་ཏུ་བྱུང་བ་ཞེས་གཞུང་འགའ་ལས་གྲགས་སོ། །འདི་དག་གི་དགེ་བ་དང་མི་དགེ་བའི་རྒྱུ་འབྲས་ངོས་བཟུང་པ་ནི་ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་སོ། །གཉིས་པ་རབ་ཏུ་བྱུང་བའི་དགེ་ཚུལ་དང་དགེ་སློང་གི་བསླབ་པར་བྱ་བ་ནི་འདུལ་བ་ནས་འབྱུང་བ་བཞིན་དུ་ཤེས་པར་བྱའོ། །འདི་དག་ཀྱང་བྱང་ཆུབ་ཀྱི་སེམས་དང་འཁོར་གསུམ་ཡོངས་སུ་དག་པས་མ་ཟིན་ན་ཉན་ཐོས་ཀྱི་ཡིན་ཡང༌། དེ་དག་གིས་ཟིན་ཅིང་གཞན་དོན་དུ་སྤྱོད་ན་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པར་འགྱུར་རོ། །གཉིས་པ་བྱང་ཆུབ་སེམས་དཔའི་སྡོམ་པ་ནི། དབུ་མའམ། སེམས་ཙམ་པའི་སེམས་བསྐྱེད་བྱས་ནས་རང་རང་གི་བསླབ་པར་བྱ་བ་ལ་བསླབ། གཉིས་ཀ་ལ་ཐུན་མོང་དུ་ནག་པོའི་ཆོས་བཞི་སྤོང་བ་དང༌། དཀར་པོའི་ཆོས་བཞི་ལ་སློབ་པ་ལ་གོང་དུ་བཤད་པ་བཞིན་དུ་བསླབ་བོ། །དེ་ཉམས་སུ་ལེན་པ་ལའང་བསྡུས་པ་དང༌། རྒྱས་པ་གཉིས་སོ། །བསྡུས་པ་ལའང༌། ཡུལ་དང༌། དུས་དང༌། ངོ་བོ་ལ་བསླབ་པ་གསུམ་ལས། ཡུལ་ནི་མི་དགེ་བ་བཅུ་ལ་དཔེར་བརྗོད་ན། སྲོག་གཅོད་པའི་ཡུལ་མིའམ་དུད་འགྲོ་ལ་སོགས་པ་རང་དང་འགྲོགས་པ་མི་གསོད་པ་ལ་བསླབ། དེ་ལ་གོམས་ནས་མི་དང་དུད་འགྲོ་གཞན་མི་གསོད་པ་ལའང་རྒྱ་བསྐྱེད་ཅིང་བསླབ། དེ་བཞིན་དུ་མ་བྱིན་པར་ལེན་པའང་ཐོག་མར་རང་གི་འབྲེལ་བའམ། ཁྱིམ་མཚེས་ལ་སོགས་པའི་ནོར་མི་ལེན་པ། དེ་ནས་གཞན་ལ་རྒྱ་བསྐྱེད་ཅིང་བསླབ། དེ་བཞིན་དུ་བརྫུན་དུ་སྨྲ་བ་ལ་སོགས་པ་གཞན་ལའང་སྦྱར་ཏེ་ཤེས་པར་བྱའོ། །དུས་ཀྱང་ཉི་མ་ཕྱེད་དང་ཉིན་གཅིག་དང་ཞག་གཅིག་དང་ཟླ་བ་ཕྱེད་དང་ཟླ་བ་དང་ལོའི་བར་སྤོང་བ་ལ་གོམས་པར་བྱ་ཞིང་བསླབ་བོ། །རང་གི་ངོ་བོ་ཡང་མི་དགེ་བ་བཅུ་གང་ནུས་པ་རེ་རེ་སྤོང་བ་ལ་བསླབ་ཅིང༌། དེ་ནས་གཉིས་དང༌། གསུམ་ནས་བཅུའི་བར་དུ་སྤོང་པ་ལ་བསླབ་སྟེ། དེ་ཡང་ཐོག་མར་སྡིག་པ་དང་ལྟུང་བ་རགས་པ་སྤང༌། དེ་ནས་འབྲིང༌། དེ་ནས་ཕྲ་ཞིང་ཕྲ་པའི་བར་དུ་སྤོང་བ་ལ་བསླབ། ཉེས་པ་བྱུང་ན་ཕྱིར་བཅོས་པ་ཡང་ཐུན་ཚོད་ལ་ལྟོས་པའི་ལྟུང་བ་རྣམས་ཐུན་ཚོད་མ་སོང་བ་ལ་བཤགས་པ་བྱ་སྟེ། ཁོ་བོའི་བླ་མ་རྗེ་ས་སྐྱ་པ་ཆེན་པོའི་ཞལ་ནས། རྒྱ་མཚོ་ཆེན་པོ་རོ་དང་མི་འགྲོགས་པ་ལྟར། ཆོས་བྱེད་པ་ལྟུང་བ་དང་མི་འགྲོགས་པ་དགོས་གསུང༌། དེའང་ཉལ་བའི་ཚེ་ཉིན་པར་ལྟུང་བ་བྱུང་མ་བྱུང་བརྟག མ་བྱུང་ན་དགའ་བ་བསྒོམ། དེའི་དགེ་བ་སངས་རྒྱས་སུ་བསྔོ། བྱུང་ན་རང་གི་སེམས་ལ་ཁྲེལ་དེད་འགྱོད་པ་བསྐྱེད་དེ་ཕྱི་བཤོལ་མི་བྱ་བར་བཤགས་པ་བྱ། ཉེས་པ་མ་དག་པར་མི་ཉལ་ལོ། །ནངས་པར་ལྡང་པ་ནའང་དེ་བཞིན་དུ་བྱས་ལ་ཉེས་པ་མ་བཤགས་པར་ཟས་མི་ཟ་བ་ལ་བསླབ་སྟེ། ལེགས་པར་གྲུབ་པ་ལས། ཉིན་མོར་བག་མེད་བྱས་པ་དག །མཚན་མོར་སོ་སོར་བཤགས་པར་བྱ། །ནུབ་མོར་བྱས་པ་ནངས་པར་བཤགས། །ལེགས་པར་བྱས་ལ་མངོན་དགའ་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་གོམས་ན་ཆོས་པ་རྒྱ་མཚོ་ཆེན་པོ་དང་འདྲ་བ་འབྱུང་སྟེ། མདོ་ལས་སྐྱེས་བུ་དམ་པའི་ལས་གཉིས་ཏེ། དང་པོ་ལྟུང་བ་མི་འབྱུང་བ་དང༌། བྱུང་བ་ཕྱིར་བཅོས་པའོ་ཞེས་གསུངས་པའང་དེ་ལ་དགོངས་པ་ཡིན་ནོ། །བསྙེན་གནས་ཀྱི་སྐབས་སུ་འདུལ་བ་ལུང་གི་ལྷའི་བུ་ཡན་ལག་ཉམས་པ་ལ་སོགས་པའི་གཏམ་དང༌། སྲོག་གཅོད་པ་སྤོང་བ་ལ་ལེགས་པར་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྐྱེས་རབས་དང་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་དགེ་བ་བཅུ་གཞན་ལའང་བསྲུངས་པའི་ཕན་ཡོན་དང་མ་བསྲུངས་པའི་ཉེས་དམིགས་ཀྱི་གཏམ་རྒྱུད་སྐྱེས་རབས་སམ། མདོ་རྣམས་ལས་འབྱུང་བ་ཅི་རིགས་པ་སྦྱར་ཏེ་ཤེས་པར་བྱའོ། །གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། དགེ་བའི་ཆོས་བསྒྲུབ་པའི་ཕྱིར་མི་དགེ་བའི་ཆོས་གཞི་དང་བཅས་པ་སྤངས་པའི་སེམས་པ་རྒྱུན་ཆགས་སོ། །དབྱེ་ན་སྐྱབས་འགྲོ་ནས་སངས་རྒྱས་ཀྱི་ཡོན་ཏན་གྱི་བར་གྱི་དགེ་བའི་ཆོས་སྡུད་པ་ལ་ཅི་རིགས་པར་སློབ་པ་སྟེ། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། རང་ལ་དགོས་པའི་བསྟན་བཅོས་འགའ། །ཉི་མ་རེ་རེར་ཚིག་རེ་ཟུངས། །གྲོག་མཁར་དང་ནི་སྦྲང་རྩི་ལྟར། །རིང་པོ་མི་ཐོག་མཁས་པར་འགྱུར། །ཞེས་པ་ལྟར་རོ། །དེ་བཞིན་དུ་དེ་དག་རང་ས་དང་འགལ་པའི་སྤང་བྱ་རྣམས་ཅི་ནུས་སྤང་ཞིང༌། སོ་སོའི་ཉེས་པ་གང་བྱུང་བ་ལ་རང་རང་གི་ཚུལ་དང་མཐུན་པའི་སྡིག་པ་དང་ལྟུང་བ་བཤགས་པར་བྱའོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། གཞན་དོན་བསྒྲུབ་པའི་ཕྱིར་དེ་དང་འགལ་བ་གཞི་དང་བཅས་པ་སྤོང་བའི་སེམས་པ་རྒྱུན་ཆགས་སོ། །དེ་ལ་གཞན་དོན་དུ་འགྱུར་ན་རང་གི་སྡོམ་པའི་ཚུལ་ཁྲིམས་དང་འགལ་ཡང་གཞན་དོན་དུ་ཕམ་པ་བཞི་ཡང་སྤྱོད་པ་སྟེ། བྲམ་ཟེའི་ཁྱེའུ་སྐར་མའམ། དེད་དཔོན་སྙིང་རྗེ་ཆེན་པོ་ལ་སོགས་པ་ལྟ་བུའོ། །ཡང་གཞན་དོན་དུ་འགྱུར་ན་རང་གི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱང་འདོར་བ་སྟེ། བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་སམ། བརྒྱ་བྱིན་མིག་མཛེས་ལ་སོགས་པ་བཞིན་ནོ། །གསུམ་པ་དེ་དག་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་ལ་གཉིས་ཏེ། ཡོན་ཏན་བཞི་བསྒྲུབ་པ་དང༌། ཆགས་པ་བདུན་སྤང་བའོ། །དང་པོ་ནི། ཚུལ་ཁྲིམས་མི་མཐུན་ཕྱོགས་ཉམས་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་པས། མི་མཐུན་ཕྱོགས་འཆལ་བའི་ཚུལ་ཁྲིམས་སྤང་བ། རྣམ་པར་མི་རྟོག་པ་བདག་མེད་རྟོགས་པ། འདོད་པ་ཡོངས་རྫོགས་བྱེད་པ་ནི་ཚུལ་ཁྲིམས་ཀྱིས་གཞན་ལ་ལུས་ངག་ཡིད་སྡོམ་པ། སེམས་ཅན་སྨིན་པར་བྱེད་པ་ནི་ཚུལ་ཁྲིམས་ཀྱིས་མགུ་བར་བྱས་ནས་སེམས་ཅན་རྣམས་ཐེག་པ་གསུམ་ལ་འགོད་པའོ། །གཉིས་པ་ཆགས་པ་བདུན་སྤང་བ་ནི། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི། །མ་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ཆགས་པ་བདུན་སྤང་སྟེ་དེ་ཡང་མི་མཐུན་ཕྱོགས། འཆལ་པའི་ཚུལ་ཁྲིམས། ཕྱི་བཤོལ། དེ་ཙམ་གྱིས་ཆོག་པར་འཛིན་པ། ལན་ལ་རེ་བ། རྣམ་སྨིན་ལ་རེ་བ། མི་མཐུན་ཕྱོགས་ལ་ཆགས་པ་སྟེ་དེའི་བག་ལ་ཉལ་མ་བཅོམ་པའོ། གཡེང་བ་ལ་ཆགས་པ་གཉིས་ནི་སྔར་བཞིན་ནོ། །དེ་ལྟ་བུའི་ཆགས་པ་བདུན་བག་ལ་ཉལ་དང་བཅས་པ་སྤང་ངོ༌། །གསུམ་པ་ཚུལ་ཁྲིམས་བསྲུངས་པའི་ཕན་ཡོན་ལ་གཉིས་ཏེ། གནས་སྐབས་དང༌། མཐར་ཐུག་གི་ཕན་ཡོན་ནོ། །དང་པོ་ལ་གཉིས་ལས། ཚེ་འདིར་འབྱུང་བ་ནི། ཚུལ་ཁྲིམས་ལ་གནས་པས་འགྱོད་པ་མེད། དེའི་སྟོབས་ཀྱིས་ཡིད་བདེ་ཞིང་སེམས་རྣལ་དུ་ཕེབས་ཤེས་རབ་གསུམ་གྱི་རྒྱུར་འགྱུར་བ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་དེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཏིང་འཛིན་རྒྱལ་པོ་སྟོང་པ་འདི་སྒོམ་པ། །ཚུལ་ཁྲིམས་དག་པའི་མགོ་ལ་དེ་འདུག་སྟེ། །ཆོས་རྣམས་རང་བཞིན་རྟག་ཏུ་མཉམ་གཞག་པ། །བྱིས་པ་མི་རིགས་བརྩོན་པས་མི་ཤེས་སོ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་ཚུལ་ཁྲིམས་ཀྱི་དྲིའི་སྙན་པས་ཕྱོགས་བཅུར་ཁྱབ། གྲོང་ཁྱེར་གྱི་བསོད་སྙོམས་དོན་ཡོད་པར་བྱེད། ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་གནས་སུ་འགྱུར། ཚོགས་པའི་ནང་ན་མཛེས་ཤིང་བརྗིད་པ་ལ་སོགས་པ་ཚུལ་ཁྲིམས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་མདོ་རྣམས་ལས་གསུངས་སོ། །ཚེ་ཕྱི་མ་ལ་འབྱུང་པའི་ཕན་ཡོན། དད་པས་མི་ཁོམ་འགྲོ་མི་འགྱུར། །ཁྲིམས་ཀྱིས་འགྲོ་བ་བཟང་པོར་སྐྱེ། །ཞེས་གསུངས་པ་ལྟར། མཐོ་རིས་ཡོན་ཏན་བདུན་ལྡན་དུ་སྐྱེ་སྟེ་འདི་ལྟར། རིགས་ལྡན་གཟུགས་བཟང་ལོངས་སྤྱོད་ཆེ། །ཤེས་རབ་ཕུན་ཚོགས་དབང་ཕྱུག་ལྡན། །ནད་མེད་ཤིན་ཏུ་ཚེ་རིང་བ། །མཐོ་རིས་ཡོན་ཏན་བདུན་ཞེས་གསུངས། །ཡོན་ཏན་བདུན་བརྗོད་པའི་གཏམ་ལས་དོན་བསྡུས་པའི་ཚིགས་སུ་བཅད་པའོ། །ཚུལ་ཁྲིམས་ལེགས་པར་བསྲུངས་པས་གང་དང་གང་དུ་སྐྱེས་པ་དེ་ཐམས་ཅད་དུ་འདི་ལྟ་བུའི་ཡོན་ཏན་ཐོབ་པར་འགྱུར་རོ། །སྡུད་པ་ལས། ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་དུ་མའི་ངོ་བོ་དང༌། །མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་མཐར་ཐུག་གི་ཕན་ཡོན་ནི། མངོན་པར་རྫོགས་པར་སངས་རྒྱས་པ་ན། ནམ་མཁའི་མཐས་ཀླས་པའི་འཇིག་རྟེན་ཐམས་ཅད་དུ་དེར་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་སྟོན་པ་ཞེས་སྙན་པའི་གྲགས་པ་འབྱུང་བ་དང༌། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཡོངས་སུ་དག་པས་གཞན་གྱིས་ཤེས་སུ་འོང་ཞེས་བཅབ་པར་དགོངས་པ་མི་མངའ་བའི་བསྲུང་བ་མེད་པ་གསུམ་འཐོབ་སྟེ། མདོ་སྡེ་རྒྱན་ལས། བསྲུང་མེད་བསྙེལ་པ་མི་མངའ་བས། །འཁོར་གྱི་ནང་དུ་བག་བརྐྱང་གསུང༌། །ཀུན་ནས་ཉོན་མོངས་གཉིས་སྤངས་པའི། །འཁོར་སྡུད་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་འཐོབ་བོ།།  ༈  །།གསུམ་པ་བཟོད་པ་ལ་གསུམ་སྟེ། བཟོད་པའི་མཚན་ཉིད་དང༌། བཟོད་པའི་རང་བཞིན་ངེས་པར་བྱ་བ་དང༌། བཟོད་པ་བསྒོམས་པའི་ཕན་ཡོན་ནོ། །དང་པོ་ནི། གཞན་གྱིས་གནོད་པ་བྱས་པ་ལ་སེམས་མི་འཁྲུགས་པའོ། །དེ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །གཉིས་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་གསུམ་སྟེ། མི་མཐུན་ཕྱོགས་ངོས་གཟུང་བ་དང༌། གཉེན་པོའི་རང་བཞིན་སོ་སོར་དཔྱད་པ་དང༌། དེ་དག་ཕྱིན་ཅི་མ་ལོག་པར་བསྒྲུབ་པའོ། །དང་པོ་ལ་གཉིས་ལས། ཁོང་ཁྲོ་བ་ངོས་གཟུང་བ་ནི། གཞན་གྱི་གནོད་པས་སེམས་ཁོང་ནས་འཁྲུགས་པའོ། །གཉིས་པ་དེའི་ཉེས་པ་བསམ་པ་ལ་གཉིས་ཏེ། ཚེ་འདིའི་ཉེས་པ་དང༌། སྐྱེ་བ་གཏན་གྱི་བདེ་བ་འཇོམས་པའོ། །དང་པོའང་སྤྱོད་འཇུག་ལས། ཞེ་སྡང་ཟུག་རྔུའི་སེམས་འཆང་ན། །ཡིད་ནི་ཞི་བའི་ཉམས་མི་མྱོང༌། །དགའ་དང་བདེ་བ་མི་འཐོབ་ལ། །གཉིད་མི་འོང་ཞིང་བརྟན་མེད་འགྱུར། །ཞེས་གསུངས་པས། ཞེ་སྡང་ཅན་གྱི་ཡིད་ལ་རྒྱུན་དུ་དགའ་བའི་བསམ་པ་མི་འབྱུང་ཞིང༌། དེའི་སྟོབས་ཀྱིས་ལུས་ལ་བདེ་བ་མི་རྙེད་ལ། མཚན་མོ་གཉིད་འཆག་ཅིང༌། ཁྲོ་བ་དང་སྤྲུག་བརྡབ་ཀྱི་སྟོབས་ཀྱིས་ལུས་དང་སེམས་རྣལ་དུ་ཕེབས་པའི་བརྟན་པ་མི་རྙེད་པས། བདག་ཚུགས་མི་ཐུབ་ཅིང་གཞན་གྱིས་ཕྱ་བའི་གནས་སུ་འགྱུར་རོ། །ཡང༌། གང་དག་ནོར་དང་བཀུར་སྟི་ཡིས། །དྲིན་བྱིན་དེ་ལ་བརྟེན་གྱུར་པ། །དེ་དག་ཀྱང་ནི་སྡང་ལྡན་པའི། །རྗེ་དཔོན་དེ་ལ་གསོད་པར་རྒོལ། །ཞེས་གསུངས་པས། ཧ་ཅང་གཤིས་ངན་དྲགས་ན་རང་རེ་ལ་བརྟེན་པའི་འཁོར་གཡོག་ཟས་ནོར་གྱིས་བསྐྱངས་པས་ཀྱང་རྗེ་དཔོན་བསད་པའི་དཔེ་ཡོད་ལ། ཡང༌། དེ་ཡིས་མཛའ་བཤེས་སྐྱོ་བར་འགྱུར། །སྦྱིན་པས་བསྡུས་ཀྱང་བརྟེན་མི་བྱེད། །ཅེས་གསུངས་པས། སྤྲོ་ཐུང་བ་ལ་མཛའ་བཤེས་ཐམས་ཅད་སྐྱོ་བ་སྐྱེ་ཞིང༌། ཟས་ནོར་བྱིན་ཡང་ལག་ནས་སྟེར་ཡང་ཁས་སྲེག་པ་ཡིན་ཞེས་ཟས་ནོར་ཤོར་ཞིང་གཞན་མ་མགུ་བ་ཅིག་ལས་མི་འབྱུང་ཞིང༌། མདོར་ན་ཁྲོ་བ་བདེར་གནས་པ། །དེ་ནི་གང་ནའང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་གཤིས་ངན་ན་ཚེ་འདི་ཕྱི་གཉིས་ཀར་སྡུག་ཅིང༌། ཆོས་བྱས་ཀྱང་སློབ་དཔོན་གྲོགས་མཆེད་ཡོན་མཆོད་གང་དང་ཡང་འགྲོགས་མི་ཤེས་པས་རང་སྡུག་ཅིང་གཞན་གྱིས་ཆོས་པར་མི་རྩི་བ་ཅིག་ལས་མི་འབྱུང་ལ། མི་ཆོས་པ་གཤིས་ངན་ཡང་ཇི་སྲིད་འཚོའི་བར་བཟའ་ཚོ་སྡུག་འཐབ་བྱེད་ཅིང་གཏམ་མེད་པར་བུ་ཚ་ལ་ལོ་ཙཱ་བར་བཅོལ་དགོས་པར་འགྱུར་རོ། །གསོན་རིང་ལ་འཐབས་ནས་ཤི་ནས་མྱ་ངན་བྱས་ཀྱང་རང་སྡུག་པ་མ་ཡིན་པ་ཅི་ལའང་མི་ཕན་པས་ཞེ་སྡང་སྤང་དགོས་སོ། །གཉིས་པ་སྐྱེ་བ་གཏན་གྱི་བདེ་བ་འཇོམས་པ་ཡང༌། འཕགས་པ་དཀོན་མཆོག་བརྩེགས་པ་ལས། ཁོང་ཁྲོ་བ་གང་ཞེ་ན། བསྐལ་པ་སྟོང་དུ་བསགས་པའི་དགེ་བའི་རྩ་བ་སྲེག་པའི་ངང་ཚུལ་ཅན་ནོ། །ཞེས་གསུངས་ལ། སྤྱོད་འཇུག་ལས་ཀྱང༌། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཡང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་ཤིང༌། རིན་པོ་ཆེ་ཕྲེང་བ་ལས། ཞེ་སྡང་གིས་ནི་དམྱལ་བར་འཕེན། །ཞེས་གསུངས་པས། ཞེ་སྡང་གིས་བསྐལ་པ་མང་པོར་བསགས་པའི་དགེ་བ་འཇོམས་ཤིང་ངན་སོང་ལས་ཐར་བར་མི་འགྱུར་རོ། །གཉིས་པ་གཉེན་པོའི་རང་བཞིན་སོ་སོར་དཔྱད་པ་ལ་གཉིས་ལས། དང་པོའི་རྒྱུའི་གཉེན་པོ་ནི། ཞེ་སྡང་སྤང་བ་ལ་དེའི་རྒྱུ་སྤང་དགོས་པས། དེའང་སྤྱོད་འཇུག་ལས། ཡིད་མི་བདེ་བའི་ཟས་རྙེད་ནས། །ཞེ་སྡང་བརྟས་ཏེ་བདག་འཇོམས་སོ། །ཞེས་གསུངས་ལ། དེ་སྤོང་པའི་ཐབས་ཀྱང་དེ་ཉིད་ལས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་བྱ་ཅི་དགོས། །གལ་ཏེ་བཅོས་སུ་མེད་ན་ཡང༌། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས་པས་མི་ཤི་བ་དང་སྣོད་ཆག་པ་ལ་སོགས་བཅོས་སུ་མེད་པ་ལ་མི་དགའ་བ་བྱས་པས་མི་ཕན་པས། དེའི་ཆོས་ཉིད་དྲན་པར་བྱས་ལ་བློ་བདེ་བར་བྱ། ལུས་རྨས་པ་དང་ཁང་པ་ཞིག་པ་ལ་སོགས་པ་བཅོས་སུ་ཡོད་པ་རྣམས་བཅོས་པས་ཆོག་པས་མི་དགའ་བ་བྱ་མི་དགོས། དེ་ལྟར་ཡིད་མི་བདེ་བ་མེད་ན་ཉེས་པ་བག་རེ་བྱུང་ཡང་ཞེ་སྡང་དྲག་པོ་མི་ལྡང་ངོ༌། །དེས་ན་ཞེ་སྡང་རྒྱུ་འབྲས་གཉིས་སྤོང་བའི་ཐབས་ལ་འབད་དེ། སྤྱོད་འཇུག་ལས། གང་ཞིག་བསྒྲིམས་ཏེ་ཁྲོ་འཇོམས་པ། །དེ་ནི་འདི་དང་གཞན་དུ་བདེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་འབྲས་བུའི་གཉེན་པོ་ལ་གསུམ་སྟེ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང༌། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང༌། གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པའོ། །དང་པོ་ནི། བདག་གཞན་གྱི་ལུས་ངག་གི་ལས་ཕྱིན་ཅི་ལོག་ཐམས་ཅད་སྤོང་བ་དང༌། དགེ་བའི་ཕྱོགས་ཐམས་ཅད་བསྒྲུབ་པའི་དོན་དུ་ལུས་ངག་ཡིད་གསུམ་གྱི་དཀའ་སྤྱོད་ཐམས་ཅད་དང༌། ཚ་གྲང་བཀྲེས་སྐོམ་དང༌། ནད་དང་གདོན་ལ་སོགས་པའི་སྡུག་བསྔལ་རྣམས་ཁྱད་དུ་བསད་ནས། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བྱ་དཀའ་བ་འདི་ལྟ་བུ་སྤྱད་ནས་སངས་རྒྱས་པ་ཡིན་པས། བདག་ཀྱང་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་གཞན་དོན་དུ་དམྱལ་བའང་བཟོད་དགོས་ན་འདི་ལྟ་བུའི་སྡུག་བསྔལ་བཟོད་དགོས་པ་སྨོས་ཅི་དགོས་ཞེས་སྡུག་བསྔལ་དྭང་དུ་བླངས་ནས་བཟོད་པ་བསྒོམ་སྟེ། མདོ་ལས། ཆོས་བྱེད་པ་འབྲོག་དགོན་པར་སྡོད་པའི་ཚེ་གཅན་ཟན་ཁྲོ་བོས་ཟ་བའམ། ཆོམ་རྐུན་གྱིས་གནོད་པ་བྱས་པ་ལ། བདག་གི་ལས་ཀྱི་སྒྲིབ་པ་ཐམས་ཅད་འདིས་དག་པར་གྱུར་ཅིག བདག་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་འདི་ལྟ་བུའི་གནོད་པ་མི་འབྱུང་བར་གྱུར་ཅིག ཅེས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། སེམས་ཅན་ཡོངས་སུ་སྨིན་པ་ལ་བསླབ་བོ། །ཞེས་གསུངས་སོ། །གཉིས་པ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ལ་ཀུན་རྫོབ་དང༌། དོན་དམ་པའི་བཟོད་པ་བསྒོམ་པ་གཉིས་ལས། དང་པོ་ནི། བདག་ལ་ཕ་རོལ་གྱིས་གནོད་པ་བྱས་པ་ན་འདི་ལྟར་བསམ་པར་བྱ་སྟེ། འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན། མེའི་རང་བཞིན་ཚ། དེ་བཞིན་དུ་ཆུ་བརླན། ས་སྲ། རླུང་གཡོ། ནམ་མཁའ་སྟོང༌། སེམས་ཅན་གྱི་རང་བཞིན་མི་བསྲུན་པ་ཡིན་པས། དེ་དག་ལ་ཁྲོ་བར་མི་རིགས་ཏེ། སྤྱོད་འཇུག་ལས། སྲེག་པའི་རང་བཞིན་མེ་བཀོན་འདྲ། །ཞེས་བྱ་བ་དང༌། སེམས་ཅན་མི་བསྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ག་ལ་ལང༌། །ཁྲོ་བའི་དགྲ་འདི་གཅིག་བཅོམ་ན། །དགྲ་དེ་ཐམས་ཅད་ཆོམས་དང་འདྲ། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་སེམས་ཅན་གྱི་རང་བཞིན་བཟང་ལ། སྐྱོན་གློ་བུར་བ་ཡིན་ནོ་ཞེ་ན། དེ་ལྟར་ན་ཡང་ཁྲོ་བར་མི་རིགས་ཏེ། མཁའ་ལ་དུད་འཐུལ་བཀོན་པ་བཞིན། །ཞེས་པ་ལྟར་རོ། །གཞན་ཡང་རང་གི་ལས་ངན་ལ་བརྟགས་ལ་ཁྲོ་བ་བཟློག་སྟེ། དེའང་བདག་གིས་སྔོན་སེམས་ཅན་གཞན་ལ་གནོད་པ་བྱས་པའི་རྣམ་སྨིན་ཐོག་ཏུ་བབ་པ་ལ་གཞན་ལ་ཁྲོར་ཅི་ཡོད་དེ། མཛོད་ལས། ལས་ནི་ཤུན་བཅས་འབྲས་དང་བཅས། །དེ་བཞིན་སྨན་དང་མེ་ཏོག་བཞིན། །ཞེས་བྱ་བ་ལ་སོགས་པ་དང༌། སྤྱོད་འཇུག་ལས། བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ཡི་གནོད་པ་བྱས། །དེ་བས་སེམས་ཅན་འཚེ་བྱེད་པ། །བདག་ལ་གནོད་པ་འདི་འབྱུང་རིགས། །ཞེས་བྱ་བ་དང༌། དེས་མཚོན་བདག་གི་ལུས་ཕྱུང་ན། །གང་ཞིག་ལ་ནི་ཁྲོ་བར་བྱ། །ཞེས་བྱ་བ་དང༌། གང་གིས་གཞན་དག་གནོད་བྱེད་པའི། །ལས་དེ་སྔོན་ཆད་ཅི་ཕྱིར་བྱས། །ཐམས་ཅད་ལས་ལ་རག་ལས་ན། །བདག་གིས་དེ་ལ་ཅི་སྟེ་བཀོན། །ཞེས་བྱ་བ་དང༌། བདག་གི་ལས་ཀྱིས་བསྐུལ་བྱས་ནས། །བདག་ལ་གནོད་བྱེད་རྣམས་བྱུང་སྟེ། །དེ་ཡིས་སེམས་ཅན་དམྱལ་དོང་ན། །བདག་གིས་དེ་དག་མ་བརླག་གམ། །ཞེས་བྱ་བ་ལ་སོགས་པ་ཀུན་རྫོབ་ཀྱི་ཆོས་དྲན་པར་བྱས་ལ་བཟློག གཉིས་པ་དོན་དམ་པའི་བཟོད་པ་བསྒོམ་པ་ནི། བདག་ལ་གཞན་གྱིས་གནོད་པ་བྱས་པ་ན། དོན་དམ་པར་ན་གནོད་པར་བྱ་བའི་བདག་དང༌། གནོད་པར་བྱེད་པའི་དགྲ་དང༌། གནོད་པ་ཉིད་མ་གྲུབ་པར་ཤེས་པར་བྱས་ལ། སྤྲོས་བྲལ་གྱི་སྒོ་ནས་ཁྲོ་བ་ཞི་བར་བྱ་སྟེ། སྤྱོད་འཇུག་ལས། དེ་ལྟར་སྟོང་པའི་དངོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །གང་གིས་རིམ་གྲོ་བྱས་པ་འམ། ཡོངས་སུ་བརྙས་པའང་ཅི་ཞིག་ཡོད། །བདེ་བའམ་སྡུག་བསྔལ་གང་ཞིག་ཡིན། །མི་དགར་ཅི་ཡོད་དགར་ཅི་ཡོད། །དེ་ཉིད་དུ་ནི་བཙལ་བྱས་ན། །གང་ཞིག་སྲེད་ཅིང་ག་ལ་སྲེད། །དཔྱད་ན་གསོན་པའི་འཇིག་རྟེན་འདི། །གང་ཞིག་འདིར་ནི་འཆི་འགྱུར་ཏེ། །འབྱུང་འགྱུར་གང་ཡིན་བྱུང་གྱུར་གང༌། །གཉེན་དང་བཤེས་ཀྱང་གང་ཞིག་ཡིན། །ཐམས་ཅད་ནམ་མཁའ་འདྲ་བར་ནི། །བདག་འདྲས་ཡོངས་སུ་གཟུང་བར་གྱིས། །ཞེས་གསུངས་པ་ལྟར་རོ། །གསུམ་པ་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་བསྒོམ་པའི་ཚུལ་ལ། ཡུལ་དང༌། དུས་དང༌། རང་བཞིན་གསུམ་ལས། དང་པོ་ཡུལ་ནི། ཐོག་མར་གཉེན་ལ་བཟོད་པ་བསྒོམ། །དེ་ནས་གྲོགས་ལ། དེ་ནས་ཐ་མལ་པ་རྣམས་ལ། དེ་ནས་དགྲ་རྣམས་ལ་བཟོད་པ་བསྒོམ་པ་ལ་བསླབ། གཉིས་པ་དུས་ལ་བསླབ་པ་ནི། ཐོག་མར་ཉི་མ་ཕྱེད་ཚུན་ཆད་སུས་གནོད་པ་བྱས་ཀྱང་བཟོད་པ་མི་བྱེད་རེ་ཞེས་མི་སྐྱས་མནའ་བསྐྱལ་ལའང་བཟོད་པ་བསྒོམ། དགེ་སྦྱོང་གིས་མནའ་དོར་བར་མི་བྱ་ཞེས་འདུལ་བ་ལས་འབྱུང་བས་རབ་ཏུ་བྱུང་བ་རྣམས་ཀྱིས་དཀོན་མཆོག་གི་དྲུང་དུ་དམ་བཅས་ལ་བཟོད་པ་བསྒོམ། དེ་ནས་ཉི་མ་གཅིག་དང༌། ཞག་གཅིག་དང༌། ཟླ་བ་ཕྱེད་དང༌། ཟླ་བ་གཅིག་དང༌། ལོ་གཅིག་ལ་སོགས་ལ་དུས་བསྲིངས་ཤིང་བཟོད་པ་བསྒོམ་མོ། །གསུམ་པ་རང་བཞིན་ལ་ཡང་གསུམ་ལས། སེམས་ཅན་ཐམས་ཅད་གཉེན་ཡིན་པའི་ཕྱིར་ཡང་བཟོད་པ་བསྒོམ་སྟེ། སློབ་དཔོན་འཕགས་པས། མ་ཡི་གྲངས་ནི་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུ་བགྲངས་ཀྱང་ས་ཡིས་ལང་མ་ཡིན། །ཞེས་གསུངས་པ་དང༌། རྡོ་རྗེ་རྩེ་མོ་ལས། བདག་གི་བུ་ལའང་མ་ཆགས་པའི། །ཉན་ཐོས་རྣམས་ནི་སྐལ་པ་ངན། །སེམས་ཅན་ཐམས་ཅད་བདེ་མཛད་པའི། །སྐལ་བཟང་ཕྱག་ན་རྡོ་རྗེ་དཔལ། །ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་མའམ་བུ་ཡིན་པས་གནོད་པ་བྱེད་པ་ལ་ཞེ་སྡང་མི་བསྐྱེད་པ་ལ་བསླབ། བཟོད་པ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་ཡང་བཟོད་པ་བསྒོམ་སྟེ། སྤྱོད་འཇུག་ལས། གང་ཞིག་གང་མེད་མི་འབྱུང་ལ། །གང་ཞིག་ཡོད་ན་ཡོད་གྱུར་པ། །དེ་ནི་དེ་ཡི་རྒྱུ་ཡིན་ན། །ཇི་ལྟར་དེ་ལ་གེགས་ཞེས་བྱ། །ཞེས་བྱ་བ་དང༌། །དེ་བས་རབ་ཏུ་སྡང་སེམས་ལ། །བརྟེན་ནས་བཟོད་པ་སྐྱེ་བས་ན། །དེ་ཉིད་བཟོད་པའི་རྒྱུ་ཡིན་པས། །དམ་པའི་ཆོས་བཞིན་མཆོད་པར་འོས། །ཞེས་བྱ་བ་དང༌། དེ་བས་ངལ་བས་མ་བསྒྲུབས་པའི། །ཁྱིམ་དུ་གཏེར་ནི་བྱུང་བ་ལྟར། །བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པས། །བདག་གིས་དགྲ་ལ་དགའ་བར་བྱ། །ཞེས་གསུངས་པ་ལྟར། དགྲ་མེད་ན་བཟོད་པ་མི་འབྱུང་བས། དགྲ་མཐོང་ན་བདག་གི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ་སྙམ་དུ་དགའ་བ་བསྒོམ། ལས་ངན་འཛད་པའི་རྐྱེན་ཡིན་པའི་ཕྱིར་ཡང་བཟོད་པ་བསྒོམ་སྟེ། སྤྱོད་འཇུག་ལས། གསད་བྱའི་མི་ཞིག་ལག་བཅད་དེ། །གལ་ཏེ་ཐར་ན་ཅིས་མ་ལེགས། །དེ་བཞིན་མི་ཡི་སྡུག་བསྔལ་གྱིས། །དམྱལ་བ་བྲལ་ན་ཅིས་མ་ལེགས། །ཞེས་གསུངས་པས་གསད་དགོས་ཀྱི་མི་བརྡུངས་བཏགས་བྱས་པའམ། ལག་པ་བཅད་ནས། སྲོག་མ་བཅད་ན་དགའ་བ་ལྟར་གནོད་པ་འདིས་ངན་སོང་དུ་སྐྱེ་བའི་ལས་ཟད་ནས་དེ་དག་ཏུ་སྐྱེ་བར་མི་འགྱུར་རོ་སྙམ་དུ་དགའ་བ་བསྒོམ་མོ། །གསུམ་པ་དེ་དག་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་ལ་གཉིས་ཏེ། ཡོན་ཏན་བཞི་བསྒྲུབ་པ་དང༌། ཆགས་པ་བདུན་སྤང་བའོ། །དང་པོ་ནི། བཟོད་པ་མི་མཐུན་ཕྱོགས་ཉམས་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་པས། མི་མཐུན་ཕྱོགས་ཁོང་ཁྲོ། རྣམ་པར་མི་རྟོག་པ་བདག་མེད། འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད་པ་ནི་བཟོད་པ་ལ་བརྟེན་ནས་གཞན་གྱི་དོན་སྒྲུབ། སེམས་ཅན་སྨིན་པ་ནི་དེ་ལ་བརྟེན་ནས་སེམས་ཅན་རྣམས་ཐེག་པ་གསུམ་ལ་འགོད་པའོ། །གཉིས་པ་ཆགས་པ་བདུན་སྤང་བ་ནི། བྱང་ཆུབ་སེམས་དཔའི་བཟོད་པ་ནི། །མ་ཆགས་ཞེས་བྱ་བ་ལ་སོགས་པ་ལྟར། ཆགས་པ་བདུན་ནི་ཁོང་ཁྲོ། ཕྱི་བཤོལ། ཆོག་པར་འཛིན་པ། ལན་ལ་རེ་བ། རྣམ་སྨིན་ལ་རེ་བ། མི་མཐུན་ཕྱོགས་ལ་ཆགས་པ་སྟེ། དེའི་བག་ལ་ཉལ་མ་བཅོམ་པའོ། །གཡེང་བ་ལ་ཆགས་པ་གཉིས་ནི་སྔར་བཞིན་ནོ། །དེ་ལྟ་བུའི་ཆགས་པ་བདུན་བག་ལ་ཉལ་དང་བཅས་པ་སྤང་ངོ༌། །གསུམ་པ་བཟོད་པ་བསྒོམས་པའི་ཕན་ཡོན་ལ་གཉིས་ཏེ། གནས་སྐབས་ཀྱི་ཕན་ཡོན་དང༌། མཐར་ཐུག་གི་ཕན་ཡོན་ནོ། །དང་པོ་ལའང་གཉིས་ལས། ཚེ་འདི་ལ་འབྱུང་བ་ནི། གཞན་གྱི་གནོད་པ་ལ་བསྲན་ཐུབ་པས་དེ་ལ་ལན་མི་བྱེད། དེའི་སྟོབས་ཀྱིས་གཞན་གྱི་གནོད་པའི་བསམ་པ་དང་སྦྱོར་བ་རང་ཞི་བར་འགྱུར། དེ་ལྟར་གྱུར་པས་རང་གི་ལུས་སེམས་བདེ། འཕྲལ་སོ་བསོད། ཕུགས་སུ་དགྲ་ཐམས་ཅད་རང་ཞིར་འགྱུར། འཇིག་རྟེན་ཕ་རོལ་ཏུ་འགྲོ་ཡང་མི་སྐྲག་པ་ལ་སོགས་པའི་ཕན་ཡོན་དཔག་ཏུ་མེད་པ་འབྱུང་ངོ༌། །གཉིས་པ་ཚེ་ཕྱི་མ་ལ་འབྱུང་བའི་ཕན་ཡོན་ནི། གང་དང་གང་དུ་སྐྱེས་པར་གཟུགས་བཟང༌། ཚེ་རིང་ནད་མེད། མི་དང་མི་མ་ཡིན་པའི་དགྲ་མི་འབྱུང༌། འཁོར་ལོས་སྒྱུར་བ་ལ་སོགས་པ་ལྷ་དང་མི་དང་ལྷའི་ཕུན་སུམ་ཚོགས་པ་ཐམས་ཅད་རང་ཤུགས་ཀྱིས་འབྱུང་སྟེ། སྤྱོད་འཇུག་ལས། འཁོར་ཚེ་བཟོད་པས་མཛེས་སོགས་དང༌། །ནད་མེད་པ་དང་བདེ་བ་ཡིས། །ཤིན་ཏུ་ཡུན་རིང་འཚོ་བ་དང༌། །འཁོར་ལོས་སྒྱུར་བའི་བདེ་རྒྱས་ཐོབ། །ཅེས་བྱ་བ་དང༌། སྡུད་པ་ལས། བཟོད་པས་གཟུགས་བཟང་དམ་པ་རྒྱ་ཆེན་ཐོབ་འགྱུར་ཏེ། །གསེར་མདོག་སྡུག་ཅིང་འགྲོ་བས་ལྟ་བའི་འོས་སུ་འགྱུར། །ཞེས་གསུངས་པ་དང༌། བཤེས་པའི་སྤྲིང་ཡིག་ལས། ཁྲོ་བ་སྤངས་པ་ཕྱིར་མི་ལྡོག་པ་ཉིད། །ཐོབ་པར་འགྱུར་ཞེས་སངས་རྒྱས་ཞལ་གྱིས་བཞེས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་མཐར་ཐུག་གི་ཕན་ཡོན་ནི། མཚན་དང་དཔེ་བྱད་ཐོབ་ཅིང་སྐྱེ་བོ་ཐམས་ཅད་ཀྱི་ཡིད་འཕྲོག་བའི་སྐུ་དང་གསུང་དུ་འགྱུར་ཏེ། མདོ་སྡེ་རྒྱན་ལས། ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ།།  ༈  །།བཞི་པ་བརྩོན་འགྲུས་ལ་གསུམ་སྟེ། བརྩོན་འགྲུས་ཀྱི་མཚན་ཉིད་དང༌། དེའི་རང་བཞིན་ངེས་པར་བྱ་བ་དང༌། བརྩོན་འགྲུས་བརྩམས་པའི་ཕན་ཡོན་ནོ། །དང་པོ་ནི། གཞན་གྱི་དོན་དུ་དགེ་བ་ལ་སྤྲོ་བ་སྟེ། སྤྱོད་འཇུག་ལས། བརྩོན་གང་དགེ་ལ་སྤྲོ་བ་འོ། །ཞེས་པས་སོ། །དེ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །གཉིས་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་གསུམ་སྟེ། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ངོས་གཟུང་བ་དང༌། གཉེན་པོའི་རང་བཞིན་སོ་སོར་དཔྱད་པ་དང༌། དེ་དག་ཕྱིན་ཅི་མ་ལོག་པར་བསྒྲུབ་པའོ། །དང་པོ་ལ་གཉིས་ལས། ལེ་ལོ་ངོས་གཟུང་བ་ནི། ལུས་ངག་ཡིད་གསུམ་དགེ་བ་ལ་མི་འཇུག་པ་དང༌། འཇུག་ཀྱང་མུ་སྟེགས་བྱེད་པ་ལྟར། དགེ་བ་མ་ཡིན་པ་ལ་དགེ་བར་བསྒོམས་ནས་བརྩོན་པ་དང༌། དགེ་བ་ཡིན་ཀྱང་འཁོར་བ་དང་མྱ་ངན་ལས་འདས་པའི་མཐར་འགྱུར་བ་ལ་བརྩོན་པའོ། །གཉིས་པ་དེའི་ཉེས་པ་བསམ་པ་ལ་གཉིས་ཏེ། ཚེ་འདིའི་ཉེས་པ་དང༌། སྐྱེ་བ་གཏན་གྱི་བདེ་བ་འཇོམས་པའོ། །དང་པོ་ནི། སྤྱོད་འཇུག་ལས། ཞུམ་བཅས་རྩོལ་བ་དོར་བ་ལ། །ཕོངས་ལས་ཐར་པ་ཡོད་དམ་ཅི། །ང་རྒྱལ་རྩོལ་བ་བསྐྱེད་པ་ཡི། །ཆེན་པོ་ཡིས་ཀྱང་ཐུབ་པར་དཀའ། །ཞེས་པ་ལྟར། ཞུམ་ཞིང་ལེ་ལོས་ཕྱི་བཤོལ་བྱེད་པ་ལ། ཚེ་འདིའི་སོ་ནམ་ཉོ་ཚོང་གོས་ཟས་ཀྱང་མི་འགྲུབ་ན། ཐོས་བསམ་བསྒོམ་པ་ལ་སོགས་པ་དགེ་བའི་ཕྱོགས་འགྲུབ་པ་ལྟ་ཅི་སྨོས། མདོར་ན་ལེ་ལོས་སངས་རྒྱས་དང་མི་མཇལ། བླ་མ་ལས་ཆོས་མི་ཐོས། དགེ་བའི་ཆོས་ཀྱི་གེགས་སུ་འགྱུར། རྒྱལ་པོ་རྒྱལ་སྲིད་ལས་ཉམས་ཤིང༌། ཐ་མལ་པ་རྣམས་ཀྱང་སོ་ནམ་དང་ཚོང་ལ་སོགས་པ་ཉམས་པའི་ལོ་རྒྱུས་དང༌། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་བརྙས་པར་འགྱུར་པའི་ཚུལ་ཡང་ཅི་རིགས་པར་བཤད་དོ། །གཉིས་པ་སྐྱེ་བ་གཏན་གྱི་བདེ་བ་འཇོམས་པ་ལའང༌། རྒྱལ་བའི་ཡུམ་ལས། ལེ་ལོས་ནི་བདག་གི་དོན་ཡང་མི་འགྲུབ་ན་གཞན་གྱི་དོན་ལྟ་ཅི་སྨོས། ཞེས་པ་ལ་སོགས་པ་དང༌། སྤྱོད་འཇུག་ལས། ཁྱོད་ནི་ཉ་གསོན་འགྲེ་ལྟ་ཡི། །ཚེ་འདིར་འཇིག་དང་ལྡན་གྱུར་ན། །སྡིག་བྱས་དམྱལ་བ་མི་བཟད་པའི། །སྡུག་བསྔལ་རྣམས་ནི་སྨོས་ཅི་དགོས། །ཞེས་བྱ་བ་ལ་སོགས་པའི་དོན་རྒྱས་པར་དྲན་པར་བྱའོ། །གཉིས་པ་གཉེན་པོའི་རང་བཞིན་སོ་སོར་དཔྱད་པ་ལ་གཉིས་ལས། དང་པོ་རྒྱུའི་གཉེན་པོའང༌། ལེ་ལོའི་རྒྱུ། སྤྱོད་འཇུག་ལས། ལེ་ལོ་ངན་ལ་ཞེན་པ་དང༌། །སྒྱིད་ལུགས་བདག་ཉིད་བརྙས་པ་དང༌། །སྙོམ་ལས་བདེ་བའི་རོ་མྱང་དང༌། །གཉིད་ལ་བརྟེན་པའི་སྲེད་པ་དང༌། །འཁོར་བའི་སྡུག་བསྔལ་ལས་མི་སྐྱོ། །ལེ་ལོ་ཉེ་བར་སྐྱེ་བར་འགྱུར། །ཞེས་གསུངས་པས། ལེ་ལོ་སྟེ་བྱ་བ་ཐམས་ཅད་ཕྱི་བཤོལ་ལ་གཏོང་བ་དང༌། བྱ་བ་ངན་པ་ལ་ཞེན་པ་དང་ཚོང་དང་སེམས་ཅན་ལ་སོགས་པའི་འཇིག་རྟེན་གྱི་བྱ་བ་དམན་པ་ལ་ཞེན་པ་དང༌། སྒྱིད་ལུག་པ་སྟེ་དགེ་བ་ལ་ཞུགས་ཀྱང་འདོད་པ་བཞིན་དུ་མ་གྲུབ་པས་བྱ་བ་ལ་སྦྱོར་མི་འདོད་པ་དང༌། བདག་ཉིད་བརྙས་པ་སྟེ་ང་འདྲ་བས་དགེ་བ་བསྒྲུབ་མི་ནུས་སྙམ་པ་དང༌། སྙོམ་ལས་ཏེ་ཉལ་བ་དང༌། བསྙེས་པ་ལ་སོགས་པ་ལ་བརྟེན་ནས་དགེ་བ་ལ་མི་འཇུག་པ་དང༌། བདེ་བའི་རོ་མྱང་བ་བཟའ་བཏུང་དང༌། བྲེ་མོའི་གཏམ་ལ་སོགས་པ་ལ་ཆགས་པ་དང༌། གཉིད་ལ་བརྟེན་པ་སྟེ་ཉིན་མཚན་དུ་གཉིད་ཀྱིས་དུས་འདས་ནས་དགེ་བ་ལ་མི་འཇུག་པ་དང༌། འཁོར་བ་ལས་མི་སྐྱོ་བ་སྟེ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཏན་མ་རྟོགས་པས་དགེ་བ་ལ་མི་སྦྱོར་བའི་ལེ་ལོ་སྐྱེ་བ་ཡིན་ནོ། །དེ་དག་གི་གཉེན་པོའང་སྤྱོད་འཇུག་ལས། ཉོན་མོངས་ཉ་པས་བཤོར་ནས་ནི། །སྐྱེ་བའི་རྒྱར་ནི་ཆུད་གྱུར་ནས། །འཆི་བདག་ཁར་ནི་སོན་གྱུར་པ། །ཅི་སྟེ་ད་དུང་མི་ཤེས་སམ། །ཞེས་བྱ་བ་དང༌། རང་སྡེ་རིམ་གྱིས་གསོད་པ་ཡང༌། །ཁྱོད་ཀྱིས་མཐོང་བར་མ་གྱུར་ཏམ། །འོན་ཀྱང་གཉིད་ལ་བརྟེན་པ་གང༌། །གདོལ་བ་དང་ནི་མ་ཧེ་བཞིན། །ཞེས་བྱ་བ་དང༌། ལམ་ནི་ཀུན་ནས་བཀག་ནས་སུ། །འཆི་བདག་གིས་ནི་བལྟས་བཞིན་དུ། །ཇི་ལྟར་ཁྱོད་ནི་ཟ་དགའ་ཞིང༌། །ཇི་ལྟར་གཉིད་ལོག་ཇི་ལྟར་དགའ། །ཞེས་བྱ་བ་དང༌། མྱུར་བ་ཉིད་དུ་འཆི་འགྱུར་བས། །ཇི་སྲིད་དུ་ནི་ཚོགས་བསག་བྱ། །དེ་ཚེ་ལེ་ལོ་སྤངས་ཀྱང་ནི། །དུས་མ་ཡིན་པས་ཅི་ཞིག་བྱ། །ཞེས་བྱ་བ་དང༌། འདི་ནི་མ་བྱས་བརྩམས་པ་དང༌། །འདི་ཕྱེད་བྱས་པར་གནས་པ་ལ། །གློ་བུར་འཆི་བདག་འོངས་ནས་ནི། །ཀྱི་ཧུད་བཅོམ་ཞེས་སེམས་པར་འགྱུར། །ཞེས་བྱ་བ་ལ་སོགས་པས་འཁོར་བའི་ཉེས་དམིགས་མཐའ་དག་ཡང་ནས་ཡང་དུ་བསམས་པས། ལེ་ལོ་ལས་ལྡོག་པར་འགྱུར་རོ། །གཉིས་པ་འབྲས་བུའི་གཉེན་པོ་ལ་གཉིས་ཏེ། སྤྱོད་ཡུལ་ཡོངས་སུ་དག་པ་དང༌། སྒྲུབ་པ་ཕུན་སུམ་ཚོགས་པའོ། །དང་པོ་ནི། སངས་རྒྱས་ཕལ་པོ་ཆེ་ལས། འཕགས་པ་འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་ལ་གསུངས་པའི་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལྟར་ཤེས་པར་བྱའོ། །དེའི་ཚིག་དོན་ཇི་ལྟ་བ་བཞིན་བློས་མ་ལྕོགས་ན། སློབ་དཔོན་ཆེན་པོ་ཡེ་ཤེས་སྙིང་པོས་མཛད་པའི་སྤྱོད་ཡུལ་ཡོངས་སུ་དག་པའི་དོན་བསྡུས་ཀྱི་རྗེས་སུ་འབྲངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་ནང་དུ་འདུག་པའི་ཚེ། ཐར་པ་ཆེན་པོའི་གྲོང་ཁྱེར་ཐོབ་པར་གྱུར་ཅིག །ཅེས་སེམས་བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཉལ་བའི་ཚེ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག རྨི་ལམ་བྱུང་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པར། གཉིད་སད་པའི་ཚེ་མ་རིག་པ་ལས་སད་པར། ལྡང་བའི་ཚེ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཐོབ་པར། གོས་གྱོན་པ་ན་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གྱོན་པར། སྐ་རགས་འཆིང་བའི་ཚེ་དགེ་བའི་རྩ་བ་དང་འབྲེལ་བར། སྟན་ལ་འདུག་པའི་ཚེ་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཐོབ་པར། རྒྱབ་བརྟེན་པའི་ཚེ་བྱང་ཆུབ་ཀྱི་ཤིང་ཐོབ་པར། མེ་གཏོང་བའི་ཚེ་ཉོན་མོངས་པའི་བུད་ཤིང་སྲེག་པར། འབར་བའི་ཚེ་ཡེ་ཤེས་ཀྱི་མེ་འབར་བར། གཡོས་ཟིན་པའི་ཚེ་ཡེ་ཤེས་ཀྱི་བདུད་རྩི་ཐོབ་པར། ཟས་ཟ་བའི་ཚེ་བསམ་གཏན་གྱི་ཟས་ཐོབ་པར། ཕྱི་རོལ་ཏུ་འགྲོ་བའི་ཚེ་འཁོར་བའི་གྲོང་ཁྱེར་ལས་ཐར་བར། སྐས་ལས་འབབ་པའི་ཚེ་སེམས་ཅན་གྱི་དོན་དུ་འཁོར་བར་འཇུག་པར། སྒོ་འབྱེད་པའི་ཚེ་ཐར་བའི་གྲོང་ཁྱེར་གྱི་སྒོ་འབྱེད་པར། སྒོ་གཅོད་པའི་ཚེ་ངན་སོང་གསུམ་གྱི་སྒོ་གཅོད་པར། ལམ་དུ་འཇུག་པའི་ཚེ་འཕགས་པའི་ལམ་དུ་འཇུག་པར། གྱེན་ལ་འགྲོ་བའི་ཚེ་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་བདེ་བ་ལ་འགོད་པར། ཐུར་ལ་འབབ་པའི་ཚེ་ངན་སོང་གསུམ་རྒྱུན་གཅོད་པར། སེམས་ཅན་དང་ཕྲད་པའི་ཚེ་རྫོགས་པའི་སངས་རྒྱས་དང་མཇལ་བར། རྐང་པ་འཇོག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་རྟོན་པར། རྐང་པ་འདེགས་པའི་ཚེ་སེམས་ཅན་ཐམས་ཅད་འཁོར་བ་ལས་འདོན་པར། རྒྱན་དང་ལྡན་པར་མཐོང་ན་མཚན་དང་དཔེ་བྱད་ཀྱི་རྒྱན་ཐོབ་པར། རྒྱན་མེད་པ་མཐོང་ན་སྦྱངས་པའི་ཡོན་ཏན་དང་ལྡན་པར། སྣོད་གང་བ་མཐོང་ན་ཡོན་ཏན་གྱིས་གང་བར། སྟོངས་པ་མཐོང་ན་སྐྱོན་གྱིས་སྟོངས་པར། སེམས་ཅན་དགའ་བ་མང་བ་མཐོང་ན་ཆོས་ལ་དགའ་བར། མི་དགའ་བར་མཐོང་ན་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་མི་དགའ་བར། སེམས་ཅན་བདེ་བ་མཐོང་ན་སངས་རྒྱས་ཀྱི་བདེ་བའི་ཡོ་བྱད་ཐོབ་པར། སེམས་ཅན་སྡུག་བསྔལ་བ་མཐོང་ན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱེད་པར། ནད་པ་མཐོང་ན་སེམས་ཅན་ཐམས་ཅད་ནད་ཐམས་ཅད་ལས་གྲོལ་བར། སེམས་ཅན་ཡིད་དུ་འོང་བ་མཐོང་ན་སེམས་ཅན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡིད་དུ་འོང་བ་ཐོབ་པར། གཟུགས་མི་སྡུག་པར་མཐོང་ན་སེམས་ཅན་ཐམས་ཅད་མི་དགེ་བའི་བཤེས་གཉེན་ལ་མི་མོས་པར། དྲིན་དུ་གཟོ་བ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་དྲིན་ལན་ལྡན་པར། དྲིན་མི་གཟོ་བ་མཐོང་ན་ལྟ་བ་ལོག་པ་ལ་དྲིན་དུ་མི་གཟོ་བར། རབ་ཏུ་བྱུང་བ་མཐོང་ན་འཕགས་པའི་ཆོས་ལ་འཇུག་པར། དཀའ་བ་སྤྱོད་པ་མཐོང་ན་དམ་པའི་ཆོས་ལ་དཀའ་བ་སྤྱོད་ནུས་པར། གོ་ཆ་གྱོན་པ་མཐོང་ན་དམ་པའི་ཆོས་ཚོལ་བ་ལ་གོ་ཆ་གྱོན་པར། གོ་ཆ་མ་གྱོན་པ་མཐོང་ན་མི་དགེ་བའི་ལས་ལ་གོ་ཆ་མི་གྱོན་པར། རྒོལ་བའི་སེམས་ཅན་མཐོང་ན་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པར། སེམས་ཅན་བསྟོད་པ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པར། གྲོང་ཁྱེར་མཐོང་ན་ཐར་པའི་གྲོང་ཁྱེར་མཐོང་བར། ནགས་ཚལ་མཐོང་ན་ལྷ་དང་བཅས་པའི་བསྟི་གནས་སུ། ཆོས་སྟོན་པ་ན་སངས་རྒྱས་ཀྱི་ཆོས་ལ་སྤོབས་པ་ཟད་མི་ཤེས་པར། ཆུ་ལས་བརྒལ་བའི་ཚེ་འཁོར་བའི་རྒྱ་མཚོ་ལས་བརྒལ་བར། ཁྲུས་བྱེད་པའི་ཚེ་ལུས་དང་སེམས་དྲི་མ་མེད་པར། ཚད་པ་ཚ་བའི་ཚེ་ཉོན་མོངས་པའི་གདུང་བ་བསིལ་བར། གྲང་བའི་ཚེ་མྱ་ངན་ལས་འདས་པའི་བསིལ་བ་ཐོབ་པར། ཆོས་ཀྱི་གཏམ་བྱེད་པའི་ཚེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར། སངས་རྒྱས་ཀྱི་སྐུ་མཐོང་བའི་ཚེ་སངས་རྒྱས་ཐམས་ཅད་ལྟ་བ་ལ་སྒྲིབ་པ་མེད་པའི་མིག་ཐོབ་པར། མཆོད་རྟེན་མཐོང་བའི་ཚེ་འགྲོ་བ་ཐམས་ཅད་ཀྱི་མཆོད་པའི་རྟེན་དུ། བལྟ་བའི་ཚེ་ལྷ་དང་བཅས་པའི་སེམས་ཅན་ཐམས་ཅད་ཀྱིས་བལྟ་བའི་འོས་སུ། ཕྱག་འཚལ་བའི་ཚེ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤྱི་གཙུག་བལྟར་མི་མཐོང་བ་ཐོབ་པར། སྐོར་བ་བྱེད་པའི་ཚེ་ཐམས་ཅད་མཁྱེན་པའི་དོན་དང་མཐུན་པ་ཐོབ་པར། སངས་རྒྱས་ཀྱི་ཡོན་ཏན་བརྗོད་པའི་ཚེ་ཡོན་ཏན་ཟད་མི་ཤེས་པའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དེ་བཞིན་དུ་རུང་མཐུན་བརྩིས་ལ། ཚོང་བྱེད་པ་མཐོང་ན་འཕགས་པའི་ནོར་བདུན་ཐོབ་པར། ཞིང་ལ་ཆུ་ལུད་འགྲེམ་པའི་ཚེ་བྱང་ཆུབ་ཀྱི་སེམས་ཀྱི་ལོ་ཏོག་རྒྱས་པར། ས་བོན་འདེབས་པའི་དུས་སུ་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ཐེབས་པར། གླང་དོར་དུ་བསྡེབ་པའི་དུས་སུ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར། རྨོས་བྱེད་པའི་ཚེ་ཉོན་མོངས་པའི་ཐ་བ་རློག་པར། ཡུར་མ་འདོན་པའི་ཚེ་ཉོན་མོངས་པའི་ཡུར་མ་འདོན་པར། བཙས་བརྔ་བའི་དུས་སུ་ཡེ་ཤེས་ཀྱི་ལོ་ཏོག་སྡུད་པར། གཡུལ་བྱེད་པའི་དུས་སུ་སྒྲིབ་པ་བག་ཆགས་དང་བཅས་པ་འདོན་པར། ནས་འཁྲུས་པའི་ཚེ་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར། སྐས་ལ་འཛེག་པའི་ཚེ་ས་བཅུ་རིམ་གྱིས་མཐར་ཕྱིན་པར། ཁང་པར་སླེབ་པའི་དུས་སུ་རྫོགས་པའི་སངས་རྒྱས་ཀྱི་སར་ཕྱིན་པར་གྱུར་ཅིག ཅེས་བྱ་བ་ལ་སོགས་པ་བྱ་བ་ཅི་བྱེད་པ་ཐམས་ཅད་དེ་དང་ཆ་མཐུན་པར་ཤེས་པར་བྱའོ། །འདི་དག་ནི་བློ་དམན་པ་རྣམས་ཀྱིས་གཟུང་སླ་བའི་ཕྱིར་བསྟན་པ་ཡིན་ནོ། །རྒྱས་པར་ནི་སྤྱོད་ཡུལ་ཡོངས་སུ་དག་པ་ཉིད་དུ་བལྟ་བར་བྱའོ། །འདི་ནི་བྱང་ཆུབ་སེམས་དཔའི་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་ཞེས་པ་སྟེ། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། །ཞེས་པའི་གདམ་ངག་ཡིན་ནོ། །གཉིས་པ་སྒྲུབ་པ་ཕུན་སུམ་ཚོགས་པ་ནི། སྤྱོད་འཇུག་ལས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང༌། །སེམས་ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་གསུངས་པ་ལྟར། སྤྱིར་རང་དོན་དང་གཞན་གྱི་དོན་གཉིས་ཡིན་ལ། ཉན་ཐོས་རང་གི་དོན་གཙོ་བོ་གཞན་དོན་ཞར་བྱུང༌། བྱང་ཆུབ་སེམས་དཔའ་གཞན་དོན་གཙོ་བོ་རང་དོན་ཞར་བྱུང་ཡིན་ནོ། །དེ་ལ་འདིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་པས། མི་དགེ་བ་དང་ལུང་མ་བསྟན་གྱི་བྱ་བ་གཉིས་པོ་གཉེན་པོས་སྤངས་པའམ། ཡང་ན་ཐབས་མཁས་པས་དེ་གཉིས་ཀ་དགེ་བའི་རྩ་བར་འགྱུར་ཏེ། འཕགས་པ་ལྷས། བསམ་པས་བྱང་ཆུབ་སེམས་དཔའ་ལ། །དགེ་བའམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་སེམས་དེ་གཙོ་བའི་ཕྱིར། །ཞེས་གསུངས་པ་དང༌། འཕགས་པ་ཐོགས་མེད་ཀྱིས་ཀྱང༌། ཐབས་ཆེན་དང་ནི་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བའང་ཞི་བའི་བདག་ཉིད་པས། །དེ་ཕྱིར་རྒྱལ་སྲས་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་རོ། །དེའང་ཟང་ཟིང་གི་སྦྱིན་པ་ལ་དཔེར་བརྗོད་ན་ལོངས་སྤྱོད་བསྲུངས་ནས་ཆུད་མི་ཟ་བར་བྱེད་པ་བརྒྱུད་ནས་གཞན་དོན། བྱིན་ནས་ཕན་འདོགས་པ་དངོས་སུ་གཞན་དོན། དེ་ལྟར་གཞན་དོན་གཙོ་བོར་བྱས་པས་ཚེ་འདིར་རང་བདེ་ཞིང་སྙན་པ་དང༌། འཁོར་ཕུན་སུམ་ཚོགས་པ་འདུ། ཚེ་ཕྱི་མར་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནི་ཤུགས་ལ་རང་དོན་འགྲུབ་པའོ། །ཆོས་ཀྱི་སྦྱིན་པ་དཔེར་བརྗོད་ན་གཞན་ལ་ཕན་པའི་ཕྱིར་ཆོས་ཉན་པ་བརྒྱུད་ནས་གཞན་དོན། ཤེས་ནས་གཞན་གྱི་མ་རིག་པའི་མུན་པ་བསལ་བའི་དོན་དུ་བཤད་པ་དངོས་སུ་གཞན་དོན། དེ་ལྟར་གཞན་དོན་དུ་ཆོས་ཀྱིས་ཕན་བཏགས་པས་ཤུགས་ལས་འབྱུང་བའི་རང་དོན་ནི་ཚེ་འདིར་ཤེས་བྱ་ལ་མཁས་པས་ཡིད་བདེ་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ། ཕས་ཀྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན། ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡིད་བརྟན་པའི་གནས་སུ་འགྱུར། ཚེ་ཕྱི་མ་ལ་ཤེས་བྱ་ཐམས་ཅད་ལ་མ་རྨོངས་པའི་ཤེས་རབ་འཐོབ། ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །གསུམ་པ་དེ་དག་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་ལ་གཉིས་ཏེ། ཡོན་ཏན་བཞི་བསྒྲུབ་པ་དང༌། ཆགས་པ་བདུན་སྤང་པའོ། །དང་པོ་ནི། བརྩོན་འགྲུས་མི་མཐུན་ཕྱོགས་ཉམས་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་པས། མི་མཐུན་ཕྱོགས་ལེ་ལོ་མེད་པ། རྣམ་པར་མི་རྟོག་པ་བདག་མེད་རྟོགས་པ། འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད་པ་ནི་བརྩོན་འགྲུས་ལ་བརྟེན་ནས་གཞན་དོན་བསྒྲུབ་པ། སེམས་ཅན་སྨིན་པར་བྱེད་པ་ནི་བརྩོན་འགྲུས་དེས་སེམས་ཅན་རྣམས་ཐེག་པ་གསུམ་ལ་འགོད་པའོ། །གཉིས་པ་ཆགས་པ་བདུན་སྤང་བ་ནི། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ནི། མ་ཆགས་ཞེས་བྱ་བ་ལ་སོགས་པ་ལྟར་ཆགས་པ་བདུན་ནི། ལེ་ལོ། ཕྱི་བཤོལ། ཆོག་པར་འཛིན་པ། ལན་ལ་རེ་བ། རྣམ་སྨིན་ལ་རེ་བ། མི་མཐུན་ཕྱོགས་ལ་ཆགས་པ་སྟེ་དེའི་བག་ལ་ཉལ་མ་བཅོམ་པའོ། །གཡེང་བ་ལ་ཆགས་པ་གཉིས་ནི་སྔར་བཞིན་ནོ། །དེ་ལྟ་བུའི་ཆགས་པ་བདུན་བག་ལ་ཉལ་དང་བཅས་པ་སྤང་ངོ༌། །གསུམ་པ་བརྩོན་འགྲུས་བརྩམས་པའི་ཕན་ཡོན་ལ་གཉིས་ཏེ། གནས་སྐབས་ཀྱི་ཕན་ཡོན་དང༌། མཐར་ཐུག་གི་ཕན་ཡོན་ནོ། དང་པོ་ལའང་གཉིས་ལས། ཚེ་འདི་ལ་འབྱུང་བ་ནི། འཇིག་རྟེན་གྱི་བྱ་བ་དང༌། ཆོས་ཀྱི་བྱ་བ་ཐམས་ཅད་འགྲུབ། དེའི་སྟོབས་ཀྱིས་འཁོར་དང་ལོངས་སྤྱོད་དང༌། ཡོན་ཏན་ཕུན་སུམ་ཚོགས། ཆོས་དང་མཐུན་པའི་འབྱོར་བ་ཐོབ་པས་ཚེ་འདིར་སྐྱིད་ཅིང༌། འཆི་བའི་ཚེ་འགྱོད་པ་མེད། མི་དང་མི་མ་ཡིན་པའི་བར་དུ་གཅོད་པས་གླགས་མི་རྙེད། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་སྨོན་པའི་གནས་སུ་འགྱུར་བ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་འཐོབ་བོ། །ཚེ་ཕྱི་མར་འབྱུང་བ་ནི། སྡུད་པ་ལས། བརྩོན་འགྲུས་ཀྱིས་ནི་དཀར་པོའི་ཡོན་ཏན་འགྲིབ་མི་འགྱུར། །ཡེ་ཤེས་མཐའ་ཡས་རྒྱལ་བའི་བང་མཛོད་རྙེད་པར་འགྱུར། །ཞེས་གསུངས་པ་ལྟར། སྐད་ཅིག་རེ་རེ་ལ་མི་དགེ་བ་ཐམས་ཅད་ཟིལ་གྱིས་གནོད་ཅིང༌། དགེ་བའི་རྩ་བ་ཐམས་ཅད་གོང་ནས་གོང་དུ་འཕེལ། ཇི་ལྟར་བརྩམས་པའི་བྱ་བ་རྣམས་མྱུར་དུ་འགྲུབ་པ་དང༌། རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འདིས་འགྲུབ་པར་འགྱུར་རོ། །གཉིས་པ་མཐར་ཐུག་གི་ཕན་ཡོན་ནི། མངོན་པར་རྫོགས་པར་སངས་རྒྱས་པ་ན། སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་ལ་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་སྟེ། མདོ་སྡེ་རྒྱན་ལས། སྟོབས་སོགས་སངས་རྒྱས་ཆོས་རྣམས་ལ། །ཡོན་ཏན་རིན་ཆེན་འབྱུང་གནས་འདྲ། །འགྲོ་བའི་དགེ་བའི་ལོ་ཏོག་ལ། །སྤྲིན་ཆེན་དང་ཡང་འདྲ་བར་འདོད། །ཅེས་བྱ་བ་ལ་སོགས་པ་དང༌། འཇིག་རྟེན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ།།  ༈  །།ལྔ་པ་བསམ་གཏན་ལ་གསུམ་སྟེ། བསམ་གཏན་གྱི་མཚན་ཉིད་དང༌། དེའི་རང་བཞིན་ངེས་པར་བྱ་བ་དང༌། བསམ་གཏན་བསྒོམས་པའི་ཕན་ཡོན་ནོ། །དང་པོ་ནི། རྫོགས་པའི་སངས་རྒྱས་ཀྱི་དོན་དུ་མཉམ་པར་འཇོག་པའོ། །དེ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །གཉིས་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་གསུམ་སྟེ། བསམ་གཏན་གྱི་མི་མཐུན་ཕྱོགས་ངོས་གཟུང་བ་དང༌། གཉེན་པོའི་རང་བཞིན་སོ་སོར་དཔྱད་པ་དང༌། དེ་དག་ཕྱིན་ཅི་མ་ལོག་པར་བསྒྲུབ་པའོ། །དང་པོ་ལ་གཉིས་ལས་རྣམ་པར་གཡེང་བ་ངོས་གཟུང་བ་ནི། སེམས་དམིགས་པ་ལ་རྩེ་གཅིག་ཏུ་འཇོག་མི་ནུས་པ་དང༌། ནུས་ཀྱང་མུ་སྟེགས་བྱེད་ཀྱི་བསམ་གཏན་ལྟར་ཕྱིན་ཅི་ལོག་དང༌། ཕྱིན་ཅི་མ་ལོག་ཀྱང་མྱ་ངན་ལས་འདས་པ་དང༌། ཁམས་གོང་མའི་རྒྱུར་འགྱུར་བའོ། །གཉིས་པ་དེའི་ཉེས་པ་བསམ་པ་ལ་གཉིས་ཏེ། ཚེ་འདིའི་ཉེས་པ་དང༌། སྐྱེ་བ་གཏན་གྱི་བདེ་བ་འཇོམས་པའོ། །དང་པོ་ནི། སྤྱོད་འཇུག་ལས། སེམས་ནི་རྣམ་པར་གཡེང་བའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་གསུངས་པས་སེམས་རྣམ་པར་གཡེང་བའི་མི་ཆུ་སྲོལ་དུ་མི་ཆུད་པའམ། རྟ་རྒོད་ལ་མི་ཆགས་པ་ཞོན་པ་ལྟར་རང་སྡུག་ཅིང་སོ་མི་བསོད། གཞན་ཡང་སྡུག་ཅིང་སོ་མི་བསོད་པ་ལ་སྦྱོར། དེའི་སྟོབས་ཀྱིས་སེམས་ཕྱིན་ཅི་ལོག་སྣ་ཚོགས་ལ་འཇུག་སྙིང་འདོད་ཅིང་ཕུང་ཀྲོལ་སྣ་ཚོགས་སྤྱད་ནས། འཆི་བའི་ཚེ་འགྱོད་པ་དང་བཅས་ནས་འཆི་བར་འགྱུར་རོ། །གཉིས་པ་སྐྱེ་བ་གཏན་གྱི་བདེ་བ་འཇོམས་པའང་སྤྱོད་འཇུག་ལས། དེར་ཡང་རྣམ་གཡེང་གོམས་པས་ནི། །བཟློག་པའི་ཐབས་ནི་ག་ལ་ཡོད། །ཅེས་གསུངས་པས། རི་གཟར་པོ་ལས་ཆུ་དྲག་འབབ་པའམ། སྲེད་མ་ཅན་ཟ་རྒྱན་ལ་ཞུགས་པ་ལྟར། སེམས་རྣམ་པར་གཡེང་བ་བཟློག་དཀའ་ལ་དེའི་སྟོབས་ཀྱིས་མི་དགེ་བ་སྣ་ཚོགས་སྤྱད་ནས་འཁོར་བ་དང་ངན་སོང་གི་རྒྱུར་འགྱུར་རོ། །གལ་ཏེ་མཉམ་པར་གཞག་ཀྱང༌། མ་དག་པའི་སྒོམ་གྱིས་མུ་སྟེགས་ཀྱི་ལམ་ལྟར་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། འཇིག་རྟེན་པ་དག་སྟོང་ཉིད་སྒོམ་ན་ཡང༌། །དེ་ཡིས་དངོས་པོར་འཛིན་པ་བཟློག་མི་ནུས། །དེ་ཡི་ཉོན་མོངས་ཕྱིར་ཡང་རབ་ཏུ་ལྡན། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་འདིར་བསྒོམས་བཞིན། །ཞེས་གསུངས་པ་ལྟར་ལྷག་སྤྱོད་ཀྱིས་ལོ་བཅུ་གཉིས་སྟོང་ཉིད་ལ་མཉམ་པར་གཞག་ཀྱང༌། འབྲས་བུ་བྱི་ལར་སྐྱེས་པ་ལྟ་བུ་དང༌། གཞན་ཡང་བྱམས་པ་དང་སྙིང་རྗེ་ལ་སོགས་པ་མ་ནོར་དུ་ཟིན་ཀྱང་འཁོར་བའི་རྩ་བ་མི་ཆོད་དེ། རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཉེས་པ་ཤིན་ཏུ་ཚར་གཅོད་མིན། །ཞེས་གསུངས་པས། ཁམས་གོང་མ་ཙམ་དུ་འཕེན་ནུས་ཀྱི་འཁོར་བ་ལས་མི་གྲོལ་ལོ། །སྟོང་ཉིད་ཕྱིན་ཅི་མ་ལོག་པར་སྒོམ་ཤེས་ཀྱང་ཐབས་མཁས་པ་དང་མི་ལྡན་ན་ཉན་ཐོས་ཀྱི་འགོག་པར་འགྱུར་གྱི་འཚང་རྒྱ་མི་ནུས་ཏེ། རྣམ་སྣང་མངོན་བྱང་ལས། ཐབས་དང་མི་ལྡན་ཡེ་ཤེས་དང༌། །བསླབ་པ་དག་ཀྱང་གསུངས་པ་ནི། །དཔའ་བོ་ཆེན་པོས་ཉན་ཐོས་རྣམས། །དེ་ལ་གཞུག་པའི་ཕྱིར་གསུངས་སོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་གཉེན་པོའི་རང་བཞིན་སོ་སོར་དཔྱད་པ་ལ་གཉིས་ལས། དང་པོ་རྒྱུའི་གཉེན་པོ་ནི། རྣམ་གཡེང་གི་རྒྱུ་སེམས་ཅན་དང༌། ལོངས་སྤྱོད་ལ་ཆགས་པ་ཡིན་པས། དེའི་གཉེན་པོ་ལ་གཉིས་ཏེ། ཆགས་པ་སྤང་བ་དང༌། དབེན་པའི་ཡོན་ཏན་དྲན་པར་བྱ་བའོ། །དང་པོ་ལ་གཉིས་ལས། སེམས་ཅན་ལ་ཆགས་པ་སྤང་བ་ནི། སྤྱོད་འཇུག་ལས། སེམས་ཅན་རྣམས་ལ་ཆགས་བྱས་ན། །ཡང་དག་ཉིད་ལ་ཀུན་ནས་སྒྲིབ། །སྐྱོ་བའི་སེམས་ཀྱང་འཇིག་པར་བྱེད། །ཐ་མར་མྱ་ངན་གདུང་བར་འགྱུར། །དེ་ལ་སེམས་པ་འབའ་ཞིག་གིས། །ཚེ་འདི་དོན་མེད་འདའ་བར་འགྱུར། །རྟག་པ་མེད་པའི་མཛའ་ཤེས་ཀྱིས། །གཡུང་དྲུང་ཆོས་ཀྱང་འཇིག་པར་བྱེད། །ཅེས་བྱ་བ་དང༌། སྐད་ཅིག་གིས་ནི་མཛའ་འགྱུར་ལ། །ཡུད་ཙམ་གྱིས་ནི་དགྲར་ཡང་འགྱུར། །དགའ་བའི་གནས་ལ་ཁྲོ་བྱེད་པས། །སོ་སོ་སྐྱེ་བོ་མགུ་བར་དཀའ། །ཞེས་བྱ་བ་དང༌། མཐོ་ལ་ཕྲག་དོག་མཉམ་ལ་འགྲན། །དམའ་ལའང་ང་རྒྱལ་བསྟོད་ན་དྲེགས། །མི་སྙན་བརྗོད་ན་ཁོང་ཁྲོ་སྐྱེ། །ནམ་ཞིག་བྱིས་ལས་ཕན་པ་ཐོབ། །དེ་ལྟར་བདག་གང་གཞན་བསྟེན་པ། །དེས་ནི་ཕུང་བར་འགྱུར་བར་ཟད། །དེས་ཀྱང་བདག་དོན་མ་བྱས་ལ། །བདག་ཀྱང་དེ་དོན་མི་འགྲུབ་པས། །བྱིས་ལས་ཐག་རིང་བྱོལ་བར་བྱ། །ཞེས་བྱ་བ་དང༌། བུང་བས་མེ་ཏོག་སྦྲང་རྩི་ལྟར། །ཆོས་ཀྱི་དོན་ཙམ་བླངས་ནས་ནི། །ཀུན་ལ་སྔོན་ཆད་མ་མཐོང་བཞིན། །འདྲིས་པ་མེད་པར་གནས་པར་བྱ། །བདག་ནི་རྙེད་མང་བཀུར་སྟི་བྱས། །བདག་ལ་མང་པོ་དགའ་འོ་ཞེས། །དེ་འདྲའི་སྙེམས་པ་འཆང་འགྱུར་ན། །ཤི་བའི་འོག་ཏུ་འཇིགས་པ་སྐྱེ། །དེ་བས་རྣམ་པར་རྨོངས་པའི་ཡིད། །གང་དང་གང་ལ་ཆགས་གྱུར་པ། །དེ་དང་དེ་བསྡོངས་སྟོང་འགྱུར་དུ། །སྡུག་བསྔལ་ཉིད་དུ་གྱུར་ཅིང་ལྡང༌། །དེ་བས་མཁས་པས་ཆགས་མི་བྱ། །ཆགས་པ་ལས་ནི་འཇིགས་པ་སྐྱེ། །ཞེས་བྱ་བ་དང༌། སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བ་ཡིས་ཀྱང་མི་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །དེ་བས་འཇིག་རྟེན་བསམ་པ་གཏང༌། །སེམས་ཅན་རྙེད་པ་མེད་ལ་སྨོད། །རྙེད་པ་ཅན་ལ་མི་སྙན་བརྗོད། །རང་བཞིན་འགྲོགས་དཀའ་དེ་དག་གིས། །དགའ་བ་ཇི་ལྟར་སྐྱེ་བར་འགྱུར། །གང་ཕྱིར་བྱིས་པ་རང་དོན་ནི། །མེད་པར་དགའ་བ་མི་འབྱུང་བས། །འགའ་ཡང་བྱིས་དང་བཤེས་མིན་ཞེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་བྱ་བ་ལ་སོགས་པའི་དོན་དྲན་པར་བྱས་ལ་སེམས་ཅན་ལ་ཆགས་པ་སྤང་སྟེ། དེའང་སེམས་ཅན་སྐྱོན་གྱི་རང་བཞིན་ཡིན་པས། སངས་རྒྱས་ཀྱིས་ཀྱང་མི་མགུ་ན་བདག་ལྟ་བུ་ངན་པས་སྨོས་ཅི་དགོས་ཏེ། ལྷས་བྱིན་མ་ཞུ་བའི་ནད་ཀྱིས་འཆི་བ་ལ་ཐུག་པ། བཅོམ་ལྡན་འདས་ཀྱིས་བདེན་པའི་བྱིན་རླབས་ཀྱིས་གསོས་པ་ན། དགེ་སྦྱོང་གོའུ་ཏ་མ་འདི་སྨན་དཔྱད་མཁས་པ་ཞིག་སྟེ། རྒས་ཁར་འཚོ་བས་ཉོན་མི་མོངས་སོ་ཞེས་མ་གུས་པའི་ཚིག་སྨྲ་བ་དང༌། གཞན་ཡང༌། ལེགས་པའི་སྐར་མས་བཅོམ་ལྡན་འདས་ལ་གསོལ་བ། འཇིག་རྟེན་ན་གཅེར་བུ་པ་སྡུག་བསྔལ་འགྱུར་མ་གཏོགས་པ་ཐམས་ཅད་མཁྱེན་པ་མེད་དོ། །བཀའ་སྩལ་པ། ཁྱོད་ཀྱི་ཐམས་ཅད་མཁྱེན་པ་ཞག་བདུན་ན་མ་ཞུ་བའི་ནད་ཀྱིས་འཆི་བར་འགྱུར་རོ། །ལེགས་པའི་སྐར་མས་གཅེར་བུ་པ་ལ་སྨྲས་པ། དགེ་སྦྱོང་གའུ་ཏ་མ་ན་རེ་ཁྱོད་ཞག་བདུན་ན་མ་ཞུ་བའི་ནད་ཀྱིས་འཆི་ཟེར་གྱིས། དེའི་བར་ལ་ཁྱོད་ཟས་ལ་ཚོད་ཟུངས་ཤིག