གསོ་དཔྱད་རྒྱལ་པོའི་དཀོར་མཛོད། ༢

འོ་མ་ཆུ་མ་ཆོད་ཀྱི་བར་དུ་གདུའོ། །ཕོ་བ་ཞན་ན་སྨན་ཚིགས་གདོན། ཕོ་བ་བཟང་ན་སྨན་ཚིགས་མར་དང་བསྲེས་པ་ཙམ་ལས་ཆུ་མི་བཅད། དེ་གང་ཡང་རུང་སྟེ། ཁ་འཁྱགས་ཙམ་ལ་སུག་སྨེལ། སླེ་ཏྲེས། པི་པི་ལིང༌། རྒྱམ་ཚ། སྦྲང་དང་བུ་རམ་བཏབ་ལ་ལེགས་པར་དཀྲུགས་ཏེ་བཏང་ན་རླུང་དང༌། ཆུ་སེར་འདྲེས་པའི་ནད་སེལ་ལོ། །ཁྱད་པར་དུ་ཚབས་ཀྱི་ནད་སེལ་ལོ། །སྨད་དུ་གྲང་བ་སྐྱེས་པ་ལ། ལྟེ་བ་མན་ཆད་ནས། རྐང་པའི་ཐིལ་ཡན་ཆད་དང༌། རྩ་སྦུབས་དང༌། ཆུ་སྦུབས་ཀྱི་ཉེ་འཁོར་དུ་སྣུམ་གྱིས་ཞེན་པར་བསྐུ་མཉེ་བྱའོ། །ཁྱད་པར་དུ་ཚང་རའི་ཏེལ་ཏེལ་པོ་ལ་དྲག་ཏུ་བྱའོ། །དུགས་བྱ་བ་ནི། རྡོ་ལེབ་དང༌། སོ་ཕག་ཚོས་པར་བསྲེགས་ལ་ཆུ་བཏབ་ལ་གོས་ཀྱིས་གཡོགས་ཏེ། བུར་དཀར་མཐེ་བོང་ཙམ་གཅིག་གཞུག་གོ །སྦུབས་དང༌། ཚང་ར་དང༌། རྐང་མཐིལ་དང༌། རྒྱུ་ཞབས་སུ་ཡུན་རིང་དུ་བདུག་གོ །གོས་དྲོ་བར་བྱ། དུགས་ཀྱི་རྗེས་ལ་གྲང་དུ་མི་གཞུག་གོ །ཡང་ན་སྦང་མ་སྐམ་པོ་ལ་ཆང་གིས་ཁ་ཕྲུ་གདབ་པའི་ནང་དུ་རྡོའམ་སོ་ཕག་བཅུག་ལ་བྱ། ཡང་ན་ཕྱིང་པའམ། རེ་བ་སྣུམ་གྱིས་བསྐུས་པས་གཏུམས་ལ་བྱའོ། །རེང་བུ་ནི་ལྕུམ་རྩ་དང༌། བུལ་ཏོག དུད་པ། པོ་སོ་འཆའ། ཨ་རུ་ར། པི་པི་ལིང༌། རྒྱམ་ཚ་རྣམས་བཏགས་ལ་མར་དང་བསྲེས་ཏེ། རེང་བུ་མཐེ་བོང་གི་དབྱིབས་འདྲ་བ་བྱས་ལ། མས་ཡར་བཏང་ན་དེས་ལྟོ་སྦོས་བ་དང༌། ཕྱི་ས་འགགས་པ་དང༌། ཆུ་སྲི་བ། བད་ཀན་གྱི་སྐྲན། རླུང་སྐྲན་བེའུ་རྣབས་འཁྱགས་པ། རླུང་ནད་ཐམས་ཅད་དང༌། ཁོང་སྲིན་དང༌། གྲང་ནད་ཐམས་ཅད་སེལ་ལོ། །དྲི་མ་དང་རླུང་ལེགས་པར་རྒྱུ་བར་བྱེད་ཅིང༌། རླུང་རང་རང་གི་གནས་སུ་འཇོག་པར་བྱེད་དོ། །རེང་བུ་བཏང་ནས་ཀྱང་དུགས་ཡུན་རིང་དུ་བྱའོ། །ཙི་ཏྲ་ཀ ཨ་རུ་ར། རྒྱམ་ཚ་རྣམས་ཆ་བསྙམས་ནས་ཞིབ་པར་བྱས་ལ་ཆུ་སྐོལ་ལ་སྐྱོ་མར་བྱས་ནས་འཐུངས་ན། ཕོ་བའི་མེ་དྲོད་སྐྱེད་པ་དང༌། མ་ཞུ་བ་སེལ་བ་དང༌། སྐྲན་འཇོམས་པ་དང༌། ཡི་ག་འབྱེད་པར་བྱེད་དོ། །ཡང་ཨ་རུ་ར་དང༌། པི་པི་ལིང༌། རྒྱ་ཚ་གསུམ་ཆ་བསྙམས་པའི་ཕྱེ་མས་ནི་དྲོད་སྐྱེས་པ་དང༌། ཡི་ག་འབྱེད་ཅིང་སྐྲན་འཇོམས། མ་ཞུ་བ་སེལ་ལོ། །ཚ་བ་གསུམ་དང༌། རྒྱམ་ཚ། ཁ་རུ་ཚ། ཆ་བསྙམས། བུ་རམ་ཅུང་ཆེ་བར་བྱས་པའི་ཕྱེ་མས་གླང་ཐབས་ཐམས་ཅད་སེལ་ལོ། །ཁོང་པ་འཁྲོག་ཅིང་ན་ན། ནས་ཟན་གྱི་བྱ་བྲ་དང༌། ཚ་བག་ཙམ་ཅིག ཅོང་ཞི་ཕྱེ་མ་ཚུམ་གཅིག ཆུ་བྲེ་ཕྱེད་ལ་གདུས་ལ་གཏང༌། རྡོ་རྗེའི་བྲག་ཀྱང་འཇིག་གོ །བུད་མེད་ཀྱི་བུ་ལྟོ་བར་ཤི་ན། བྱ་གོ་བོའི་གྲེ་བ་དང༌། རྒྱ་རུ་སྦྱར་ལ་གཏང་ངོ༌། །རོ་སྨད་ཆེས་མ་ཐེག་ན། བྱི་ས་ཕུལ་བཞི། ལུག་གི་རིལ་མ་ཕུལ་བཞི། ཕུག་རོན་གྱི་རིལ་མ་ཕུལ་བཞི། ཕབས་རྣམས་ཆང་གིས་བྲན་ལ་ཚོས་པར་བཙོས། སྒྱེའུའི་ནང་དུ་བླུགས་ལ་ཡུན་རིང་དུ་བདུག ལན་གསུམ་བཞི་བར་དུ་བྱའོ། །རླིག་པའི་འབྲས་བུ་སྐྲངས་ན། ཚིགས་པ་བཅུ་བཞིའི་གསང་བསྲེག དེས་ཐུབ་བོ། །ཕོབ་གཟེར་ནས་ན་ན། ཆུ་སྐོལ་གཏང༌། དུགས་བྱའོ། །ཕྱི་ས་འགགས་ན་སུག་པའི་ཕྱེ་མ་མར་དང་བསྲེས་ནས་འཕོངས་ན་ཡར་བཅུག་ན། ད་ལྟ་རང་དུ་སངས་ཀྱིས་འགྲོའོ། །གྲེ་བར་རུས་པ་ཟུགས་ནས་མ་ཐོན་ན། ཤ་རྙིང་དུམ་བུ་རྒྱུད་པས་ཁོང་ནས་བརྒྱུས་ལ་མིད་དུ་གཞུག གྲེ་བར་སོང་བ་དང་ཡར་འཐེན་ནོ། །དེས་ཐོན་ངེས་སོ། །བུད་མེད་བུ་བཙས་པའི་རྗེས་ལ། ཁྲག་མ་ཐུབ་ན། འོམ་བུའི་དུད་པས་འདོམ་ནས་བདུགས་ན་ཕན་ནོ། །སྲད་བུ་ཕྲ་མོས་ཉྭ་བཞི་བཀྱིགས་ན་ཕན་ནོ། །གྲེ་བ་བཅོས་ཐབས་ལ། སྤང་རྒྱན་དཀར་པོའམ། སྔོན་པོ་གང་རྙེད་དང༌། ཤིན་མངར་དང༌། ཀ་ར། ཅུ་གང་རྣམས་བསྲེས་ལ་གདུས་ཏེ་ལྟོ་སྟོང་ལ་ཕུལ་གང་གཏང༌། གྲེ་བ་འགགས་པ་ཀུན་ལ་ཕན་ཏེ། སྐད་དྲིལ་བུ་འདྲ་བར་འགྱུར་རོ། །སྙིང་ལ་ཚད་པ་ཞུགས་ན། ལྕེ་དཀྱིལ་ནག་པོར་འོང་སྟེ། རྩེ་ཆུང་དང༌། ཨ་སོ་ལི་ཀ་གཏར། བསིལ་སྨན་གཏང་ངོ༌། །སྙིང་ལ་ནད་གྲང་བ་ཞུགས་ན། རྡུལ་མོང་པོ་འདོན། རུས་པའི་སྨན་མར་ཕན་ནོ། །བུད་མེད་བུ་རོགས་མ་ཐོན་པ་ལ། གླུམ་བཟང་པོ་མཉེས་པ་ཅིག་ལ། སྒ་རྡོག་ལྔ་དང༌། ཀ་ར་རྡོག་གཅིག་མཉེས་ཏེ། ཕུལ་དོ་ཁྱེའུ་སུས་ལ་བཏང་ན་ཕན་ནོ། །ཁྱོའི་སྐྲ་ཤད་བསྲེགས་པའི་གཞོབ་བཏབ་སྟེ། ཆང་དང་སྦྱར་ནས་བཏང་ན་ཕན་ནོ། །དེས་མ་ཐོན་ན། རྟ་དྲག་ཤུལ་བྱས་པའི་རྟ་སྟན་དྲོན་མོ་བཀབ་ལ། ལྕག་གིས་བྲབ་ན་ཕན་ནོ། །ལྕེ་ཆུང་དམར་ལ་ཡར་རྐན་སྨུག་ན་ལྕེ་ཆུང་ཚ་བ་བབས་པ་ཡིན་ཏེ། སྤྱི་བོའི་རྩ་རྣམས་གཏར་ན་ཕན་ནོ། །རྐན་དང་ལྕེ་ཆུང་སྐྱ་ན་གྲང་བ་བབས་པ་ཡིན་ཏེ། སྤྱི་བོའི་རྩ་རྣམས་ལ་མེ་བཙའ་བཞག་ན་ཕན་ནོ། །བཟང་དྲུག་གི་སྟེང་ན་ག་པུར་བསྣན་ནས་ཀ་ར་དྲུག་འགྱུར་དང་སྦྱར་ནས་བཏང་ན་ཚད་ནད་སེལ་ལོ། །ཨ་རུ་ར། ཚ་བ་གསུམ། བུ་རམ་ལ་སྦྱར་ནས་བཏང་ན་གྲང་བའི་ནད་ཐམས་ཅད་སེལ་ལོ། །མ་ནུ་བཞིའི་སྟེང་དུ་ཏིག་ཏ་བསྣན་ཏེ་བཏང་ན་ཁྲག་དང་ཁྱད་པར་དུ་སྟོད་གཟེར་ལ་ཕན་ནོ། །མ་ནུ་དང་འབྲས་བུ་གསུམ་བསྐོལ་ནས་བཏང་ན། རླུང་མཁྲིས་འདྲེས་པའི་ནད་ལ་ཕན་ནོ། །མ་ནུ། སླེ་ཏྲེས། པི་པི་ལིང་དང་གསུམ་འོ་མར་བསྐོལ་ཏེ། ལྟོ་སྟོང་ལ་བཏང་ན་རླུང་ལས་གྱུར་པའི་རིམས་ནད་སེལ་ལོ། །གུར་གུམ། ཅུ་གང༌། བྲག་ཞུན་གསུམ་ཆ་བསྙམས་ལ་བསྐོལ་ཏེ་བཏང་ན། མཆིན་པའི་ནད་སེལ་ལོ། །སྒ། ཁ་རུ་ཚ། ཙབ་རུ་ཚ། ཤིང་ཀུན་རྣམས་བསྐོལ་ནས་བཏང་ན། གྲང་བའི་ནད་དང་རྒས་ནད་སེལ་ལོ། །སེ་འབྲུ། སྒ། རྒྱམ་ཚ་བསྐོལ་ནས་བཏང་ན། བད་ཀན་གྱི་ནད་སེལ་ལོ། །མ་ནུ། ཏིག་ཏ། གླ་སྒང༌། ཀྱི་ལྕེ་བ་རྣམས་བསྐོལ་ནས་བཏང་ན། མཁྲིས་པའི་ནད་ཐམས་ཅད་སེལ་ལོ། །སྐྱིགས་བུ་རྒྱུན་མ་ཆད་པར་བྱུང་ན། སྙིང་ཁུད་དུ་སྤྲ་བ་གསུམ་བསྲེགས་ན་ཕན་ནོ། །ལི་ཤི །གླ་རྩིའི་ཆུས་འབྲུམ་པའི་ནད་ལ་མཆོག་ཏུ་བསྔགས། ར་ཤ་དང་པོ་ནས་གཏང༌། རའི་ཁྲག་བཏང་ན་ཕན། འབྲུམ་བུ་མིག་ལ་བྱུང་ན། འོལ་མ་སེའི་འབྲས་བུ་བཏགས་ལ་བུད་མེད་ཀྱི་ནུ་ཞོ་ལ་སྦྱར་ལ་བྱུགས། འབྲི་མོག་དང༌། དྲེའུའི་ཚིལ་བུས་བྱུགས་པས་རྗེས་མི་འོང་ངོ༌། །འབྲུམ་ནག་གྲེ་བར་བྱུང་ནས་འཐམས་ན། བྱི་ཚེར་བའི་རྩ་བ་སྐོག་པ་སྐྱུར་ལ། ནང་གི་དེ་བཏགས་ནས་ཆུ་གྲང་ལ་སྦྱར་ནས་བཏང་ན་རྡོལ་ནས་མེད་པར་འགྲོའོ། །སྤྱིར་འབྲུམ་ནག་བྱུང་བ་ལ། འདིའི་ཆུ་ཐིགས་རེ་ཁོང་པར་བཏང་བས་ཆོག་གོ །ས་མཱཔྟ་མི་ཐི།།  །།གྲེ་བའི་སྐྱ་ཐོར་ལ། ཨ་རུ་ར་གསེར་མདོག ཤུ་དག་ནག་པོ། སྒ་སྨུག་པོ་གསུམ་ཆ་བསྙམས་ལ། མཐོངས་ན་ཡོད་ན་སྦུ་གུས་བུད། མིག་གིས་མི་མཐོང་ན་གྲི་རྩེ་གང་ཆུ་ལ་བཏབ་ལ་གཏང༌། རླུང་ཐུབ་ཚད་གཅིག་བསྡམས་ལ། དེ་ནས་ཧག་བྱས་པས། རོ་སྦུར་ཐོན་ནས་འོང་ངོ༌། །འདི་སླ་ལ་ཕན་ཡོན་ཆེ་བ་ཡིན་ནོ། །སྒ། ལོ་བཙན། རྒྱམ་ཚ། དུད་པ། རྒྱ་མཚོ་གསེར་གྱི་བྱེ་མ་རྣམས་སྦྱར་ལ། རིལ་བུ་གསུམ་མམ་བདུན་བཏང་ལ་མལ་ཆས་གཏིབས། མ་དྲག་བར་ལ་ཆུ་མི་བཏུང་ངོ༌། །དེས་ཕོ་ལོག་གི་རིགས་གང་ལ་ཡང་ཕན་ནོ། །ཆུའི་ཆར་པའམ། གྲང་བའམ། སྦོས་པ་ལ། རྡོ་སྲིན་ཅན་ཆོ་ལོ་ཙམ་གཅིག་སླ་ངར་བླུགས་པ་ལ། དེར་ཆང་བསིངས་བླུགས་ལ་བསླགས། ཆང་རྡོ་ལ་ཐིམ་པ་དང༌། སྒྱེ་ཕད་སེར་མོར་བླུགས་ལ་མཁལ་མ་ཐོག་ནས་བདུག་གོ །སྦོས་པ་ཞི་བར་འགྱུར་རོ། །ཐེ་ཚོམ་མེད། མིག་ཚགས་པ་ལ་ཏི་ཙ་དམར་པོ་ཞིབ་པར་བཏགས་ཏེ། ཀ་ར་དང༌། མར་དང་སྦྱར་ཏེ་བསྐུས་ན་ཞག་གསུམ་ན་འཚོའོ། །མིག་ལ་ལིང་ཏོག་བྱུང་ན། མི་རུས་ལྕི་སྐམ་ལ་བསྲེགས་ལ། དེས་བླངས་ན་ལོན་ནོ། །སྣ་ཁྲག་མ་ཆོད་ན། ཟན་དཔྲལ་བར་བསྙད་ལ་རྩེ་མོ་ལ་བེའུའི་ལྕི་བ་བསྐུས་ཏེ་མེ་ལ་བསྲོས་ནས་ཐེམ་བུ་ལྟར་དགག་གོ །དེས་འཆད་དོ། །སྣ་ཁྲག་ལ་རྟའི་སོག་པ་བསྲེགས་པའི་ཐལ་བ་སྣ་རུ་བུས་ཀྱང་འཆད་དོ། །དུས་སུ་མ་ཆོད་པར་གྱུར་ན། ལྕེས་དཔུང་པ་ལ་སླེབ་པའི་མར་རྩ་བསྲེག་གོ །སོ་ལ་སྲིན་བུ་བྱུང་ན། རྣ་ཆུང་བ་བསྲེགས་ན་ཕན་ནོ། །འབུ་གཟེར་ལ་སྲིན་བུ་དམར་ལེབ་དང༌། ཤིང་ཀུན་དང༌། གླ་རྩི་གསུམ་ཆང་ཕུལ་གང་ལ་བཏབ་ནས་བཏང་ན་ཞི་བར་འགྱུར་རོ། །ལྕེ་ཆུང་བབས་པ་ལ། གཡེར་མ། ཕོ་བ་རིས་བཏགས་ལ་ཁྱེའུ་སུས་སྟེང་དུ་མར་བསྐུས་ལ་དེའི་སྟེང་དུ་བླུགས་ལ་བརྡེག སྤྱི་བོར་མར་བསྐུ། རས་བལ་བཀབ་ལ་སླུ་གུའི་ནང་དུ་མེ་བཅུག་ལ་བསྲེག་གོ །སྤྱི་བོ་ནས་སྐྲ་ཚུམ་གཅིག་བཅིངས། འཕང་ལོ་ནས་བཏོན་ལ་གཅུད་དོ། །མཆུ་བད་ཀན་གྱིས་ན་བ་ལ། ཨ་རུ་ར། བུ་རམ་གཉིས་ཞིབ་པར་བཏགས་ལ། ཁྱེའུས་འཐུང་བའི་ནུ་ཞོ་ལ་སྦྱར་ལ་བསྐུ། དར་དམར་པོས་བཀབ་ལ་ཞག་གསུམ་བཞག དེ་ནས་བཤུ། དེས་འཚོ་བར་འགྱུར་རོ། །མཆུ་རལ་ན་དར་སྐུད་ཀྱིས་བཙེམས། བཅད་འབྱོར་དོམ་མཁྲིས་རྨ་ཁར་གདབ། སྟེང་དུ་གར་སྦྱིན་གྱིས་བསྡམས། མཆུ་མི་བསྒུལ། མི་བགད་དོ། །སོ་སྲ་བར་བྱ་བ་ལ་སྦང་མ། སེང་ཕྲམ། རུ་རྟ། པི་པི་ལིང༌། འབྲས་བུ་གསུམ་བཙོད་རྣམས་ཆ་བསྙམས་ལ་སྦྲང་རྩི་ལ་སྦྱར་ཏེ། ལྟོ་སྟོང་ལ་སོའི་ཕྱི་དང་རྙིལ་ཐོག་ཏུ་བྱུགས་ན་སྲ་ཞིང་བརྟན་པ་འགྱུར་རོ། །ཁོང་པར་ཁབ་སོང་ན། རི་བོང་གི་སྤུའམ། བྱ་རྒོད་ཀྱི་འདོམ་སྤུ་གང་རུང་དང༌། བག་ཕྱེ་སླ་ང་རུ་སེར་ཙམ་བརྔོས་པ་དང༌། འོ་མ་བསྲེས་པའི་ཐུག་པ། ནང་མ་གསུམ་ཙམ་གཏང༌། ཨ་རུ་ར་དང༌། ཚ་ལ་བསྲེས་ལ་བག་རེ་གཏང༌། ཟས་གཞན་མི་གཏང༌། སྐོམ་བསྐྱུངས། གན་རྐྱལ་དུ་ཉལ་ལ་འགྱུར་དུ་མི་གཞུག་གོ །དེས་ཕན་ནོ། །མིད་པར་རུས་པའམ། གྲ་མའམ། ཉ་རུས་ཟུག་ན་རས་བལ་ལམ། སྲིན་བལ་ལམ། དར་གསིང་ལ། རས་ཀྱི་སྐུད་པ་བཏགས་ལ་མིད་པ་འདས་ཙམ་དུ་མིད། སྐེའི་རྩ་བར་ཁུ་ཚུར་གྱིས་ཏུག་ཏུག་བྱས་ཏེ། སྐེ་ཕར་ལོག་ཚུར་ལོག་ལྔ་ཙམ་དུ་བྱ། དེས་སྔར་གྱི་སྐུད་པ་ནས་དལ་བུས་འཐེན་པས་འབྱུང་ངེས་སོ། །མི་ཆུས་ཁྱེར་བ་ཟིན་ན་ཁ་སྦུབ་ཏུ་བྱས་ལ། སྟེང་ནས་མིས་མནན་ལ་ཁ་སྣ་ནས་ཆུ་དབྱུང༌། ཡང་ན་ཕྱུགས་ལ་བཀལ་ལ་མགོ་འཕྱང་དུ་བཅུག་པས་སོས་སོ། །མི་འགགས་ན། ཐག་པ་མི་གཅད་པར་བཀྲོལ་ལ་ཁ་སྣ་ནས་ཐལ་མོས་བཀབ་ལ། དབུགས་དལ་གྱིས་གཏང་ངོ༌། །ཁ་ཟས་ཀྱིས་བརྣངས་པ་ལ། ལྟག་པར་ཁུ་ཚུར་གསུམ་དྲག་ཏུ་བརྡེག་གོ །སོག་དབྲག་ཏུ་གཉིས་བརྡེག་གོ །རླིག་པ་སྐྲངས་ན། རྨོང་གསེབ་ཀྱི་རྩ་ལ་མེ་བཙའ་བྱ། རྒྱབ་ཀྱི་མཁལ་གསང་བསྲེག་གོ །པགས་པ་རློན་པས་ལུམས་སུ་གཞུག་གོ །མཁན་པའི་ལོ་མ་རློན་པ་སླ་ངར་རྔོས། རས་ཀྱིས་ཕུར་ལ་དུགས་བྱ། མིག་ཁ་བས་ཕྱིད་བ་ལ། རང་གི་དྲི་ཆུས་བྱུགས་ན་ཕན་ནོ། །རྐང་པའི་སེར་ག་མ་སོས་ན་སྦྱིན་བཟང་པོས་བྱུགས་ནས། ཀྲད་དུམ་གཅིག་གླན་ན་སོས་སོ། །འཁྲུ་བ་བཅད་པ་ལ། ཚ་འཁྲུ་ལ། རྩ་ཚ་ལ་མྱུར་དུ་འཁྲུ། ལུས་སྟོབས་ཆེ་ལ་དང་ག་མི་བདེ། འཁྲུས་པ་དེ་ཆུ་རུ་བཅུག་པས་མི་འཇིག་པར་འདྲིལ་ན། ཚ་འཁྲུ་ཡིན་པས་ཐོ་རངས་ཀྱི་སྐར་ཆུ་ཐུབ་ཚད་འཐུངས་ན་འཆད་དོ། །གྲང་འཁྲུ་ནི་ལུས་སྟོབས་ཆུང་བ་དང༌། དང་ག་བདེ། འཁྲུས་པ་ཆུ་རུ་བཅུག་ན་འཇིག དེ་ལ་བཅུད་གཏང་ངོ༌། །ཆུ་འགགས་པ་ལ་སྤུ་ལྟག་ཏུ་གྲུ་བུ་བཅུག་ནས་སྣམ་བུས་རྒྱབ་འཆིང་བྱས་པས་འབྱུང་ངོ༌། །ཡང་ན་སྡིག་པ་ཀ་ཀ་རུ་དང༌། སྲིན་བུ་ཀ་ཀ་རུ་དང༌། གླ་རྩི་དང༌། སུག་སྨེལ། སྦུར་མགྱོགས་ཀྱི་ནང་ཤུན། ལྕམ་པ་རྣམས་ཆང་ཞིམ་པོ་དང་སྦྱར་ལ་གཏང་ངོ༌། །གྲུ་མོ་བུད་ན། དཔུང་པ་ནས་གཅིག་གིས་ཡར་འཐེན། གཅིག་གིས་ལག་ངར་ནས་མར་འཐེན་ལ། སྨན་པས་ལག་མཐིལ་གྱིས་མི་དྲག་པར་ནང་དུ་ཕུལ་བས་ཚུད་དོ། །དེ་ནས་ཕྱིན་པས་བསྡམས་ལ་མགུལ་དུ་གདགས། མེ་བཙའ་བྱའོ། །དཔུང་པ་བུད་ན་ཐག་པ་རིང་པོས་མཁྲིག་མ་ནས་བཏགས་ལ། སྨན་པས་ནད་པའི་མཆན་འོག་ཏུ་གྲུ་བུ་བཅུག་ལ་ཡར་འཐེན། གཞན་གྱིས་ཐག་པའི་སྣ་ནས་མར་ཐད་ཀར་འཐེན་ལ། ཐག་པའི་དཀྱིལ་དུ་བེར་ཀས་བརྡེག དེས་ཐེ་ཚོམ་མེད་པར་ཚུད་དོ། །མཁྲིག་མའི་ཚིགས་བུད་ན། མཐོངས་ཀ་མཉམ་པོ་རུ་ཕྱིང་པ་བཏིང་ལ། སྟེང་དུ་ལག་པ་ཁ་ཕུབ་ཏུ་བཞག རྐང་པས་མནན། སོར་མོ་རྣམས་ནས་ཀྱང་འཐེན། ཚུད་ནས་ལག་འགག་ལ་མེ་བཙའ་བྱའོ། །བརླ་དང་རྗེ་ངར་ཆག་པ་ཀུན་ཆིང་འདྲ་བར་བྱ་སྟེ། ཕྱིང་པ་དང༌། བྱང་བུའི་རིང་ཐུང་ལྷུ་ཚིགས་དང་མཉམ། བྱང་བུ་དང་ཕྱིང་པ་སོག་ཀར་བྱས་ལ་སྦོམ་པ་ལྷུ་ཚིགས་ཕྱོགས་སུ་གཏང༌། ཤ་དང་ཕྱིང་བའི་ཕྱོགས་སུ་རྟའི་ཟེ་རྔོག་དང༌། རྩིད་པ་གཏང༌། སྤྱིར་ལྷུ་གཅིག་ཆག་པ་ལ། ལྷུ་གཉིས་བཅིང་ངོ༌། །འཇར་དང་སྲད་བུ་དམ་ལྷོད་རན་པར་བྱ། རྨ་ཡོད་ན་ཐད་དཀར་འཛག་སྒོ་གཏོད་དོ། །རྐང་ལག་ཆག་པ་འོག་ཏུ་མི་གཞུག རྐང་པ་བསྙམས་ལ་གན་རྐྱལ་ཏུ་ཉལ་ལོ། །དཔྱི་ཆག་པ་ལ་ས་སྐྱོང་མོར་བརྐོས་ལ་རྩ་མཐུག་པོ་བཏིང་ལ། མ་ཆག་པ་འོག་ཏུ་བཅུག་ལ། ཆག་པ་ལ་བོང་སྤུ་དང་སྦྱིན་བཟང་པོས་ཧེལ་གྱིས་གླན་ལ་འཕོངས་སུ་འཛག་ཁུང་བྱས་ལ་འགུལ་དུ་མི་གཞུག རྐང་པ་མཉམ་ལ་གན་རྐྱལ་དུ་ཉལ་ལོ། །ཞག་ཉི་ཤུ་རྩ་གཅིག་ན་འབྱོར་བ་འདྲ་ན་མེ་བཙའ་བྱ། ཁོང་པ་ན་བ་དང༌། ལུས་པོ་ཟ་བ། འབྲུམ་པ་མང་པོ་འོང་བ། ཁྱད་པར་དུ་གྲང་ན་ཟ་བའི་ཆུ་སེར་ལ། ཉེའུ་ཕུལ་གང་ལ་ཚ་བ་གསུམ་མང་དུ་བཏབ་སྟེ། བུ་རམ་རྡོག་པོ་གཅིག་བཏབ་ལ། མ་འདྲེག་པར་དཀྲུགས་ཤིང་བསྐོལ། དྲོད་མ་ཡལ་བ་ལ་ཕྱེད་བཏང་ལ་སྟེང་ནས་གོས་ཀྱིས་བྱིབས་ལ་རྡུལ་གདོན། ཡང་ཕྱེད་འཕྲོ་བཏང་ལ་བྱའོ། །ཆུ་སེར་གྱི་ཕྱི་བཤལ་ཟབ་བོ། །སྲིན་ནད་ལ་བོང་ང་ནག་པོ་སྲན་མ་ཙམ་གཅིག་དང༌། འབྲི་མོག་གི་རྩི་བཞུར་བ་ལ་བཏབ་སྟེ་བཏགས་ལ། མར་དཀར་ལ་རིལ་བུ་མཐེབ་ཚིགས་ཙམ་གསུམ་བྱས་ལ་དེ་ནས་གསང་ཆབ་ལེགས་པོ་བྱས་ལ་མེ་ལ་བསྲོས་ཏེ་དྲོས་པ་དང༌། སྨན་གྱི་རེང་བུ་མས་ཡར་གཏང་ངོ༌། །དེས་ངེས་པར་སེལ་ལོ། །ཕྱུགས་ཅིས་སྤོས་ཀྱང་རྔ་སྙིང་བསྲེགས་པས་ཞི་བར་འགྱུར་རོ། །ཕྱུགས་ཀྱི་ཁོང་དུ་ཁབ་རྒྱུད་སོང་ངམ། སེམས་ཅན་སོང་ན། ཚ་དང་མར་བསྲེས་ནས་ཁ་རུ་བཅུག་པས། ཕྱག་ཕྱག་ཟེར་ན། ད་ལྟ་རང་སོས་པར་འགྱུར་རོ། །རྨའི་ཁྲག་མ་ཆོད་ན་རྟ་སྦངས་དྲོན་མོའི་ཁུ་བ་བཙིར་ན། ཇི་ལྟ་བུ་ཡང་ཆོད་པར་འགྱུར་རོ། །ཇ་ལ་བསྲེས་ནས་བཏང་ན་ཡང་ཆོག་གོ །རྣ་བར་སེམས་ཅན་སོང་ན་མཁན་པའི་ལོ་མ་བརྡུངས་པའི་ཁུ་བ་བླུགས་ན་འབྱུང་ངོ༌། །ཡང་ན་བཙོང་གི་ཁུ་བའམ། སྐྱེས་པའི་ས་བོན་བླུགས་པས་འབྱུང་ངོ༌། །རྣ་བར་སྲན་མའམ་འབྲུ་སོང་ན། སྐུད་པ་ཀློད་ཀློད་ལ་སྦྱིན་བཟང་པོ་བསྐུས་ལ། སྲན་མ་ལ་སྦྱར། གྲངས་པ་དང་འཐེན་པས་འབྱུང་ངེས་སོ། །རྣ་བར་ལུག་ཤིག་སོང་ན། ཆང་བཟང་པོ་ཉལ་ཁར་བླུགས་པས་འབྱུང་ངོ༌། །ར་ཤིག་པ་སོང་ན། གཡེར་ཆུ་བླུགས་པས་འཆིའོ། །རྣ་བ་ནས་རྣག་ཡུན་རིང་པོར་འཛག་ན་ཤིང་ཀུན་ཚ་ཆུ་ལ་བཙོས་མ་ཐིགས་པ་གསུམ་བླུགས་པས་ཆད་དོ། །རྣ་བ་ཀྲོག་ཀྲོག་ཟེར་ཞིང༌། ཆུ་སེར་འབབ་པ་ལ། དན་ད་དང༌། ཐར་ནུ་སྦྱར་ལ་གཏང༌། རྣ་བ་འོན་པ་ལ་ཤུ་དག་དང་བྱ་བྲུན། ཝ་ཤ་བསྲེས་པའི་ཤ་རྣམས་ཆ་བསྙམས་ཏེ། མར་ནག་གི་ནང་དུ་གདུས་ནས་རྣ་བར་བླུགས་ན་ཐོས་པར་འགྱུར་རོ། །རྣ་བ་དབྱེ་རུ་བཏུབ་མི་བཏུབ་བརྟག་པ་ནི། རྣ་བའི་ནང་ལྗན་ལྗིན་གྱིས་གང་ནས་མདོག་སྣུམ་ན་བཏུབ། སོང་ངེ་བྱས་ནས་སྐྱ་ན་མི་བཏུབ་བོ། །དེ་ལ་དང་པོ་སྦྱང་བ་ནི། ལ་ཕུག་གམ། སྒོག་སྐྱ་གང་རུང་གི་ཁུ་བ་དང༌། མར་ནག་ལ། སྒ། རྒྱམ་ཚ། ཚ། ཡུང་བ་བཏབ་ལ། རྣ་བར་བླུགས་པ་ལ་བལ་གཙང་མས་དགག ཞག་གསུམ་དེ་ལྟར་བྱས། དེ་ནས་ལུག་མགོ་རྙིང་པའམ། ཉུངས་མ་བརྡུངས་པ་བཙོས་པའི་རླངས་པས་བདུག དེ་ནས་དབྱི་མོའི་ལོ་མ་དང༌། ཤིན་ཀུན། ལ་ཕུག་སྐམ་པོ། །སྒོག་སྐྱའི་ཁུ་བ་སྦྱར་ལ་གཏང༌། སྦང་མའི་ཟན་དྲོན་གླན་ལ་དཀྲི། དེ་ནས་ཉི་མ་ཕྱེད་ཙམ་གཅིག་ནས། བཏུབ་ཚད་འབྲུ། རྔབ་རུས་དྲང༌། ཡང་སྔར་ལྟར་བྱ། དེ་ལྟ་བུ་ལན་གསུམ་བྱས་ན་ཕྱེད་ངེས་སོ། རྣ་བའི་བཤལ་ལ། རྒྱ་ཚ། གསེར་གྱི་ཕུད་བུ། ཤུ་དག སྒོག་སྐྱ་བཞི་ཆ་བསྙམས་ལ། རུ་རྟ་བག་ཙམ་གཅིག་དེ་རྣམས་ཞིབ་པར་བཏགས་ལ་བལ་གཙང་མའི་ཁུད་དུ་གྲིལ་ལ། སྒོག་ཆུར་བཅུག་ཅིང༌། རྣ་བར་ཐིགས་པ་གསུམ་བཏིག་གོ །ཞག་གཉིས་སུ་ཉིན་རེ་ལ་ལན་གསུམ་གསུམ་བཏིག་གོ །དེ་ནས་ལྕགས་ཀྱི་སྦུ་གུ་རྣ་བར་བཅུག་ལ་བཞིབས། བག་ཙམ་དཀའ་ནའང་སྨན་གཏང༌། དེས་རྣ་བའི་ནད་ཐམས་ཅད་མེད་པར་འགྱུར་རོ། །ཡང་རྣ་བ་འོན་པ་ལ། གླ་རྩི། ཁ་རུ་ཚ། ཤིང་ཚ། ཤིང་ཀུན། རྨ་བྱའི་མདོངས། ལ་ཕུག རུ་རྟ། ཨུག་ཆོས་ཀྱི་རྩ་བ་རྣམས་མར་ཁུ་རྙིང་པའམ། མར་རྙིང་པ་ལ་སྦྱར་ལ། ཐིགས་པ་གསུམ་བླུགས་ལ་བཀྲུའོ། །ཝ་བ་བཅོས་པ་ལ་ཨོལ་གོང་བཅུ་གསུམ། ཉ་ཤ་མཐེ་བོང་ཙམ་གཅིག ཤིང་ཚ་སོར་བཞི། ཝ་ཚ། སྒ། བཟང་དྲུག ཀ་ར་བམ་གཅིག འདི་བརྟག་སུ་སྲང་གཅིག རུ་རྟ་ཆོ་ལོ་ཙམ་གཅིག ཨུཏྤལ་སྔོན་པོ་རྣམས་ཀྱི་ཕྱེ་མ། སྒ་སྦར་མོ་གསུམ་གདུས་པའི་ཁུ་བ་དྲོད་མ་ཡལ་བ་ཆང་ཕུལ་གང་བཏབ་ལ། གོས་ཀྱིས་བྱིབས་ལ་བཞག སྐྱ་སྦོས་བྱུང་བ་དང་ཐོ་རང་ཁྱེམ་བུ་གསུམ་གསུམ་གཏང་ངོ༌། །དེ་ནས་ཤིགས་པའོ། །ཨོལ་གོང་ལོ་ལོན་པ་བདུན། རྒྱ་ཚ་སྲན་མ་ཙམ་གཅིག བ་ཤ་ཀ་རིལ་མ་ཙམ་གཅིག ཝ་ཚ་མཐེ་བོང་ཙམ་གཅིག ཏིག་ཏ་སོར་ལྔ་ཙམ་གཅིག ཀ་ར་བརྡར་གཅིག སྤང་རྒྱན་དཀར་པོ་རྩ་བ་དང་བཅས་པ་བདུན། དེ་རྣམས་ཞིབ་པར་བཏགས་ལ། ཐོ་རངས་ཁྱེམ་བུ་དོ་དོ་བཏང༌། དེས་རྗེས་གཅོད་དོ། །ཆུ་རྩ་སོར་དྲུག སྒ་སྐྱ་རྡོག་པོ་ལྔ། ཛཱ་ཏི་སྲན་མ་ཙམ་གཅིག ཝ་ཚ་མཐེ་བོང་ཙམ་གཅིག སུག་སྨེལ་ཐུན་གཅིག་སྨན་སྒ་རྡོག་པོ་གཅིག དེ་རྣམས་ཞིབ་པར་བྱས་ལ། སྦྲང་དང༌། བུ་རམ་གྱིས་རིལ་བུ་བྱས་ལ་ནང་རེ་ལ་རེ་རེ་གཏང༌། དེས་ཕྱིས་མི་ལྡང་བར་བྱེད་དོ། །ཆུ་འགགས་པ་ལ། ཨ་རུ་ར་དང༌། རྒྱ་ཚ། རྒྱ་སྐྱེགས། ཉི་དགའི་འབྲས་བུ་དང་སྦྱར་ལ་གཏང་ངོ༌། །ཉི་དགའ་གཅིག་པུས་ཀྱང་སེལ་ལོ། །རྩ་བ་ལྔའི་སྨན་མར་ལ། ཀ་ཤོ་ཀན་དྷ། གཟེ་མ། ར་མོ་ཤག ཉེ་ཤིང་བ། ལྕ་བ་རྣམས་ལན་གསུམ་གདུས་པའི་ཁུ་བ་དང་མར་སྦྱར། དེ་གདུས་པ་དེ་ཆུ་ཆོར་བ་དང༌། མར་ཉི་ཚེ་ལུས་པ་ངང་ཕོག་ལ་འབྲས་བུ་གསུམ་དང༌། རུ་རྟ། རྒྱམ་ཚ། སུག་སྨེལ། བུ་རམ་དང༌། སྦྲང་རྣམས་ལེགས་པར་སྦྱར་ལ་རས་སུ་དཀྲུག་གོ །དེས་ནི་མཁལ་ནད་ཆུ་སེར་དང༌། རུས་ནད་ལ་སོགས་ཞི་བར་བྱེད་དོ། །དེ་བལ་ལ་སོགས་པ་ལའང་དེ་བཞིན་དུ་ཤེས་པར་བྱའོ། །གློ་བའི་ནད་ལ་བསེ་རུ་ཆ་གཅིག ཤ་བའི་གྭ་དོར་དེ་ཙམ་གཅིག རྒྱ་རུ་བསེ་རུ་ཙམ་བཞི། ཨ་ཀྲོང་བསེ་རུ་ཙམ་བརྒྱད། དེ་རྣམས་ཞིབ་པར་བཏགས་ལ། ཀ་ར་དེའི་བུངས་མཉམ་པར་སྦྱར་ལ་གཏང་ངོ༌། །རུ་རྟ་ཆ་གཅིག ཨ་རུ་ར་དེའི་ཉིས་འགྱུར། ཆུ་དྲོ་བ་ལ་སྦྱར་ལ་བཏང་ན་རྐེད་པ་ན་བའི་ཟུག་གཟེར་འཇོམས་སོ། །བུ་རམ་དང་འོ་སྐོལ་དྲོན་མོ་བཏང་བས་ཕན་ནོ། །རུ་རྟ་དང༌། ཤུ་དག་ཞིབ་པར་བཏགས་ནས་བུད་མེད་ནུ་ཞོ་ལ་སྦྱར་ཏེ་མིག་ཏུ་བླུགས་ན་ནད་ཐམས་ཅད་སེལ་ལོ། །སྒོག་སྐྱ་མེ་མདག་སྐམ་པོའི་ནང་དུ་བསྲོས་ནས། དེ་བཙིར་བའི་ཁུ་བ་རྣ་བ་གང་བར་བླུགས་ན་རྣ་བ་འོན་པ་སོས་སོ། མིག་དམར་ལ་ཚགས་པ་ལ། འབྲས་བུ་གསུམ་ཆ་བསྙམས་ཏེ་བུད་མེད་ཀྱི་ནུ་ཞོ་ལ་སྦྱར་ནས་བསྐུས་ན་སོས་སོ། །དྲི་ཆུ་འགགས་པ་ལ། རྒྱམ་ཚ། སྡིག་པ་ཀ་ཀ་རུ། སྲིན་བུ་ཀ་ཀ་རུ། རྒྱམ་ཚོ་གསེར་གྱི་བྱེ་མ། ཚ་བུལ་མེད་པ། དུད་པ་རྣམས་ཆ་བསྙམས་ནས་གཏང་ན་འབྱུང་ངོ༌། །གླང་ཐབས་བཅོས་པ་ལ་བཞི་སྟེ། འབུ་གླང་ནི་ཧ་ཅང་མི་སྦོ། རྒྱུ་མ་ཚ་རབ་རབ་འོང༌། དེ་ལ་གླ་རྩི་དང༌། སྒོག་སྐྱ་རྣམས་སྦྱར་ལ་གཏང་ངོ༌། །ཚ་གླང་ནི་ཧ་ཅང་མི་སྦོ། །ཉི་མ་ཚན་དེའམ། ཟས་བཅུད་ཅན་གྱིས་ལྡང༌། དེ་ལ་ལོང་རྩ་གཉིས་གཏར་ལ་བསིལ་སྨན་གཏང་ངོ༌། །གྲང་གླང་ནི་གྲང་བ་ལ་རྐྱེན་ནས་ལྡང༌། དེ་ལ་རོ་སྨད་ལ་དུགས་དང་བསྐུ་བྱུག་བྱ། པི་པི་ལིང༌། བཅའ་སྒ། ཨ་རུ་ར་རྣམས་ཆང་ངམ་ཆུ་ལ་སྦྱར་ལ་གཏང༌། སྣ་བཅགས། དེས་མ་ཕན་ན། ལྟེ་བ་བསྲེག་གོ །རླུང་གླང་ནི། རླུང་གྱེན་དུ་ལོག་པས་གསུས་པ་ཐེར་གྱིས་སྦོས་ཏེ། དེ་ལ་དུགས་དང་བསྐུ་བྱུག་བྱ། རེང་བུ་བྱ། དེས་མ་ཕན་ན་གསུས་པར་ཨན་ཚུགས་སུ་བསྲེག་གོ །བད་རླུང་གིས་མིག་འགྲིབ་ན། ལྟག་པའི་བདུད་ཁུང་གཡས་གཡོན་དུ་སྤུ་འཁྱིལ་པའི་གནད་ཡོད་དེ། དེར་མནན་ན་མིག་ན་བའམ། བེམ་པོར་ཚོར་བ་འོང༌། དེར་ཐུར་མ་སོར་གསུམ་འཕངས་ན་མིག་འགུལ་བས་ཐུར་མ་འགུལ་ལོ། །རྨ་ཁར་སྤྲ་བ་གསུམ་བཞག་གོ །ཡང་རྟིང་པའི་ཆུ་བའི་དཀྱིལ་དུ་ཐིག་གདབ། །འཕྲེད་ལ་དྲེག་མཚམས་སུ་ཐིག་གདབ་པའི་བྱ་རོག་རྗེས་ལ་ཐུར་མ་ཐེབ་སོར་གང་བརྡེག མིག་འགུལ་ན་ཐུར་མ་འགུལ་ལོ། །རྗེས་ལ་སྤྲ་བ་གསུམ་བཞག དེས་རབ་རིབ་སེལ་ལོ། །ཚད་རྙིང་རུས་པ་ལ་ཞེན་པ་ལ། རྒྱ་སྣེ་བཞི་སྦྱོར་ཞེས་བྱ་སྟེ། རྒྱ་སྣེའུ་དང༌། རྒྱ་ཚ་དང༌། ཨ་རུ་ར་དང༌། ཚ་བ་ཆེ་ན། སྐྱུ་རུ་ར་ཡང་གཏང༌། མཁྲིས་པ་ཆེ་ན་བཟལ་མོའི་ཆུ། གྲང་བ་ཆེ་ན་ཚང་ལ་སྦྱར་རོ། །དེ་ནས་སྨན་བཏང་ལ་འོག་ཏུ་ཐལ་བ་བཏིང་ལ་སྟེང་ནས་མལ་ཆ་མང་པོས་གཏིབས་ནས་རྡུལ་དབྱུང༌། དེ་ནས་ཕྱེས་དབྱིའོ། །ལན་གསུམ་གྱིས་རུས་པའི་ནད་ཐོན་པར་འགྱུར་རོ། །ཁྱིས་རྨུགས་པ་ལ། བཟུང་མ་ཐག་ཏུ། ཆུ་ངན་གྱིས་བཀྲུས་ལ། ར་སྤུ་དང་ཁྱི་སྤུས་མནན་ལ། ར་སྐུད་དང༌། ཁྱི་སྐུད་ཀྱིས་བཅིང༌། སྤྱོད་ལམ་གང་ཡང་བསྲུང་མི་དགོས་སོ། །ཤུ་བ་ལ། ཏི་ཚ། མུ་ཟི་ནག་པོ་ཀ་རའི་སྐོགས་པ་བསྲེགས་ལ། སྒོག་སྐྱ་དྲུང་བ་གཅིག དུད་པ། ར་ལུག་གི་སོག་པའི་ཐལ་བ། ར་སྤུ། ཁྱི་སྤུའི་གཞོབ། བྱ་རློག་རློག་པའི་འབྲས་བུ། འབྲང་གི་སྐྲད་རྙིང་གི་གཞོབ། རི་བོང་གི་རིལ་མ་བདུན། དེ་རྣམས་ཞིབ་པར་བཏགས་ལ། མིའི་ཞུན་ནམ། ཚིལ་བུ་ལ་སྦྱར་ལ་བསྐུ། ཉི་མ་ལ་གདུང་ངོ༌། །ཤུ་བ་ཇི་ལྟ་བུ་ཡང་སོས་སོ། །མེས་ཚིག་པ་ལ། ར་དང་བོང་བུའི་མཆེར་བའི་ཁྲག སྐྲད་སྙིང་པའི་གཞོབ། སྟག་ཤ་བ། མཁྲིས་པ་རྙེད་ཚད། རྡོ་ཕ་བོང་ལོང་བུ། ཆུ་བའི་ཐལ་བ། ཀ་རའི་སྐོགས་པའི་ཐལ་བ། རྒྱ་སྣག དུད་པ། བུལ་ཏོག ཉ་ལྕིབས་སྐམ་པོ། ཁྱེའུས་འཐུང་བའི་ནུ་ཞོ་ལ་སྦྱར་ནས་བསྐུའོ། །ཇི་ལྟ་བུ་ཡང་འཚོ་བར་འགྱུར་རོ། །ནད་བཅོས་ཐབས་མཛུབ་ཚུགས་སུ་བསྟན་པའི་མན་ངག་ཡང་དག་པ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ། གསོ་དཔྱད་བདུད་རྩིའི་ཐིགས་པ་ལས། འཐོར་དཔྱད་རྒྱལ་པོའི་དཀོར་མཛོད་ཅེས་བྱ་བའི་ལེའུ་རྫོགས་སོ།།  །།སྨན་ལ་ཐུན་ཚད་གོང་ནས་བཤད་པ་བཞིན་བྱ། ཐུན་ཚད་མ་བཤད་པ་རྣམས་ནི་མཐུན་སྦྱོར་ཞེས་བྱ་བ་ཡིན་པས། ཆེ་ཆུང་མི་ལྟའོ། །ས་མ་ཡ། ན་ར་སྐན། ས་མཱཔྟ་མི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །དུག་གསོ་བྱེད་བདུད་རྩི་འཕེལ་བྱེད་ཅེས་བྱ་བ་འདི་ལ། དང་པོ་ཡིན་མིན་བརྟག་པ་ནི། མིག་སྤྲིན་སེར་ལ་ནག་པོའི་ཐིག་ལེ་འོང༌། དེ་ནད་གཞན་ལ་འོང་བས། རྐེད་པ་མན་ཆད་ཆུ་རུ་བཅུག་པས། དར་གཅིག་ནས་ཕྱུང་ལ་མེ་ལ་བསྲོས་པས་ཐམས་ཅད་ནག་པོར་སོང་ན་ཡིན། སོའི་རྩ་བ་དང༌། སེན་མོ་མདོག་མི་གཅིག་པ་དང༌། རྙིལ་དང་སོ་སོར་འབྱེ་བ་འོང༌། དེ་ལ་ཉའི་ཤ་བསྲེགས་ནས་ཟོས་པས་བརྩེན་ཡིན། སེན་མོའི་མདོག་མ་གྲུགས། སེན་མོ་དམར་པོ་ལ་ནག་པོའམ། སྔོན་པོའམ། སེར་པོའི་སྤུ་རིས་འབྱུང༌། དེ་ལ་ལུས་པོ་ཐམས་ཅད་ལ་ར་ཁྲག་བྱུགས་པས། སེན་མོ་ཐམས་ཅད་མདོག་ནག་པོར་གྱུར་ན་ཡིན། ཤ་མདོག་ཉམས་ནས་སྔར་བས་སྔོ་ལ་རློག་བུ་ཅན་དུ་འོང༌། དེ་ལ་ལུས་པོ་ལ་ལུག་གི་སློས་བྱུགས་ལ། པགས་རློན་གྱིས་དཀྲིས་པས་ནག་པོའམ། སྔོན་པོའམ། སེར་པོའི་རི་མོ་བྱུང་ན་ཡིན། ལྕེའི་ལོགས་སམ་སྟེང་དུ་མདོག་མི་གཅིག་པའི་ཐིག་ལེའམ། སྤུ་ཤད་ལྟ་བུ་འབྱུང༌། དེ་ལ་རྩ་གཉིས་གཏར་ལ་ཁྲག་དང་ཆུ་རྩ་གཉིས་ཆང་ལ་བཏབ་སྟེ། དེ་བསྐོལ་ནས་ལྕེ་ཐམས་ཅད་སྔོན་པོར་སོང་ན་ཡིན། ཆུ་གཙང་གི་ནང་དུ་ན་བ་དང༌། མི་ན་བའི་མཆིལ་མ་བཏབ་པས། ན་བའི་གཏིང་དུ་འགྲོའོ། །མི་ན་བའི་ཁ་རུ་འོང༌། ནད་པའི་དྲི་ཆུ་དྲོན་མོ་ལ་ན་བ་དང༌། མི་ན་བའི་སྐྲ་དུས་གཅིག་བཅུག་པས། ན་བའི་སྐྲ་ཚིག་ནས་ཕོས་ཕོས་འཆད། ཀྱག་ཀྱོག་དུ་འགྲོ། མི་ན་བའི་སྔར་བཞིན་འོང་ངོ༌། །མཁར་སྒོང་བསྲེགས་པ་ལ། ན་བ་དང༌། མི་ན་བའི་མཆིལ་མ་བསྐྱུར་བས། ན་བའི་མཆིལ་མའི་ཐལ་བ་ནག་པོར་འོང༌། མི་ན་བའི་དཀར་པོར་འོང༌། ལྡུམ་བུ་རེ་རལ་ཚུམ་གཅིག་ཞིབ་པར་བཏགས་ལ་འོ་མ་ལ་བཏབ་ལ། ཁོང་དུ་བཏང་བས་ནད་ཚབས་ཆེ་ན་སྐྱུག་གོ །ཆུང་ན་སྐྱུགས་ལོག མི་ན་བ་ལ་བཏང་ན་ཅི་ཡང་མི་འོང༌། ཁོང་ན་དུག་ཡོད་ན་དྲི་ཆུ་དུད་ཁ་མཐའ་སྐྱ་འོང༌། སྙིང་མི་དགའ། ཚིག་པ་ཟ། སྔར་མི་འོང་བར་རྔུལ་སྐབས་སུ་ཡོང༌། རྐང་ལག་ས་ལ་བཙུགས་ན་བརྩེ། གམ་མིག་མི་མཐོང༌། རྒྱང་མིག་གསལ། ལྕེས་ཟས་ཀྱི་རོ་མི་ཚོར། མཆུ་སྦྲིད། གྲེ་བ་ཚ། ཚིགས་གཞི་སྦྲིད་ཅིང་ཁོལ། གསར་རྙིང་གང་ཡིན་ཀྱང་དང་ག་འགགས། སྒྱིད་བསྐྱུར། ཆ་ཡིས་ཉམས་ལྕི། གཉིད་ཆེ། སེམས་ལ་མེ་དང་ཉི་མ་འདོད་དེ་འདུག་ན་མེ་དང་ཉི་མ་ལ་མི་ཚུགས་པར་གྲིབ་མ་འདོད་དེ། གྲིབ་མ་ལ་ཡ་མི་ཚུགས། ཡུལ་སྡུག་པ་མཐོང་ཡང་མཚན་མ་མི་ལྡང༌། རོ་ཙ་བ་མེད། གསར་རྙིང་གང་ཡིན་ཀྱང༌། སྐབས་སུ་མིག་མི་གསལ། མཆིན་པ་དུག་གི་ཞང་པོ་ཡིན་པས་གཙོ་བོར་ན་བ་འོང༌། དེ་ལ་བབས་ན་བཅོས་པ་ཡང་དཀའ། བྱུང་མ་ཐག་མགོ་དང་ཕོ་བ་ན། འཁྲུ་སྐྱུག་གང་ཡིན་གཅིག་བྱེད་ཉེན་ཡོད། སྔར་ནས་ཡོད་པའི་ནད་གཞི་གང་རུང་དང་བསྡོངས། ཕྱི་རྟགས་སུ་དུག་གསར་པ་ཡིན་ན། དབུགས་ཤིན་ཏུ་མི་བདེ། དུག་རྙིང་པ་ཡིན་ན་གློ་ཆུང་འོང༌། ཁ་མཆིལ་མར་སྐྱུར་སྙིང་འདོད། ཁྱད་པར་གྱི་རྟགས་འདི་ཡིན་ཏེ། འབྲུམ་པ་དམར་པོ་ལུས་ལ་གཏམས་བྱུང་ནས་རེས་ཞི། རེས་འོང་བྱེད་ན་སྨིན་པའི་རྟགས་ཡིན་པས། གསོ་རུ་མི་རུང༌། དེ་ལ་སྨན་མི་གཏང་ངོ༌། །གཞན་གོང་གི་རྟགས་རྣམས་དང༌། ཐོར་བུ་བག་ཙམ་བད་ཀན་ལ་སོགས་ནད་གཞན་ལ་ཡང་འབྱུང་བ་ཡོད་པས། རྟགས་འདི་རྣམས་ཕར་ཆེར་བྱུང་ན་དུག་ཡིན་ནོ། །ཡིན་ངེས་པའི་རྟགས་ནི། དངུལ་ར་མེད་པ་ལ་བུག་པ་ཕུག་སྟེ། སྐུད་པ་བཏགས་ལ་ཁར་བཞག