དེས་ཞག་དྲུག་གི་བར་དུ་ཟས་བཅད་དེ་ཞག་བདུན་པ་ལ་བརྒྱད་པར་འཁྲུལ་ནས་བུ་རམ་གྱི་ལྦུ་བ་ཟོས་པས་མ་ཞུ་བའི་ནད་ཀྱིས་ཤི་སྟེ། སྐྱུགས་པ་ཟ་བའི་ཡི་དྭགས་སུ་སྐྱེས་སོ། །ཡི་དྭགས་ཀྱིས་ལེགས་པའི་སྐར་མ་ལ་སྨྲས་པ། བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་སྟེ། ངས་ཀྱང་སངས་རྒྱས་ལ་མ་མོས་པ་བྱས་པས་འགྱོད་ཀྱིས། ཁྱོད་ཕྱིན་ཆད་མོས་པར་གྱིས་ཤིག ལེགས་པའི་སྐར་མས་སྨྲས་པ། དགེ་སྦྱོང་གོའུ་ཏ་མ་ལ་དེ་ལྟ་བུའི་ཡོན་ཏན་མེད་ཀྱིས་ཁྱོད་དེ་སྐད་མ་སྨྲ་ཞིག ཅེས་བཟློག་སྟེ། བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་གསོལ་པ། ཁྱོད་ན་རེ་སྡུག་བསྔལ་འགྱུར་ཞག་བདུན་འཆི་ཟེར་ཏེ་མ་ཤི་བར་སྣང་ངོ༌། །བཀའ་སྩལ་པ། ཤི་ནས་ཁྱོད་རང་དང་ཕྲད་པ་མི་ཤེས་སམ། སྨྲས་པ་ཤེས་ཏེ། འོན་ཀྱང་ལྷར་སྐྱེས་སོ། །བཀའ་སྩལ་པ། སྐྱུགས་པ་ཟ་བའི་ཡི་དགས་སུ་སྐྱེས་ནས་ཁྱོད་རང་དང་གཏམ་སྨྲས་པ་མི་དྲན་ནམ། དེར་སྐྱེངས་ཏེ་ཅང་མི་སྨྲ་བར་སོང་ངོ༌། །དེས་ན་ལེགས་པའི་སྐར་མས་ཐམས་ཅད་མཁྱེན་པར་ཤེས་བཞིན་དུ་མ་མོས་ན། བདག་ཅག་ལྟ་བུ་ལ་གཞན་མོས་པ་ལྟ་ཅི་སྨོས། ཞེས་ཤེས་པར་བྱས་ལ་སེམས་ཅན་ལ་ཆགས་པ་སྤང་ངོ༌། །གཉིས་པ་ལོངས་སྤྱོད་ལ་ཆགས་པ་སྤང་བ་ནི། ལོངས་སྤྱོད་སྒྲུབ་པ་དུས་གསུམ་དུ་མི་དགེ་བ་སྟེ། དང་པོ་བསགས་པ་ན་སྡིག་སྡུག་གཏམ་ངན་ལ་མི་ལྟ་ཞིང་དགྲ་གཉེན་ཐ་མལ་པ་ཐམས་ཅད་དང་འཁོན་པར་བྱས་ལ་བསགས་དགོས་ཀྱི། ཆོས་དང་མཐུན་པའི་ནོར་མི་གསོག་པས་ཐོག་མར་མི་དགེའོ། །བར་དུ་བསྲུང་བ་ན་ནོར་མ་འཕེལ་བ་དང་འཕེལ་ཡང་བརླག་པར་དོགས་པའི་སྡུག་བསྔལ་གྱིས་ཉིན་མཚན་མེད་པར་སྡུག་བསྔལ་ཞིང་ཉིན་མཚན་མེད་པར་ལུས་ངག་ཡིད་གསུམ་སྲེད་པའི་ཁོལ་བོར་འགྱུར་བས་བྲེལ་ལ། རང་བྲེལ་བར་མ་ཟད་གཉེན་འབྲེལ་ཐམས་ཅད་ནོར་ཕྱིར་འདོན་པ་དང་ནང་དུ་སྡུད་པའི་སྡུག་བསྔལ་གྱིས་རྟག་ཏུ་བྲེལ་ཏེ། ཚེ་འདི་ལ་ཐམས་ཅད་དང་འཁོན། ཕྱི་མར་ངན་སོང་གི་རྒྱུ་མ་གཏོགས་པ་ཕན་ཡོན་ཅི་ཡང་མེད་པས་བར་དུ་མི་དགེ་བ་ཡིན། ཐ་མར་སྐྱེ་བ་སྔ་མའི་བསོད་ནམས་ཟད་པའམ། ཚེ་འདིར་རང་གི་གྲོས་ཉེས་སམ། གཉེན་ཚོའི་ཤན་ནམ། དགྲ་སྟོབས་ཅན་གྱི་ཤུགས་ཀྱིས་སྟོན་ཀའི་སྤྲིན་ནམ། དཔྱིད་ཀའི་ཆབ་རོམ་བཞིན་རང་བརླག་ལ་འགྲོ་བས་ཟད་པའི་སྡུག་བསྔལ་གྱིས་ཐ་མར་མི་དགེ་བ་ཡིན་ཏེ། སློབ་དཔོན་མེ་ཏྲཱི་བས། ཟང་ཟིང་ཕྱིར་ན་རྩོད་འགྱུར་ཏེ། །ཟང་ཟིང་མེད་པ་བདེ་བའི་མཆོག །ཟང་ཟིང་ཡོངས་སུ་སྤངས་པ་ལས། །ཆུ་སྐྱར་བདེ་བ་ཐོབ་ལ་ལྟོས། །ཞེས་བྱ་བ་དང༌། སྔར་སྦྱིན་པའི་སྐབས་སུ་ཡོ་བྱད་ལ་ཆགས་པའི་ཉེས་པས། བསག་དང་བསྲུང་དང་བརླག་པའི་གདུང་བ་ཡིས། །ཞེས་བྱ་བ་ལ་སོགས་པ་བཤད་པར་བྱ་བ་དང༌། གཞན་ཡང༌། འདོད་ལྡན་རྣམས་ལ་དེ་ལ་སོགས། །ཉེས་དམིགས་མང་ལ་མནོག་ཆུང་སྟེ། །ཤིང་རྟ་འདྲེན་པའི་ཕྱུགས་དག་གིས། །རྩྭ་ནི་ཁམ་གང་ཟོས་པ་བཞིན། །ཞེས་བྱ་བ་ལ་སོགས་པ་དྲན་པར་བྱས་ལ་ཆགས་པ་སྤང་ངོ༌། །གཉིས་པ་དབེན་པའི་ཡོན་ཏན་དྲན་པར་བྱ་བ་ཡང༌། སྤྱོད་འཇུག་ལས། ནགས་ན་རི་དྭགས་བྱ་རྣམས་དང༌། །ཤིང་རྣམས་མི་སྙན་བརྗོད་མི་བྱེད། །འགྲོགས་ན་བདེ་བ་དེ་དག་དང༌། །ནམ་ཞིག་ལྷན་ཅིག་གནས་པར་འགྱུར། །ཕུག་གམ་ལྷ་ཁང་སྟོང་པ་འམ། །ལྗོན་ཤིང་དྲུང་དུ་གནས་བཅས་ཏེ། །ནམ་ཞིག་རྒྱབ་ཏུ་མི་བལྟ་བར། །ཆགས་པ་མེད་པར་འགྱུར་ཞིག་གུ། །ས་ཕྱོགས་བདག་གིར་བཟུང་མེད་པར། །རང་བཞིན་གྱིས་ནི་ཡངས་རྣམས་སུ། །རང་དབང་སྤྱོད་ཅིང་ཆགས་མེད་པར། །ནམ་ཞིག་བདག་གིས་གནས་པར་འགྱུར། །ལྷུང་བཟེད་ལ་སོགས་ཉི་ཚེ་དང༌། །ཀུན་ལ་མི་མཁོའི་གོས་འཆང་ཞིང༌། །ལུས་འདི་སྦ་བར་མ་བྱས་ཀྱང༌། །འཇིགས་མེད་གནས་པར་ནམ་ཞིག་འགྱུར། །དུར་ཁྲོད་སོང་ནས་གཞན་དག་གི །རུས་གོང་དག་དང་བདག་གི་ལུས། །འཇིག་པའི་ཆོས་ཅན་དག་ཏུ་ནི། །ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་དང༌། །འཇིག་རྟེན་ཀུན་ནས་གདུང་བཞིན་དུ། །ཇི་སྲིད་སྐྱེས་བུ་བཞི་ཡིས་ནི། །དེ་ལས་དེ་ནི་མ་བཏེག་པ། །དེ་སྲིད་དུ་ནི་ནགས་སུ་སོང༌། །བཤེས་མེད་འཁོན་པ་མེད་བྱས་ནས། །ལུས་འདི་གཅིག་པུ་དབེན་གནས་ཏེ། །སྔ་ནས་ཤི་དང་འདྲར་བརྩིས་ན། །ཤི་ནས་མྱ་ངན་བྱེད་པ་མེད། །འདི་ཡིས་སངས་རྒྱས་རྗེས་དྲན་སོགས། །སུས་ཀྱང་གཡེང་བར་འགྱུར་བ་མེད། །དེ་བས་ཤིན་ཏུ་མདངས་དགའ་བའི། །ནགས་ཚལ་ཚེགས་ཆུང་བདེ་སྐྱིད་ཅིང༌། །གཡེང་བ་ཐམས་ཅད་ཞི་བྱེད་པར། །བདག་ཉིད་གཅིག་པུ་གནས་པར་བྱ། །ཞེས་བྱ་བ་ལ་སོགས་པ་དང༌། གཞན་ཡང་སྐྱོ་བའི་གཏམ་སྐྱེས་རབས་ལས། ཀྱེ་མ་འཇིག་རྟེན་ཉོན་མོངས་དག །གནས་པ་མི་བརྟན་མི་དགར་འགྱུར། །ཀུ་མུ་ཏ་ཡི་དཔལ་འདི་ཡང༌། །དྲན་པར་བྱ་བ་ཉིད་དུ་འགྱུར། །ཞེས་གསུངས་པའི་དོན་ཀུན་མུ་ཏའི་དགའ་སྟོན་ལ་སོགས་པ་ད་ལྟར་གྱི་ལྟད་མོ་དང་བདེ་སྐྱིད་ལ་སོགས་པ་ཐམས་ཅད་མི་རྟག་པའི་ཕྱིར་དེ་མ་ཐག་འཛད་དེ། དེའི་ཚེ་འདི་ལྟར་བྱུང་བ་ལ་ཞེས་དྲན་པས་མི་དགའ་བའི་རྒྱུར་འགྱུར་བ་གསུངས་པ་ལ་སོགས་པ་བསམས་ལ་དབེན་པ་ལ་གནས་པར་བྱའོ། །གཉིས་པ་འབྲས་བུའི་གཉེན་པོ་ནི། བསམ་གཏན་ཡིན་པས་དེ་ལ་གསུམ་སྟེ། འཇིག་རྟེན་པ་དང་ཐུན་མོང་བའི་བསམ་གཏན་དང༌། ཉན་ཐོས་དང་ཐུན་མོང་བའི་བསམ་གཏན་དང༌། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་བསམ་གཏན་ནོ། །དང་པོ་ལ་བསམ་གཏན་གྱི་ཉེར་བསྡོགས་བདུན་དང༌། དངོས་གཞི་བསམ་གཏན་དང་པོ་ལ་སོགས་པ་བསྒོམ་པ་སྟེ་ཇི་ལྟར་ནུས་པ་བཞིན་བསླབ་སྟེ། འོག་ཏུ་སྒོམ་ལམ་དུ་ཤེས་པར་བྱའོ། །གཉིས་པ་ཉན་ཐོས་དང་ཐུན་མོང་བ་ནི་མི་རྟག་པ་ལ་སོགས་པ་འཁོར་བའི་ཉེས་དམིགས་བསམས་ནས་ལམ་ལ་འཇུག་པ་ན། ཚུལ་གཉིས་ཏེ། སྔོན་འགྲོའི་བསྒོམ་པ་དང༌། དངོས་གཞིའི་བསྒོམ་པའོ། །དང་པོ་ནི། ཉོན་མོངས་པ་ཤས་ཆེ་ན་མི་སྡུག་པ་ནས་བརྩམས། རྣམ་པར་རྟོག་པ་ཤས་ཆེ་ན་བགྲང་བ་དང་རྗེས་སུ་རྟོག་པ་རླུང་ནས་བསྒོམ་སྟེ། མཛོད་ལས། དེ་ལ་འཇུག་པ་མི་སྡུག་དང༌། །དབུགས་དབྱུང་རྔུབ་པས་དྲན་པ་ཡིས། །འདོད་ཆགས་རྣམ་རྟོག་ལྷག་རྣམས་ལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དངོས་གཞི་ནི། ལམ་ལྔ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྟར་བསྒོམ་སྟེ། དྲན་པ་ཉེ་བར་གཞག་པ་བཞིས་ཚོགས་ཀྱི་ལམ། ཡང་དག་པར་སྤོང་བ་བཞིས་དྲོད། རྫུ་འཕྲུལ་གྱི་རྐང་པ་བཞིས་རྩེ་མོ། དབང་པོ་ལྔས་བཟོད་པ། སྟོབས་ལྔས་འཇིག་རྟེན་ཆོས་མཆོག འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་མཐོང་ལམ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་བསྒོམས་ལམ་སྟེ་འདི་དག་ཐེག་པ་ཆེན་པོ་དང་དམིགས་པ་དང་གོ་རིམ་ལ་སོགས་པའང་མི་མཐུན། ཐེག་པ་དམན་པ་ཡིན་པས་རེ་ཞིག་བཞག་གོ །གསུམ་པ་ཐེག་པ་ཆེན་པོའི་བསྒོམ་པ་ལའང་གཉིས་ལས། སེམས་ཙམ་པའི་ལུགས། སློབ་དཔོན་ཐོགས་མེད་སྐུ་མཆེད་ཀྱི་རྗེས་སུ་འབྲང་བའི་ལམ་གྱི་རིམ་པ་ནི་ཐེག་པ་བསྡུས་ལ་སོགས་པར་ཤེས་པར་བྱ་བས་འདིར་མ་སྨོས་སོ། །དབུ་མའི་ལུགས། སློབ་དཔོན་འཕགས་པ་ཡབ་སྲས་ཀྱི་དགོངས་པ་སྤྱོད་འཇུག་བསམ་གཏན་ལེའུར་འབྱུང་བ་ཉམས་སུ་བླང་བའི་ཚུལ་འདིར་བཤད་དོ། །དེའང་སློབ་དཔོན་གྱིས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནས་གསུངས་མོད་ཀྱི། དེའི་སྔོན་དུ་ཚད་མེད་བཞི་བསྒོམས་ན་བྱང་ཆུབ་ཀྱི་སེམས་གོམས་པ་སླ་བས་དེ་བརྗོད་པར་བྱའོ། །དེའང་མདོ་སྡེ་རྒྱན་ལས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཞེས་གསུངས་པས་སྔ་མ་གསུམ་བདེ་བའི་དགོངས་པ་ཡིན་ལ། ཕྱི་མ་ནི་ཕན་པའི་དགོངས་པ་ཡིན་ནོ། །དེ་དག་ཀྱང་བརྩེ་བས་སེམས་ཅན་བདེ་བ་དང་ཕྲད་པར་འདོད་པ་བྱམས་པ། སྡུག་བསྔལ་དང་བྲལ་བར་འདོད་པ་སྙིང་རྗེ། དེ་གཉིས་དང་མི་འབྲལ་བར་འདོད་པ་དགའ་བ། དགྲ་གཉེན་དང་ཆགས་སྡང་ལ་སོགས་པ་ཆོས་བརྒྱད་སྙོམས་པར་འདོད་པ་བཏང་སྙོམས་སོ། །ཚད་མེད་བཞི་པོ་དེ་ཉམས་སུ་ལེན་ན་བྱམས་སྙིང་རྗེ་གཉིས་སུ་བསྡུས་ལ་ཉམས་སུ་བླང་སྟེ། མདོ་སྡེ་རྒྱན་ལས། སྙིང་རྗེའི་ཆུ་བ་བྱམས་པ་སྟེ། །དེ་སྡུག་བསྔལ་ལས་ཡང་དག་འབྱུང༌། །ཞེས་གསུངས་པ་ལྟར་རོ། །དེ་ལ་ཐོག་མར་བྱམས་པ་བསྒོམས་པ་ལའང༌། གང་ལ་བསྒོམ་པའི་ཡུལ་དང༌། ཇི་ལྟར་བསྒོམ་པའི་ཚུལ་དང༌། དེ་ལྟར་བསྒོམས་པའི་ཕན་ཡོན་གསུམ་ལས། དང་པོ་ནི། སེམས་ཅན་བདེ་དང་སྡུག་བསྔལ་གཉིས་ཀ་མེད་པའི་བཏང་སྙོམས་དང༌། བདེ་བའི་རྒྱུ་དམ་པའི་ཆོས་དང་མ་ཕྲད་པ་རྣམས་དང༌། ཕྲད་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་མ་ཐོབ་པ་རྣམས་ལ་བསྒོམ་པའི་ཡིན་ནོ། །གཉིས་པ་ཇི་ལྟར་བསྒོམ་པའི་ཚུལ་ནི། སེམས་ཅན་ཐམས་ཅད་གཉེན་དུ་ཤེས་ན་བྱམས་པ་བསྒོམས་སླ་བས་མདོ་ལ་ལ་ནས་མར་བསྒོམས་པར་བཤད། རྡོ་རྗེ་རྩེ་མོ་ལ་སོགས་པ་རྒྱུད་འགའ་ལས་བུར་བསྒོམ་པར་བཤད་མོད་ཀྱི། ཕ་དང་སྤུན་ཟླ་ལ་སོགས་པར་མ་གྱུར་པ་མེད་པས་རང་གང་སེམས་ལ་ཉེ་ཞིང་གཅགས་པ་དེར་སེམས་ཅན་ཐམས་ཅད་བསྒོམས་ལ་བྱམས་པ་སྦྱང༌། དེའང་སེམས་ཅན་བདེ་བ་དང་ལྡན་པ་རྐྱང་པས་མི་ཕན་པས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་རྐང་གི་ཁོང་རུས་པའི་གཏིང་ནས་བསྒོམ། དེ་ལ་བདེ་བ་ནི་ལུས་དང་སེམས་ཆོས་དང་མཐུན་པའི་སྐྱིད་པ་ཐོབ་པའོ། །བདེ་བའི་རྒྱུ་ནི་སེམས་ཅན་རྣམས་དམ་པའི་ཆོས་དང་ཕྲད་པར་འདོད་པ་སྟེ། རྒྱུ་ཆོས་སྤྱོད་པ་ལས་འབྲས་བུ་གཏན་གྱི་བདེ་བ་འབྱུང་བའི་ཕྱིར་རོ། །དེ་ལྟར་ཡང་ཡང་འདྲིས་པས་སེམས་ཅན་ཐམས་ཅད་ལ་མ་བུ་གཅིག་པ་ལ་བྱམས་པ་ལྟ་བུ་སྐྱེའོ། །གསུམ་པ་དེ་ལྟར་བསྒོམས་པའི་ཕན་ཡོན་ནི། མདོ་ལས། བྱེ་བ་ཁྲག་ཁྲིག་གཏམས་པའི་ཞིང་རྣམས་ན། །མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་ཡིས། །སྐྱེས་ཆེན་རྣམས་ལ་ཉིན་རེ་ཕུལ་བ་ཡིས། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་བྱ་བ་དང༌། རིན་ཆེན་ཕྲེང་བ་ལས། རྫ་ཚོས་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་སུ་བྱིན་པ་བས། །བྱམས་པ་ཡུད་ཙམ་ཐང་གཅིག་གིས། །བསོད་ནམས་དེ་འདྲའི་ཆར་མི་ཕོད། །ཅེས་བྱ་བ་ལ་སོགས་པ་གསུངས་པས། གནས་སྐབས་སུ་ཚངས་པའི་འཇིག་རྟེན་དུ་སྐྱེ། དེར་མ་སྐྱེས་ཀྱང་ལྷ་མི་བྱམས་པ་ལ་སོགས་པ་ཡོན་ཏན་བརྒྱད་འཐོབ། མཐར་ཐུག་སངས་རྒྱས་ཀྱི་རྒྱུར་འགྱུར་ཏེ། དཔེར་ན་རྒྱལ་པོ་བྱམས་པའི་སྟོབས་ཀྱི་སྐྱེས་རབས་སམ། གངྒཱ་དང་ཡ་མུ་ནཱི་འདུས་པར་མ་སྨད་ཤི་བ་ཚངས་པར་སྐྱེས་པའི་ལོ་རྒྱུས་བཞིན་ནོ། །གཉིས་པ་སྙིང་རྗེ་བསྒོམ་པ་ལ་བཞི་སྟེ། གང་ལ་བསྒོམ་པའི་ཡུལ། དེ་སྐྱེ་བའི་རྐྱེན། ཇི་ལྟར་བསྒོམ་པའི་ཚུལ། དེ་ལྟར་བསྒོམས་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས་ལས་ཡུལ་ཕྱི་ནས་བསྒོམ་པ་ནི། མདོ་སྡེ་རྒྱན་ལས། རབ་འབར་དགྲ་ཡི་དབང་དུ་སོང༌། སྡུག་བསྔལ་གྱིས་ནོན་མུན་པས་བསྒྲིབས། །བགྲོད་དཀའི་ལམ་དུ་ཀུན་དུ་ཞུགས། །འཆིང་བ་ཆེ་དང་ཡང་དག་ལྡན། །ཟས་ཆེན་དུག་དང་འདྲེས་ལ་ཞེན། །ལམ་ནི་རབ་ཏུ་སྟོར་གྱུར་བ། །ལམ་གོལ་བར་ཞུགས་སྟོབས་ཆུང་བའི། །སེམས་ཅན་རྣམས་ལ་སྙིང་རྗེ་འོ། །ཞེས་གསུངས་པས། རབ་འབར་ཏེ་འདོད་པའི་འདོད་ཆགས་ཀྱིས་འདོད་པའི་བདེ་བ་ལ་ཆགས་པ་རྣམས་ལའོ། །དགྲ་བོའི་དབང་དུ་སོང་བ་ནི་དགེ་བ་ལ་ཞུགས་པ་ལ་བདུད་ཀྱི་བར་ཆད་བྱས་པ་རྣམས་སོ། །སྡུག་བསྔལ་གྱིས་ནོན་པ་ནི་ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་ཟིལ་གྱིས་ནོན་པ་རྣམས་སོ། །མུན་པས་བསྒྲིབས་པ་ནི་བཤན་པ་ལ་སོགས་པ་གཅིག་ཏུ་ཉེས་པ་སྤྱོད་པ་རྣམས་ཏེ། ལས་ཀྱི་རྣམ་པར་སྨིན་པ་ལ་ཀུན་ཏུ་རྨོངས་པའོ། །བགྲོད་དཀའི་ལམ་ལ་ཞུགས་པ་ནི་འཁོར་བ་ལས་གཏན་མི་གྲོལ་བ་རྣམས་སོ། །འཆིང་བ་ཆེན་པོ་དང་ལྡན་པ་ནི་མུ་སྟེགས་ཅན་གྱི་ལམ་ལ་ཀུན་ཏུ་ཞུགས་པ་རྣམས་ཏེ་ལྟ་བ་ངན་པ་སྣ་ཚོགས་ཀྱི་འཆིང་བ་དམ་པོས་བཅིངས་པའི་ཕྱིར་རོ། །ཟས་ཆེན་དུག་དང་འདྲེས་པ་ལ་ཞེན་པ་ནི་སྙོམས་འཇུག་གི་བདེ་བ་ཉོན་མོངས་པ་ཅན་ལ་ཞེན་པ་སྟེ། ཁ་ཟས་དུག་དང་འདྲེས་པ་ལྟར། དེ་ལས་རབ་ཏུ་ཉམས་པར་འགྱུར་བའི་ཕྱིར་རོ། །ལམ་རབ་ཏུ་སྟོར་བ་ནི་མངོན་པའི་ང་རྒྱལ་ཅན་རྣམས་ཏེ་ཐར་པའི་ལམ་ནོར་བའི་ཕྱིར་རོ། །ལམ་གོལ་བ་ལ་ཞུགས་པ་ནི་མ་ངེས་པ་ཐེག་པ་དམན་པ་ལ་ཞུགས་པ་རྣམས་སོ། །སྟོབས་ཆུང་བ་ནི་བྱང་ཆུབ་སེམས་དཔའ་ཚོགས་ཡོངས་སུ་མ་རྫོགས་པ་རྣམས་ཏེ། དེ་ལྟར་ན་སེམས་ཅན་རྣམ་པ་བཅུ་པོ་འདི་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེའི་དམིགས་པའི་ཡུལ་ཡིན་ནོ། །གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འགལ་བ་དྲུག་སྙིང་རྗེའི་ཡུལ་ཡིན་ཏེ། བཀྲེན་ལ་བརྩེ་དང་མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་རྗེ་དང༌། །ལོག་པར་མངོན་པར་ཞེན་ལ་སྙིང་རྗེ་འོ། །ཞེས་གསུངས་པས། བཀྲེན་པ་ནི་སེར་སྣ་ཅན། མ་རུངས་པ་ཚུལ་ཁྲིམས་འཆལ་བས་གཞན་ལ་གནོད་པ། ཀུན་ཏུ་འཁྲུགས་པ་ཁྲོ་བ། བག་མེད་པ་ལེ་ལོ་ཅན། ཡུལ་གྱི་གཞན་དབང་ཅན་ནི་འདོད་པ་ལ་སེམས་གཡེངས་པ། ལོག་པར་མངོན་པར་ཞེན་པ་ནི་ཤེས་རབ་འཆལ་བ་མུ་སྟེགས་ལ་སོགས་པའོ། །གཉིས་པ་བསྡུས་ཏེ་བསྒོམ་པའི་ཚུལ་ནི། མདོ་སྡེ་རྒྱན་ལས། དེ་བཞིན་གཤེགས་པ་དེ་ནི་དེར་ཞུགས་ནས། །རི་དབང་མཐོ་སྟེང་བཞུགས་བཞིན་འགྲོ་ལ་གཟིགས། །ཞི་ལ་མངོན་དགའི་ཡིད་ལའང་ཐུགས་རྗེ་ན། །སྲིད་ལ་མངོན་དགའི་ཡིད་ལ་སྨོས་ཅི་དགོས། །ཞེས་གསུངས་པས། འཁོར་འདས་གཉིས་ཀ་སྙིང་རྗེའི་ཡུལ་ཏེ། དེའང་ཉན་ཐོས་དང་རང་སངས་རྒྱས་རང་དོན་མ་རྫོགས། གཞན་དོན་མི་འགྲུབ། བརྒྱ་ལ་འཚང་རྒྱ་ཡང་སོ་སོའི་སྐྱེ་བོ་འཚང་རྒྱ་བ་བས་བསྐལ་པ་ཆེན་པོ་བཞི་བཅུ་ལ་སོགས་པར་འགྱངས་པས་ལམ་གོལ་བའི་ཕྱིར་སྙིང་རྗེའི་ཡུལ་ཡིན་ནོ། །གཉིས་པ་འཁོར་བ་ལ་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ་སྤྱོད་པ་གཉིས་ལས། དང་པོ་ནི། ལྷ་དང་མི་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་ཀྱང་བསམ་པ་མི་དགེ་བས་ཟིན་པ། སྦྱོར་བ་བླ་མ་དང་དཀོན་མཆོག་གསུམ་དང་སེམས་ཅན་ལ་གནོད་པ་བྱེད་པ་དང༌། ཆོས་ནོར་བ་ལ་ཞུགས་པ་རྣམས་མདའ་འཕངས་པ་ལྟར་ངན་སོང་དུ་འགྲོ་བས། དེ་དག་ཁྱད་པར་དུ་སྙིང་རྗེ་བའི་ཡུལ་ཡིན་ནོ། །གཉིས་པ་འབྲས་བུ་ལ་སྤྱོད་པའང་ངན་སོང་གསུམ་དང༌། མཐོ་རིས་ཀྱི་བཀྲེན་ཅིང་ཕོངས་པ་དང༌། ལུས་ན། སེམས་མྱ་ངན་གྱིས་ཟིན། མཛའ་བ་དང་བྲལ། སྡང་བ་དང་ཕྲད། ལུས་རྒས། སེམས་ཞུམ། མཐོན་པོ་དམས། འདོད་པ་མ་རྙེད་པ་དེ་དག་སྙིང་རྗེའི་ཡུལ་ཡིན་ཏེ། འདི་དག་གི་སྐབས་སུ་མྱ་ངན་ལས་འདས་པའི་ཉེས་དམིགས་དང༌། འཁོར་བའི་སྡུག་བསྔལ་ཅི་རིགས་པ་བཤད་པར་བྱའོ། །གཉིས་པ་དེ་སྐྱེ་བའི་རྐྱེན་ནི། བདེ་དང་སྡུག་བསྔལ་དེ་རྒྱུ་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེ་སྟེ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེ་འོ། །ཞེས་གསུངས་པས། ཕྱེད་གོང་མའི་དོན་དམིགས་པའི་རྐྱེན་གསུམ་སྟེ། ཚོར་བ་བདེ་བ་ལས་འགྱུར་བའི་སྡུག་བསྔལ། སྡུག་བསྔལ་ལ་སྡུག་བསྔལ་གྱི་སྡུག་བསྔལ། དེ་གཉིས་ཀྱི་རྒྱུ་བཏང་སྙོམས་ལས་འདུ་བྱེད་ཀྱི་སྡུག་བསྔལ་འབྱུང་སྟེ། མདོ་ལས། ཚོར་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་སྡུག་བསྔལ་བའོ། །ཞེས་གསུངས་པའང་དེ་ལ་དགོངས་སོ། །དེ་ལྟར་སྡུག་བསྔལ་གསུམ་སྙེང་རྗེ་སྐྱེ་བའི་དམིགས་པའི་རྐྱེན་ཡིན་ནོ། །ཕྱེད་འོག་མའི་དོན། རྒྱུའི་རྐྱེན་སྙིང་རྗེའི་ས་བོན། བདག་པོའི་རྐྱེན་དགེ་བའི་བཤེས་གཉེན། མཚུངས་པ་དེ་མ་ཐག་པའི་རྐྱེན། རང་བཞིན་ཏེ། དེ་ལྟར་ན་རྐྱེན་བཞི་ལས་སྙིང་རྗེ་སྐྱེའོ། །གསུམ་པ་སྙིང་རྗེ་ཇི་ལྟར་བསྒོམ་པའི་ཚུལ་ལ་གསུམ་ལས། མུ་སྟེགས་གང་ཟག་ལ་དམིགས་པའི་སྙིང་རྗེ་བསྒོམ་སྟེ། རྟག་གཅིག་རང་དབང་ཅན་གྱི་སེམས་ཅན་འདི་རྣམས་རྟག་གཅིག་རང་དབང་ཅན་གྱི་སྡུག་བསྔལ་དང་བྲལ་བར་འདོད་པའོ། །ཉན་ཐོས་ཆོས་ལ་དམིགས་པའི་སྙིང་རྗེ་བསྒོམ་སྟེ་ཕུང་པོ་ཁམས་དང་སྐྱེ་མཆེད་དུ་མ་ཆོས་ཙམ་དང་འབྲེལ་བའི་སེམས་ཅན་འདི་རྣམས་དུ་མ་ཆོས་ཙམ་གྱི་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའོ། །སྔ་མ་འདི་གཉིས་ནི་ཐེག་པ་ཆེན་པོ་བས་མི་བསྒོམ་སྟེ། ཤེས་རབ་སྟོང་པ་ཉིད་དང་འགལ་བའི་ཕྱིར་རོ། །གསུམ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་པ་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་སྟེ། སྒྱུ་མ་ལྟ་བུའི་སེམས་ཅན་འདི་རྣམས་སྒྱུ་མ་ལྟ་བུའི་སྡུག་བསྔལ་རྒྱུ་འབྲས་དང་བྲལ་ན་ཅི་མ་རུང་སྙམ་དུ་བསྒོམ་མོ། །བཞི་པ་དེ་ལྟར་སྙིང་རྗེ་བསྒོམས་པའི་ཕན་ཡོན་ནི། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་སྡུག་བསྔལ་མེད། །བརྩེ་བས་སྡུག་བསྔལ་འགྱུར་བ་མེད། །དེ་ལ་དང་པོར་ཀུན་ཏུ་སྐྲག །རེག་ན་ཤིན་ཏུ་མངོན་པར་དགའ། །ཞེས་གསུངས་པས། དེའི་དོན་ནི་སེམས་ཅན་གྱི་སྡུག་བསྔལ་མེད་པར་བྱ་བའི་ཕྱིར། དང་པོ་མོས་པ་སྤྱོད་པའི་ས་ལ་བདག་གཞན་མཉམ་པའི་ས་ལ་མ་རེག་པའི་ཕྱིར་གཞན་ལ་སྙིང་རྗེས་བདག་སྡུག་བསྔལ་སྐྱེ་བ་དེ་ལ་དང་པོ་སྐྲག་པར་འགྱུར་རོ། །ལྷག་པའི་བསམ་པ་རྣམ་པར་དག་པའི་ས་ལ་རེག་ནས་གཟོད་ཤིན་ཏུ་དགའ་བ་སྐྱེའོ། །དེའང་འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས། སྤྱན་རས་གཟིགས་དབང་ཕྱུག་གིས་གསོལ་བ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་ཤིན་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་རྟོགས་ཤིང་བཟུང་བར་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །གཅིག་པོ་གང་ཞེ་ན། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་མཆིས་པ་ལགས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་པས། གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ཐམས་ཅད་སྙིང་རྗེ་ལས་འབྱུང་བ་ཡིན་ནོ། །དེ་ལྟར་བྱམས་པ་དང་སྙིང་རྗེ་གོམས་ན་བྱང་ཆུབ་ཀྱི་སེམས་སྐྱེ་སླ་བས། དེ་བསྒོམ་པ་ལ་གསུམ་སྟེ། བདག་གཞན་མཉམ་པར་བསྒོམ་པ་དང༌། བརྗེ་བ་བསྒོམ་པ་དང༌། དེ་དག་མཐར་ཕྱིན་པའི་ཐབས་སོ། །དེའང་སྤྱོད་འཇུག་ལས། བདག་དང་གཞན་དུ་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་བསྒོམ། །བདེ་དང་སྡུག་བསྔལ་མཉམ་པས་ན། །ཐམས་ཅད་བདག་བཞིན་བསྲུང་བར་བྱ། །ཞེས་གསུངས་པ་ལྟར་ཐོག་མར་བདག་གཞན་མཉམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་མོ། །དེའི་ཚུལ་འདི་ལྟར་བསྒོམ་སྟེ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། བདག་གི་ཕ་མ་གཉེན་ཚོར་མ་གྱུར་པ་གང་ཡང་མེད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། མ་ཡི་གྲངས་ནི་རྒྱ་ཤུག་ཚིག་གུ་ཙམ། །རི་ལུར་བགྲངས་ཀྱང་ས་ཡིས་ལང་མ་ཡིན། །ཞེས་གསུངས་པ་ལ་སོགས་པའི་ལུང་དང་རིགས་པས་སེམས་ཅན་ཐམས་ཅད་རང་གི་ཉེ་དུར་སྤྲོས་པ་བཅད་ལ། དེ་ནས་གཟོད་བདག་ལ་བདེ་བ་སྐྱེས་པ་ན། སེམས་ཅན་ཐམས་ཅད་བདག་གི་བདེ་བ་དང་བདེ་བའི་རྒྱུ་འདི་ལྟ་བུ་དང་ལྡན་པར་གྱུར་ཅིག་ཅེས་ཞེ་ཐག་པས་བསྒོམ། ཡང་བདག་ལ་སྡུག་བསྔལ་ཞིག་སྐྱེས་ན་ཡང༌། བདག་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་འདི་ལྟ་བུ་དང་བྲལ་བར་གྱུར་ཅིག་སྙམ་དུ་རྐང་གི་ཁོང་རུས་པའི་གཏིང་ནས་བསྒོམ། དེའི་ཚེ་བསམ་པ་ལ་གེགས་འདི་ལྟ་བུ་སྐྱེ་སྲིད་དེ་བདག་གི་སྡུག་བསྔལ་སེལ་བ་གཞན་ལ་མི་རེ། གཞན་གྱི་སྡུག་བསྔལ་བདག་གིས་བསལ་བ་མི་འགྲུབ་སྙམ་པ་ཉན་ཐོས་ཀྱི་བློ་སྐྱེ་ན། སྤྱོད་འཇུག་ལས། མ་འོངས་པ་ཡི་སྡུག་བསྔལ་ཡང༌། །གནོད་མི་བྱེད་ན་ཇི་ལྟར་བསྲུང༌། །ཞེས་གསུངས་པ་ལྟར་རང་ཉིད་ཀྱིའང་ནང་པར་ཕན་ཆད་ཀྱི་ནད་མེད་པ་དང་ཟས་གོས་ལ་སོགས་པ་ཐོབ་པའི་འབད་པ་ཡང་ཅི་སྟེ་བྱེད། བདག་སྐད་ཅིག་གིས་འགགས་ནས་དེ་ཕན་ཆད་གཞན་དུ་འགྱུར་བའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་མ་རིགས་པའི་བག་ཆགས་ཀྱིས། ནང་པར་ཕན་ཆད་ཀྱང་བདག་ཡིན་ནོ་སྙམ་ན་འཁྲུལ་ཏེ། སྤྱོད་འཇུག་ལས། བདག་གིས་དེ་ནི་མྱོང་སྙམ་པའི། །རྣམ་པར་རྟོག་པ་ལོག་པ་སྟེ། དེ་ལྟར་སྐྱེ་བའང་གཞན་ཉིད་ལ། །འཆི་བ་ཡང་ནི་གཞན་ཞིག་ཡིན། །ཞེས་གསུངས་པ་ལྟར་རོ། །དཔེར་ན་བླུན་པོ་དག་འབབ་ཆུ་འདིས། ན་ནིང་ངའི་གོས་ཁྱེར་རོ་སྙམ་པ་དང་ནང་པར་ཆུ་འདི་ལས་རྒལ་ལོ་སྙམ་དུ་སེམས་མོད་ཀྱང༌། ན་ནིང་གོས་ཁྱེར་བའི་ཆུ་དེ་ཡང་གཞན་ཡིན་ལ་ནང་པར་བརྒལ་བའི་ཆུ་དེ་ཡང་གཞན་ཡིན་ནོ། །དེ་བཞིན་དུ་འདས་པའི་སེམས་ཀྱང་བདག་མ་ཡིན་ལ། མ་འོངས་པའི་སེམས་ཀྱང་བདག་མ་ཡིན་པར་གཞན་ཡིན་ནོ། །དེ་ལ་འདི་སྙམ་དུ། མ་འོངས་པའི་སེམས་ད་ལྟར་གྱི་བདག་མ་ཡིན་ཡང་བདག་གི་སེམས་ཀྱི་རྒྱུན་ཡིན་ནོ་སྙམ་པའི་སེམས་ཀྱི་རང་དོན་བསྒྲུབ་བོ་ཞེ་ན། སེམས་ཅན་གཞན་བདག་མ་ཡིན་ཡང་བདག་གི་སེམས་ཅན་ཡིན་ནོ་སྙམ་པའི་འདུ་ཤེས་ཀྱིས་གཞན་གྱི་དོན་ལ་འཇུག་པར་བྱའོ། །གལ་ཏེ་རྟོག་དཔྱོད་བཏང་ན་དེ་ལྟར་ཡིན་ཡང༌། མ་དཔྱད་པའི་བློ་ངོར་ང་ཡི་རྒྱུན་ཡིན་སྙམ་པའི་འདུ་ཤེས་ཀྱིས་རང་དོན་ལ་འཇུག་གོ་སྙམ་ན། དེ་ལྟར་ན་སེམས་ཅན་གཞན་ལ་ཡང་ངའི་སེམས་ཅན་ཡིན་ནོ་སྙམ་པའི་འདུ་ཤེས་ཀྱིས་གཞན་གྱི་དོན་ལ་འཇུག་པར་བྱའོ། །གལ་ཏེ་མགོ་གང་གི་ཁ་བ་སྤྲུགས་སྙམ་པའི་ཚུལ་གྱིས་རང་རང་གི་དོན་ལ་འབད་ཀྱི། ཕན་ཚུན་གཅིག་གིས་གཅིག་གི་དོན་སྒྲུབ་མི་ནུས་སོ་སྙམ་ན། སྤྱོད་འཇུག་ལས། རྐང་པའི་སྡུག་བསྔལ་ལག་པས་མིན། །ཞེས་གསུངས་པ་ལྟར། རྐང་པ་ལ་ཚེར་མ་ཟུག་པ་ཡང་ལག་པས་ཅི་སྟེ་མི་འདོན། དེ་བཞིན་དུ་མིག་ཏུ་རྡུལ་སོང་བ་ལ་ལག་པ་དང༌། བུ་ཚའི་དོན་ཕ་མ་དང༌། ཁར་ཟན་འཛུད་པ་ལ་ལག་པ་ལ་སོགས་པ་ཡང་རང་རང་གི་དོན་བྱེད་དགོས་པར་འགྱུར་ཏེ་ཧ་ཅང་ཐལ་ལོ། །མདོར་ན་ཕན་ཚུན་གཅིག་གིས་གཅིག་གི་དོན་མ་བྱས་བར་རང་རང་གི་དོན་བསྒྲུབ་དགོས་ན་འགྲུབ་པ་ཤིན་ཏུ་དཀའ་འོ། །དེས་ན་དེ་ལྟར་ཤེས་པར་བྱས་ལ་སེམས་ཅན་གྱི་དོན་ལ་འཇུག་པར་བྱའོ། །གཉིས་པ་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡང༌། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་གསུངས་པ་ལྟར། བདག་གི་བདེ་བ་སེམས་ཅན་ལ་སྦྱིན། སེམས་ཅན་གྱི་སྡུག་བསྔལ་བདག་གིས་བསླང་ངོ༌། །དེའི་དམིགས་པ་ཡང༌། དམན་སོགས་བདག་ཏུ་བྱས་པ་དང༌། །གཞན་ཉིད་དུ་ནི་བདག་བྱས་ན། །རྣམ་རྟོག་མེད་པའི་སེམས་ཀྱིས་སུ། །ཕྲག་དོག་འགྲན་སེམས་ང་རྒྱལ་བསྒོམ། །ཞེས་གསུངས་པའི་དོན་ནི། རང་ལས་དམའ་བའི་གནས་སུ་དགྲ་བཞག དགྲའམ་གཞན་མཐོན་པོའི་གནས་སུ་རང་བཞག་ལ་རང་མཐོ་བ་དེ་ལ་དགྲ་དམའ་བ་དེ་ཕྲག་དོག་བསྒོམ་དུ་གཞུག བསྒོམ་དེ་ཚར་བ་ན་འདི་ལྟ་བུ་བསྒོམས་པའི་འབྲས་བུ་འབྱུང་སྟེ་རང་མཐོན་པོར་བསྒོམས། གཞན་དམའ་བར་བསྒོམས་པ་དེས་རང་ལ་ཕྲག་དོག་བྱས་པར་བསྒོམས་པ་ལ་ཡང༌། འདི་ལྟ་བུའི་སྡུག་བསྔལ་འབྱུང་ན་གཞན་ལ་ཕྲག་དོག་བྱེད་པ་ག་ལ་འཐད་ཅེས་ཕྲག་དོག་རང་ཞིར་འགྱུར་རོ། །དེ་བཞིན་དུ་བདག་དང་མཉམ་པ་ལ་བལྟས་ལ་འགྲན་སེམས་བསྒོམ་པ་ཡང༌། བདག་དང་མཉམ་པའི་དགྲའི་གནས་སུ་རང་ཉིད་བཞག རང་གི་གནས་སུ་དགྲ་དེ་བཞག་ལ། དགྲ་དེས་ཕྱོགས་མཐའ་དག་གི་སྒོ་ནས་བདག་ལ་འགྲན་པར་བསྒོམ་མོ། །བསྒོམ་དེ་གྲོལ་བ་ན་འདི་ལྟ་བུའི་བསམ་པ་འབྱུང་སྟེ། རང་དགྲར་བསྒོམ་ནས་གཞན་གྱིས་གནོད་པ་དང་འགྲན་སེམས་བྱས་པར་བསྒོམས་པ་ལ་ཡང་འདི་ལྟ་བུའི་སྡུག་བསྔལ་འབྱུང་ན། གཞན་ལ་གནོད་པ་འགྲན་སེམས་བྱར་ག་ལ་རུང་སྙམ་ནས་འགྲན་སེམས་རང་ཞི་བར་འགྱུར་རོ། །ཡང་དེ་བཞིན་དུ་ང་རྒྱལ་བསྒོམ་པ་ཡང༌། རང་བས་དམའ་བའི་གནས་སུ་བདག་ཉིད་བཞག རང་གི་གནས་སུ་རང་བས་དམའ་བ་དེ་བཞག་ལ་གཞན་མཐོ་བ་དེར་རང་དམའ་བ་དེ་ལ་རིགས་དང་ཡོན་ཏན་ལ་སོགས་པའི་སྒོ་ནས་ང་རྒྱལ་བྱེད་དུ་གཞུག བསྒོམ་དེ་ཚར་བ་ན་བདག་ལ་གཞན་གྱིས་ང་རྒྱལ་བསྒོམས་པ་ན། འདི་ལྟ་བུའི་སྡུག་བསྔལ་འབྱུང་ན། དེའི་ཕྱིར་བདག་གིས་གཞན་ལ་ང་རྒྱལ་བྱར་ག་ལ་རུང་སྙམ་དུ་ང་རྒྱལ་ངོ་བོ་ཉིད་ཀྱིས་ཞི་བར་འགྱུར་རོ། །འདི་དག་གི་དོན་ཞིབ་ཏུ་སྤྱོད་འཇུག་ནས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་བླང་བར་བྱའོ། །དེ་ཙམ་བསྒོམ་པར་མི་ནུས་པས་བསྡུས་ཏེ་བསྒོམ་པར་འདོད་ན། རིན་པོ་ཆེ་ཕྲེང་བ་ལས། བདག་ལ་དེ་དག་སྡིག་སྨིན་ཅིང༌། །བདག་དགེ་མ་ལུས་དེར་སྨིན་ཤོག །ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང༌། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །དེ་སྐད་བརྗོད་པའི་བསོད་ནམས་འདི། །གལ་ཏེ་དེ་ནི་གཟུགས་ཅན་འགྱུར། །གངྒཱའི་བྱེ་མ་སྙེད་ཀྱི་ནི། །འཇིག་རྟེན་ཁམས་སུ་ཤོང་མི་འགྱུར། །འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས། །གཏན་ཚིགས་ཀྱང་ནི་འདི་ལ་སྣང༌། །ཞེས་བྱ་བ་དང༌། སྤྱོད་འཇུག་ལས་ཀྱང༌། འགྲོ་བའི་སྡུག་བསྔལ་གང་ཅིའང་རུང༌། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་བ་ཡིས། །འགྲོ་བ་བདེ་ལ་སྤྱོད་པར་ཤོག །ཅེས་བྱ་བའི་དོན་བསྒོམ་ཞིང་ངག་ཏུ་ཡང་བརྗོད་པར་བྱའོ། །དེ་ལ་འདི་སྙམ་དུ་གལ་ཏེ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བདག་ལ་སྨིན་ན་ནི། བདག་གིས་ཐེག་གམ་སྙམ་ན། སྐྱོན་མེད་དེ་ཁྱི་གུས་ཁྱི་གུ་འབྱིན་པ་དང་དྲི་མས་དྲི་མ་འཁྲུད་པ་ལྟ་བུའམ། བྱ་དང་རི་དགས་ཀྱི་དྲུང་དུ་བསྙེན་ཏེ་བདག་གི་མདུན་དུ་ཐམས་ཅད་འདུས་ཤིག་ཅེས་བརྗོད་ཀྱང་ཐམས་ཅད་འབྲོས་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བདག་ལ་སྨིན་ཅིག་ཅེས་བརྗོད་པས་ཀྱང་བདག་དང་སེམས་ཅན་གྱི་སྡུག་བསྔལ་ཞི་བར་འགྱུར་གྱི་སྨིན་པར་མི་འགྱུར་རོ། །དཔེར་ན་དེད་དཔོན་མཛའ་བོའི་བུ་མོའམ། དམྱལ་བའི་མེའི་ཤིང་རྟ་འདྲེན་པའི་རྣམ་པར་ཐར་པ་བཞིན་ནོ། །གཞན་འགའ་ཞིག་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་དུ་མི་རུང་སྟེ། དེའི་རྒྱུ་མཚན། བསྔོ་བའི་མཐའ་བཙན་པས། སེམས་ཅན་གྱི་སྡུག་བསྔལ་བདག་ལ་འབྱུང་ངེས་པས་བདག་གིས་དེའི་སྡུག་བསྔལ་གྱི་ཁུར་མི་ཐེག་པས། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་འདི་དག་ནི་ཐབས་མི་མཁས་པ་ཡིན་ནོ། །ཞེས་ཟེར་བ་མཐོང་ངོ༌། །འདི་མི་འཐད་དེ་གནས་ཀྱི་བསྔོ་བ་མཐའ་བཙན་ལ། གནས་མ་ཡིན་པའི་བསྔོ་བ་མཐའ་མི་བཙན་པའི་ཁྱད་པར་མི་ཤེས་ཤིང༌། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་བྱ་བ་ལ་སོགས་པ་སྔར་བཤད་པའི་རྒྱུ་མཚན་མ་ཤེས་པར་སྨྲ་བར་བས་སོ། །དེས་ན་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་གནད་ཤེས་ན་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །གསུམ་པ་བསྒོམ་དེ་མཐར་ཕྱིན་པའི་ཐབས་ནི། རང་དོན་བྱས་པའི་ཉེས་པ། གཞན་དོན་བྱས་པའི་ཕན་ཡོན། དེས་ན་གཞན་དོན་ལ་འབད་དགོས་པའི་འཐད་པ་གསུམ་ཡིད་ཀྱིས་དྲན་པར་བྱ་ཞིང་ངག་ཏུ་ཡང༌། སྤྱོད་འཇུག་ལས་བྱུང་བ་བཞིན་དུ། འོན་ཏེ་དེ་ལྟར་གདམས་ཀྱང་ནི། །སེམས་ཁྱོད་དེ་ལྟར་མི་བྱེད་ན། །ཁྱོད་ལ་ཉེས་ཀུན་བརྟེན་པས་ན། །ཁྱོད་ནི་ཚར་གཅད་བྱ་བར་ཟད། །ཅེས་གསུངས་པའི་དོན་ནི་སེམས་ཅན་གྱི་དོན་ལ་མི་འཇུག་ན་སེམས་ཉིད་ཚར་གཅད་པར་བྱའོ། །ཁྱོད་ཀྱིས་ཁོ་བོ་གར་བརླག་པའི། །སྔོན་གྱི་དུས་དེ་གཞན་ཡིན་ཏེ། །ངས་མཐོང་ཁྱོད་ད་གང་དུ་འགྲོ། །ཁྱོད་ཀྱི་དྲེགས་པ་ཀུན་བཅོམ་ཀྱང༌། །ད་དུང་བདག་ལ་རང་གི་དོན། །ཡོད་སྙམ་སེམས་པ་དེ་དོར་ཅིག །ཅེས་པ་ནི། སྔར་འཁོར་བ་ཐོག་མ་མེད་པ་ནས་དེང་སང་གི་བར་དུ་སྡུག་བསྔལ་ཐམས་ཅད་རང་དོན་ལ་བྱུང་བ་ཡིན་པས་དེ་ཤེས་པར་བྱས་ལ་རང་དོན་དོར་རོ་ཞེས་པ་ཡིན་ནོ། །བདག་གིས་གཞན་ལ་ཁྱོད་བཙོངས་ཀྱིས། །སྐྱོ་བར་མ་སེམས་ཞོ་ཤ་ཕུལ། །གལ་ཏེ་བདག་མེད་གྱུར་པ་ཁྱེད། །སེམས་ཅན་རྣམས་ལ་མ་བྱིན་ན། །ཁྱོད་ཀྱིས་ཁོ་བོ་དམྱལ་བ་ཡི། །སྲུང་མ་རྣམས་ལ་བྱིན་དུ་ངེས། །ཞེས་བྱ་བ་ནི་སེམས་བསྐྱེད་པའི་དུས་སུ་སེམས་ཅན་ལ་ངས་བཙོངས་ཟིན་ལ།      རྗེས་མ། >>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*