ནུབ་གཅིག་བཞག་པས་ཤིན་ཏུ་ནག་ཅིང༌། སྣག་ཚ་བཟང་པོ་བཞིན་དུ་འགྱུར་ཏེ། དེ་དྲག་ཏུ་ཕྱིས་ན་མེད་པར་འགྱུར་རོ། །ཕྱི་བ་དཀའ་ན་འཚོ་བ་དཀའ་བ་ཡིན། ཡང་ཁྱད་པར་གྱི་རྟགས་ནི། རྨ་བྱའི་མདོངས་མར་ལ་གཏུམས་ཏེ། མིད་པས་དུག་ཡིན་ཀྱང་ཡིན་ལ་བཅོས་ཀྱང་མི་བཏུབ་ན་རུལ་ནས་འགྲོའོ། །དེ་ལ་མི་འཇུག་གོ །ཚབས་ཆེ་ན་རི་མོ་ཡལ་ནས་འགྲོ། དེ་ལ་སྨན་དང་སྟོབས་འདྲེན། ཚབས་ཆུང་ན་གཡའ་ཡལ་ཙམ་འབྱུང༌། བཅོས་དཀའ། གཞུང་དང་མཐུན་ནོ། །ཁོང་ན་དུག་མེད་ན་ཁོང་ན་ཚད་པ་ལ་སོགས་ཇི་ལྟར་ཡོད་ཀྱང་རི་མོ་ས་ལེའང༌། དེ་ལ་བཅོས་ཀ་ཡང་མི་དགོས་སོ། །ཡང་ནད་པ་རང་གི་དྲི་ཆུ་བར་པ་ལ་མུར་གོང་གི་སྐྲ་ཕྱི་ལ་གཞུག དུག་ཡིན་ན་རྒྱུས་པ་ཐབ་ཏུ་བཅུག་པ་བཞིན་འགྲོའོ། །མི་འཚོའི་རྟགས་ནི། དབུགས་ཐུང་ལ་ཕྲག་པ་གཉིས་ལ་འབྲུམ་པ་ནག་པོ་འབྱུང་བ་དང༌། ལུས་ལ་འབྲུམ་པ་དམར་པོ་བྱུང་ནས། དེ་ནས་ནག་པོར་འགྱུར་བ་དང༌། སོར་མོ་རྣམས་ལ་ཚེར་མ་ཟུག་པ་སྙམ་བྱེད་པའི་འབྲུམ་པ་འབྱུང༌། དྲི་ཆེན་དང་དྲི་ཆུ་ཡང་ནས་ཡང་དུ་སྡོམ་པར་བྱེད་པ་རྣམས་ནི་གསོ་རུ་མི་རུང་ངོ༌། །ཡང་ཁ་ཅིག་ལ་རྟགས་དེ་དག་མེད་ཀྱང༌། ཤ་རུས་མིག་ཏུ་སོང་སྟེ། ལུས་ཟུངས་ཟད་ན་གསོ་རུ་མི་རུང་བ་ཡིན་ནོ། །རྟགས་གོང་མ་རྣམས་གང་བྱུང་ཡང་གསོ་བར་བྱ་སྟེ། དང་པོ་བསོད་ནམས་ཀྱི་ཚོགས་བསག གདོན་བཅོས་ལ་སོགས་བྱའོ། །དེ་ལ་དུག་ལུས་གང་ལ་ཁྱབ་ཀྱང་ཕོ་བར་བསྡུ་བའི་མན་ངག་ལ། སྔ་དྲོའི་ལྟོ་བསྲུང༌། ཕྱི་དྲོའི་ཟས་ལ་ནན་ཏན་བསྐྱེད། ལྟོ་སྟོང་ལ་ཨ་རུ་རའི་ཐང་ཞག་བདུན་ལ་སོགས་པར་གཏང༌། དེ་ནས་སུམ་ཡར་དུ་གཏང༌། སྤྱོད་ལམ་ནི། མེ་དང་ཉི་མ་བུད་མེད། ངལ་དུབ། སྨྲ་བ་མང་པོ་རྣམས་བསྲུང༌། སྨན་གཏང་བའི་དུས་སུ་བུད་མེད་ཀྱིས་མཐོང་དུ་ཡང་མི་རུང༌། ཟས་དཀར་གསུམ་མཐའ་དག་སྤང༌། ཉ་ཤ་དང༌། རི་བོང་གི་ཤ་དང༌། བཤུལ་ཆགས་ཀྱི་ཤ་རྣམས་སྤང༌། ཕོ་བ་ན་ཧྲིལ་ཧྲིལ་བྱུང་ན་ཨ་རུ་རའི་ཐང་མ་ཞུ་བ་ཡིན་པས་འཕྲོ་བཅད། ཆང་གསར་པ་དང༌། ཤ་གསར་པ་ཉམས་དང་སྦྱར་ལ་བསྟེན། དེ་ཡང་ཆང་མང་ན་མི་དགའོ། །དེ་ནི་སྨན་གྱིས་གཞི་བཟུང་ཞིང༌། ནད་བསྡུ་བའི་མན་ངག་ཡང་དག་བའོ། །དངོས་གཞིའི་སྨན་ནི། ཟངས་མ་བཟང་པོ་སྒོང་ཤུན་ཙམ་དུ་གླེབས་པ། མུ་ཟི་དྲི་ཆུས་ལྡེ་གུ་བྱས་ལ་དེ་ལ་བྱུག ལུགས་ཕོར་དུ་བླུགས་ལ། ཁ་ལྕི་བས་ལེགས་པར་བཅད་དོ། །སྦུད་པའི་སོལ་མེས་ལེགས་པར་བཞུ་བདེ་ལེགས་པར་བཏགས་ཏེ། དེ་ནས་ཆུ་བྲེ་གང་ལ། ཨ་རུ་ར་བཅུ་གཅིག་ལེགས་པར་སྦངས་ཏེ། དེ་མེ་མི་ཆེ་བས་བསྐོལ། བ་ཆུ་ཅུང་ཟད་བསྐམས་ཙ་ན། བ་ཆུ་རིམ་གྱིས་བསྣན། ཨ་རུ་རའི་རྡོག་པོ་རིམ་གྱིས་བཏོན་ཏེ། ཁབ་ཀྱིས་གཙགས་པས་ཁུ་བ་རྣམས་ཅི་མྱུར་གྱིས་ཐོན་ནས་འོང༌། དེའི་ཁུ་བ་ཁྱོར་རེ་ལ་ཟངས་ཐལ་གསེར་ཞོ་རེའི་བོངས་ཙམ་རེ་ལྟོ་སྟོང་ལ་གཏང༌། དེ་ནས་ཀ་ར་དུམ་རེ་མུར་རོ། །དེས་དུག་དམུ་ཆུ་སོང་བ་ལ་ནི་དམུ་ཆུའི་འཕྲུལ་ཆགས་སུ་འགྱུར་རོ། །ལྟོ་སྟོང་ལ་བཏང་བས་ཞག་བདུན་གྱིས་ངེས་པར་དུག་ནད་སེལ་ལོ། །རྗེས་ལ་བཅུད་གལ་ཆེའོ། །མི་དེའི་དང་པོ་ནས་ནད་གཞིའི་བྱེ་བྲག་ཤེས་པར་བྱ་སྟེ། བད་ཀན་དང་ཁྲག་ཤས་ཆེ་ན། བཟལ་ཆགས་ཀྱི་ཆུ་ལ་སྦྱར། རླུང་ཤས་ཆེ་ན་ཆང་ལ་སྦྱར། མཁྲིས་པ་ཤས་ཆེ་ན་བ་ནག་མོའི་ཆུ་ལ་སྦྱར། གང་ཡང་ངོས་མ་ཟིན་ན། བསྲེས་ལ་གཏང་ངོ༌། །ཁྱད་པར་མཆོག་ཏུ་གྱུར་པའི་སྦྱོར་བའོ། །དེ་ནས་ལུས་ཡང་བ་དང་ངག་བདེ་བར་འགྱུར་རོ། །ལུས་ཀྱི་རྔུལ་འཆད། བྱ་བ་གང་ཡང་རང་གིས་ནུས་པ་སྙམ་བྱེད་ན་སྨན་ཟུག་པ་ཡིན་པས་རྔུལ་གདོན་པར་བྱའོ། །སྨན་བུངས་ཅི་ཙམ་སྦྱོར་བའི་རྒྱ་སྣེའུ་དང༌། ཀ་ཤོ་ཀན་དྷ་དང་ཆ་བསྙམས། དུད་པ་རྒྱ་སྣེའུའི་སུམ་ཆ་ཙམ་བཏང༌། དེ་དང་མཉམ་པའི་གུ་གུལ་ནག་པོ། དེ་རྣམས་བ་ཆུ་ལ་ཞིབ་པར་སྦྱར་ལ། རིལ་བུ་སྲན་མ་ཆེ་ཤོས་ཙམ་བྱ། དེ་ནས་མི་དེ་དང་པོ་ནས། ནད་གཞི་ཁྲག་དང་མཁྲིས་པ་ཤས་ཆེ་བ་ན། བ་ཟལ་ཆགས་ཀྱི་ཆུ་ཁྱོར་བ་གང་ལ་རིལ་བུ་བདུན་ནམ་བཅུ་གཅིག་སྲོད་ལ་སྦྱར་ལ་ནུབ་མོ་མལ་དྲོན་མོར་བྱིབས་ལ་བཞག ཐོ་རངས་ཁོང་དུ་བཏང་ལ་མལ་བདེ་བར་ཉལ། ཐོག་ནས་མལ་ཆ་དྲོ་ལ་ཡང་བས་བྱིབས་པས་རྔུལ་མང་དུ་དབྱུང༌། ཟུག་གཟེར་བྱུང་ན་སོས་པ་ཡིན་པས། གངས་ཆུ་ཟུག་ཚད་བཏུང༌། དེས་ཞི་བར་འགྱུར། རྔུལ་འཐོན་པ་དང༌། ཕྱེ་འཐོར་ལ་དྲིལ་བར་བྱའོ། །དེའི་ཉིན་པར་རང་ནས་བདེ་ཞིང་ཡང་བར་ཚོར་བར་འགྱུར་རོ། །བད་རླུང་ཤས་ཆེ་ན་ཆང་གི་རྟ་ལ་གཏང༌། གོང་དང་འདྲ། དེ་ནས་ནང་གཅིག་མི་བཏང་བར་ངལ་གསོ། ཡང་གཏང་ངོ༌། །དེ་ལྟ་བུ་ལན་བདུན་ནམ་བཅུ་གཅིག་གིས་ཅི་ལྟར་ན་ཡང་ཆ་ཕྱེད་ཅིང་སོས་བར་འགྱུར་རོ། །རྗེས་ནི་བཅུད་ཀྱིས་གསོས་ཏེ། ཆང་འཇམ་པོ་རན་པ་དང༌། ཤ་གསར་པ་འཇུ་མི་འཇུ་བརྟགས་ལ་གཏང་ངོ༌། །དུས་ཐམས་ཅད་ལ་གཏར་ག་དང༌། མེ་བཙའ་དང་དྲག་ཤུལ་གྱི་ལས་སྤོང༌། མཐར་ནད་དེ་རྣམས་དག་པར་མ་གྱུར་ན། དུག་རོ་འདོན་པ་བདུད་རྩིའི་བཅུད། བྲག་ཞུན་གྱི་སྦྱོར་བ་ནི། བྲག་ཞུན་ལེགས་པར་བཏུལ་ལ། དང་པོ་རིལ་མ་ཙམ་རེ་ལྟོ་སྟོང་ལ་བཏང༌། བཏུང་བ་ཅོང་ཞིའི་ཆུས་བྱའོ། །དེ་ལྟ་བུ་ཟླ་བ་ཕྱེད་ཚུན་ཆད་ཀྱིས་དུག་ལས་གྱུར་པའི་ནད་མ་ལུས་པ་སེལ་བར་འགྱུར་རོ། །དེ་བསྟེན་པར་བྱ་བའི་ཡན་ལག་ནད་སོས་ནས། ལོ་དུས་ཚུན་ཆད། རི་བོང་ལ་སོགས་བཤུལ་ཆགས་ཀྱི་ཤ་ཐམས་ཅད་སྤང༌། མེ་ཚན་དང་ཉི་ཚན་སྤང༌། ཁྱད་པར་དུ་རྟ་ཞོན་པ་སྤང༌། ལུས་པོ་དྲོ་བར་བྱས་པས་དུས་ངེས་པ་མེད་པར་བཅག་གོ །ཁྱད་པར་མཆོག་ཏུ་གྱུར་པའི་མན་ངག་གོ །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས། དུག་གསོ་བའི་གདམས་ངག་བདུད་རྩི་འཕེལ་བྱེད་ཅེས་བྱ་བའི་ལེའུ་རྫོགས་སོ། །ས་མཱཔྟ་མི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཤིན་ཏུ་དྲག་པོ་མི་བཟད་པའི་ཤ་དུག་གསོ་བའི་གདམས་ངག་ཧ་ལ་འཇོམས་བྱེད་ཅེས་བྱ་བ་འདི་ལ། དང་པོ་རྟགས་བརྟག་པ་ནི། འདི་ནི་འཕྲལ་ལ་གསོད་པར་བྱེད་པའི་ནད་ཡིན་ཏེ། གྲེ་བ་ནས་ཟས་དང༌། སྨན་དང་ཆུ་མི་ཐར། བག་རེ་ཐར་ཡང་འཕྲལ་ལ་སྐྱུག སྐྱུགས་པས་བདེ་བ་སྙམ་བྱེད་ཀྱང་སླར་ལ་ཐུ་བ་ཡིན་ཏེ། སྐད་ཅིག་རེ་རེ་ལ་འགྱུར་ཞིང་ཐུ་རུ་འགྲོ་བའི་ནད་ཡིན། ཤེས་པ་གསལ་ལ་སྙིང་མི་དགའ། ཟོས་མ་འཕྲལ་ལ་ལྡང་བ་ཡང་ཡོད། ཉིན་མཚན་ཕྱེད་དམ། ཉིན་ཞག་གཅིག་གམ། ཞག་གཅིག་ལས་མི་ཐོགས་པར་ལྡང་སྟེ། མིག་མི་ཕྱེད་པར་རྫི་མ་ཕབ་ནས་སླེང་ངེ་བཙུན་མེ་བྱས་ནས་མིག་སྲིབ་པར་འོང༌། གྲེ་བ་མི་བདེ་བར་འགགས། ལྕེ་ཆུང་བབས་པ་སྙམ་བྱེད། ཐུམ་ཐུམ་མིད་ན་བདེ་བ་སྙམ་བྱེད། སྐད་ཅིག་ལ་གྲེ་བ་འཛེར། ལྕེ་སེར་ལ་སྐམ། མིག་མི་གསལ། མི་བཟོད་པར་ཕོ་བར་ཟུག་ནས་སྦོ། རིམས་ཀྱིས་འདེབས་པའི་སྔ་རྟགས་བཞིན་དུ་མགོ་བོ་ན། རུས་པ་ཁོལ། གྲང་ཤུམ་བྱེད། ཤེས་པ་སྙོམ་མོ། །ཤ་དུག་མི་བཟད་པ་ཚབས་ཆེན་པོ་འོང་ན་དྲི་ཆུ་ཡང་བསྡམ། རྩ་ཡང་ཁྲག་ནད་དང༌། རིམས་དྲག་པོ་ལྟར་སྦོ་ཞིང་གྲིམས་ལ་དྲག་ཏུ་འབར། དྲག་པོ་མི་བཟད་པའི་དུག་ཅེས་བྱ་སྟེ། གསོ་ལོང་མེད་པར་ཀུན་གཞི་འཕོས་པས་མྱུར་དུ་བསྒྲིམས་ལ་གསོ། དེ་ཡང་ཐོག་མར་བདེ་ཞིང་ཟུག་གཟེར་མི་འོང་སྟེ་སྔ་རྟགས་ཕྲ་མོ་ཤར་བ་དང་མྱུར་བར་འབོད། དེ་ལ་སྨན་སྦྱར་བ་ནི། ཐོག་མར་སེར་ག་བ་མོ་མ་བྱུང་བའི་དུས་སུ། འོམ་བུའི་ལོ་མ་ཟིལ་པ་ཅན་གཏུབས་ལ་གྲི་བསྐམ་བྱས་ཏེ། དེ་ཁྲམ་ཁྲུམ་དུ་བརྡུངས་ལ་སྲང་རེ་ཙམ་བསྐོལ་བའི་ཐང་གཏང་ངོ༌། །དེ་གཅིག་པུས་ཀྱང་འཚོའོ། །སྨན་དེ་རྙིང་ན་ནུས་པ་ཆུང་ངོ༌། །སྤང་རྒྱན་དཀར་པོའི་རྩ་བའམ། མེ་ཏོག་གང་རུང་ཀ་ར་དང་སྦྱར་ལ་གཏང༌། ལྡུམ་བུ་རེ་རལ་དང༌། ཆིག་ཐུབ་དཀར་པོ་དང༌། སྐྱེས་པའི་བར་ཤུན། སྲོ་ལོ་དཀར་པོ། འོམ་བུ། སོ་ཕ་གསར་པ་ཡག་མ་རྣམས་སོ་སོ་རང་རང་རེའི་ཆིག་ཐང་གཏང་ངོ༌། །ཐབ་འོག་གི་ས་ཚིག་པའི་ཁུ་བ་བགྲུངས་ལ་གཏང་ངོ༌། །ཡང་སྲིན་གྱིས་གྲེ་བ་འགགས་པ་ཡིན་པས། སྲིན་བཟློག་པའི་ཐབས་ལ། དང་པོ་ཤ་གང་ལས་བྱུང་བརྟགས་ལ། ཤ་གང་ལས་བྱུང་བའི་བྲུན་ཕུལ་གང་ངམ། བྲེ་ཕྱེད་ཙམ་སྤངས་ལ། དེ་རས་ཚགས་ལ་བཙགས་ཏེ་ཁ་ནས་གཏང་ངོ༌། །ཡར་མར་མཐར་ན། སེར་ཁ་ནས་ནི་རུ་ཧ་ལྟར་གཏང༌། ཆུར་ཁུའམ། ཞོ་གསད་པའམ་འོ་མ་གསད་པ་དང་བསྲེས་ལ་གཏང༌། བུ་རམ་དུམ་གཅིག་བཏབ་ན་ཡང་སྲིན་བུ་ཚང་དུ་འཇུག་པར་འགྱུར་རོ། །སྲིན་ཕྱིས་མི་ལྡང་བར་བྱ་བ་ལ། ཆུ་བཟང་པོ་བྲེ་གང་བསྐོལ་ལ་ཕུལ་གང་དུ་གདུའོ། །འདུས་པ་དང་ཤིང་ཀུན་རིལ་མ་ཙམ་གཅིག་བཏབ་ལ་ཞུ་བ་དང་གཏང་ངོ༌། །བྱང་གཡག་གི་ཤ་ལས་བྱུང་ན་ཡུལ་གཡག་གི་བྲུན་ལ་བྱ། ཤ་བ་ལ་བ་ལང༌། གནའ་བ་ལ་ལུག དགོ་བ་ལ་ར། རྐྱང་གི་ཤ་ལས་བྱུང་ན་རྟའི་བྲུན་ལ་བྱའོ། །ཡང་ལུགས་གཅིག་ལ། རྫ་ལོངས་མ་སྤྱད་པའི་རྫའམ། སོ་ཕག་ཁྲམ་ཁྲུམ་དུ་བརྡུངས་ལ་ཆུ་བྲེ་གང་དུ་བླུགས་ལ་བྲེ་ཕྱེད་དུ་གདུ། དེ་ལ་ཡུང་བ་དང་ཨ་རུ་ར་དང་བོང་ང་དཀར་པོ། འོམ་བུ་རྣམས་བརྡུངས་ལ་ཆུ་བྲེ་ཕྱེད་པོ་བཞི་ཕུལ་གང་དུ་གདུས་ལ་ཁོང་དུ་གཏང་ངོ༌། །བདུད་རྩི་འདིས་མ་སོས་པ་གང་ཡང་མེད་དོ། །ཡང་སྲིན་གྱིས་གྲེ་བ་འགགས་པ་ལ་ཆུ་རྡོ་གྲང་མོ་དང༌། བྲོད་པ་ཆུས་བཀང་བས་ཕོ་བ་དང་བྲང་ལ་བདུགས་པས་ཀྱང་སྲིན་ལྡོག་པར་འགྱུར་རོ། །བྱི་ཏང་ག སྲིན་སྨན་མ་རུ་རྩེ། ཕུར་མོའི་ལོ་མ། གུ་གུལ་དཀར་པོ། སྟག་ཤ་བ། ག་པུར་རྣམས་ཆུ་ལ་སྦྱངས་ལ་གཏང༌། དེས་ཀྱང་སྲིན་ལྡོག་གོ །སྲིན་བུ་ཤའི་དུག་གིས་བྲེད་ནས། སྣོད་ནས་གྲེ་བའི་ནང་དུ་བྲོས་པས། སྲིན་བུ་དང་དུག་གི་རླངས་པས་གྲེ་བའི་སྦུགས་འགགས་པར་བྱེད་པས། སྲིན་བཟློག་པ་ཁོ་ན་གཅེས་སོ། །སྲིན་བུ་བསྡུ་བ་ནི་སྦྲང་རྩི་གཡུང་དང༌། ཀ་ར་ཆུ་གཙང་སྦྱར་ལ་ཐོག་མར་གཏང༌། དེ་ནས་གོང་གི་སྨན་གཏང་ཡང་ལེགས། ཡང་ན་གླ་རྩིའི་ཆུ་གཏང་ངོ༌། །རྐེ་དང་ཕོ་བ་ནམ་ཚང་ལ། །འཁྲུལ་འཁོར་ཆུ་ཡི་གཟེར་མ་བྱ། །རྒྱ་མཚོ་ལྕིད་མེད་དུགས་ཀྱིས་བདུག །གྲང་དུག་མཐའ་དག་བྱ་བ་དང༌། །སྟེང་རླུང་བསྡོམས་ཀྱང་ཕན་པ་ཡིན། །དེས་ན་སྲིན་བུ་ལྡོག་པར་འགྱུར། །ཞེས་པས་སྐྱུགས་དང༌། གཏར་ག མེ་བཙའ་མི་བྱ། ལྟོ་བཤལ་འཛུགས་པ་དཀའ་བ་ཡིན་ཏེ་མ་ཟུག་ན་སྐྱུགས་པ་གཏང་ཡང་ཐུབ་བོ། །ནི་རུ་ཧ་དང་རེང་བུ་བསྔགས་སོ། །ཟས་དང་སྤྱོད་ལམ་ནི་དཀར་གསུམ། སྐྱུར་གསུམ། ཤ་རུལ་སུམ་དྲོད་ཀྱི་ཟས་ཐམས་ཅད་སྤངས་ཏེ། ནད་འདི་མེའི་རང་བཞིན་ཡིན་པས་སོ། །ནད་འདི་སྣུམ་པས་སྣུམ་ཅན་གྱི་ཟས་ཐམས་ཅད་སྤང༌། ལྕི་སྣུམ་དྲོད་ཀྱི་རང་བཞིན་ས་ཆུ་མེ་ལས་བྱུང་བ་བད་ཀན་དང་མཁྲིས་པ་འདྲེས་པའི་ནད་ཡིན་པས། ཉུངས་མའི་ཐུག་པ་བག་རེ་ཡང་གཏང་ངོ༌། །བསིལ་སྨན་མཐའ་དག་བསྟེན། ཆར་ཆུ་དང་གཡའ་ཆུ་དང་གངས་ཆུ་དང་ས་རྟིང་ཁྲོན་པ་བསིལ་བའི་ཆུ་རྣམས་ཚུར་དང༌། མུ་ཟི་བ་ཚ་མེད་པ་རྣམས་སྨན་སྦྱར་བ་དང༌། སྨན་དབུལ་བ་དང༌། སྐོམ་དུ་གཏང་ངོ༌། །དྲུས་ཐུག འབྲས་ཐུག ལྕགས་ཁུ་གཏང་ངོ༌། །མཇུག་ཏུ་དུར་བྱིད་ཀྱིས་གཙོ་བྱས་པའི་བཤལ་གཅིག་གཏང་ངོ༌། །ཡང་ན་ཨ་རུ་ར་ཉི་ཤུ་རྩ་གཅིག་བཙོས་ལ་ཁུ་བ་ཡང་ཡང་གཏང་ངོ༌། །ཕྱིས་དེས་ནད་འཁྲེན་དང་ནད་རོ་མི་འབྱུང་ངོ༌། །དེ་ནས་ཤ་དུག་དང་བཙན་དུག་ཐུན་མོང་དུ་བཅོས་པའི་སྨན་སྦྱར་ནི། བྱ་རྒོད་སྤོས་ཀྱི་མེ་ཏོག་དང་ཉུངས་གཞིའི་མེ་ཏོག་དང་བོང་ང་དཀར་པོ། ཨ་རུ་ར་རྣམས་ཆ་མཉམ། དེ་རྣམས་ཀྱི་ཉིས་འགྱུར་ལྡུམ་བུ་རེ་རལ་གཏང༌། དེ་རྣམས་ཞིབ་པར་བཏགས་ལ་གངས་ཆུས་ཕུལ་ལ་གཏང་ངོ༌། ཡང་ན་ཚ་བཟང་པོ་བུལ་མེད་པ་དང་ཀ་ར་དཀར་པོ་མཉམ་པར་ཆུ་ལ་ལྷུར་བྱས་ལ་གཏང་ངོ༌། །ཡང་མིའི་དྲི་ཆེན་སྐམ་པོ་དང་ཚ་ལ་ཆ་མཉམ་ནས་ཆུ་ལ་སྦྱར་ནས་བཏང་ན་སོ་འཐོམས་པར་གྱུར་པ་ལ་ཡང་སླེབས་པས་ཆོག་པ་ཡིན་ནོ། །ཡང་ན་ཤུ་དག་མཐེ་བོང་ཙམ་གཅིག་ཆུ་ལ་སྦྱངས་ནས་གཏང་ཡང་ཕན་ནོ། །ཤ་དུག་གིས་གྲེ་བ་འཐམས་པ་ལ། ནད་པ་རང་གི་གོང་རྩ་གཡས་པའི་དྲི་མ་སླ་ངར་དར་ཅིག་བསྡུས་པས་བཏང་བས་ཤིན་ཏུ་ཕན་ནོ། །ཨ་རུ་ར། བྲག་ཞུན། བོང་ང་དཀར་པོ་གསུམ་ཆ་མཉམ་ནས་ཞིབ་པར་བྱས་ལ་ཆུ་ལ་སྦྱར་ནས་བཏང་ན་ཤ་དུག་ངེས་པར་སེལ་ལོ། །ཡང་ན་བོང་བུ་ག་དམར་ཕུབ་ཀྱི་ཁུད་དུ་བཀྱིགས་ལ། དེ་ལས་བྱུང་བའི་ཁུ་བ་རས་ཀྱིས་བཙགས་ལ། ཨ་རུ་རའི་ཕྱེ་མ་བཏབ་ནས་བཏང་ན་གྲེ་བ་འགགས་སེལ་བར་འགྱུར་རོ། །ཡང་ན་དུག་གིས་མིད་པ་འཁྲིལ་ནས་ན་ན་ཆུ་བཟང་པོ་ལ་བོང་ང་དཀར་པོ་བཏབ་ལ་གཏང་ངོ༌། །འདི་རྣམས་ནི་སྨན་སླེབས་པས་ཆོག་པ་ཡིན་ནོ། །ཨོཾ་མ་ཧཱ་བྷིས། ཀ་རུ་ཙ་བྷིས། ཏི་ལི་བྷིས། ཞེས་པའི་སྔགས་འདིས་དུག་རིགས་ཐམས་ཅད་ཐུབ་སྟེ། དྲན་པ་ཙམ་གྱིས་ཆོག་གོ །རང་དགོས་ན་འགའ་བཟླས། ནད་པ་གསོ་ན་ཆུ་ལ་སྦྱར་ནས་གཏང་ངོ༌། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས། ཤིན་ཏུ་དྲག་པོ་མི་བཟོད་པ་ཤ་དུག་གསོ་བའི་མན་ངག ཧ་ལ་འཇོམས་བྱེད་ཅེས་བྱ་བའི་ལེའུ་རྫོགས་སོ།།  །།ཨོཾ་སྭ་སྟི་སིདྡྷཾ། དང་པོ་སྐྱབས་འགྲོ་བྱ། བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་སྟོང་པ་ཉིད་ཀྱི་ངང་ལས་སྐད་ཅིག་གིས་རྟ་མགྲིན་དམར་པོ། ཞལ་གཅིག ཕྱག་གཉིས། གཡས་ན་པདྨ། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། རྟ་མགོ་ལྗང་གུ་དབུའི་སྟེང་དུ་གསལ་བར་བསམས་ལ། སྔགས་འདི་བཟླས་སོ། །ཨོཾ་བུར་ཀུང༌། མ་ཧཱ་པ་ར་ཀ་ན། གྷ་ཙེ། གྷུ་ཙེ། བྷི་མ་ན་སེ། བྷི་ཏ་ཀྲོ་དྷ་ཞི། གྷོ་གྷུ་ལིང་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་གསུང་ཞིང་ཁྲོ་བོ་རྟ་མགྲིན་དུ་བསྒོམས་ལ། བརྒྱའམ་ལྔ་བཅུ་ཙམ་རེ་བཟླས་ལ། ནད་ཁ་བའམ། མར་ལྟ་བུར་བསམས་ལ། སྔགས་མེའམ། ཉི་མ་ལྟ་བུར་བསམ། མཆིལ་མ་བཏབ་པས་ནད་ཐམས་ཅད་ཞུ་ནས། བཤང་ལམ་ནས་བུད་ནས་སོང་བར་བསམ་ཞིང༌། སྔགས་བརྡེག་པར་བྱའོ། །སྐྲན་ཞི་བར་བྱེད་པའི་གདམས་པ་ཤིན་ཏུ་ཟབ་པ་འདིས་ཕལ་ཆེར་རྟགས་ཐོན་པ་ཡིན་ནོ། །ས་མཱཔྟ་མི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །གག་ལྷོག་གསོ་བའི་གདམས་ངག གཉན་ནད་འཇོམས་པའི་ཧ་ལ། ཞེས་བྱ་བ་འདི་ལ། དང་པོ་བརྟག་པའི་ཐབས་ལ་དབྱེ་བ་ནི། བསམ་གྱིས་མི་ཁྱབ་པ་སྟེ། བསྡུ་ན། གག་པ་དང་ལྷོག་པ་གཉིས་སོ། །གྲེ་བར་བྱུང་ན་གག་པ་ཡིན། ཕྱི་རུ་བྱུང་ན་ལྷོག་པ་ཡིན། །གག་པ་ལ་རིགས་གསུམ། དམུ་ཁྲག་འཁྱིམ་དང༌། ལྡེམ་མགུལ་འགགས་དང༌། གག་ནད་ཡམ་བུའོ། །དང་པོ་ནི་མདོག་སྨུག་ལ་སྐྲངས་པ་ཆེ་ཞིང༌། སྐྲངས་པའི་སྟེང་ན་རྩ་རིགས་སྒྲའི་ཆོན་ཐག་འདྲ་བ་འོང༌། སྐོམ་དད་ཆེ་ཞིང་མགོ་དང་གྲེ་བ་ན། མཆིལ་མ་དང་ཆུ་མི་ཐར་རོ། །དེ་ལ་རྒྱ་ཚས་བྲད་ན་འཆི་བས། ཤུ་དག་གམ་རྒྱམ་ཚ། མཚལ། རྒྱ་སྐྱེགས། གླ་རྩི། སྣག་ཚ། ག་པུར་རྣམས་ཞིབ་པར་བཏགས་ལ། ལན་མང་དུ་སྦུ་གུས་སྐྲངས་པའི་སྟེང་དུ་ཁྱབ་པར་གདབ། དེས་ཟུག་འཆག སྐོམ་དད་འབྲིའོ། །དེས་སྐྲངས་པ་མ་ཞི་ན་སྣག་ཚ་དང༌། ཟ་ཐུག་ཚན་དེས་འདྲུལ་ལོ། །ཐ་མ་རྣག་ཅིག་བྱུང་ན་བཟང་ངོ༌། །ནག་པོ་རྐང་གཅིག་ཅེས་བྱ་བ་ལྕེ་ཆུང་གི་རྩར་བྱ་རོག་གི་མིག་འདྲ་བ་ཅིག་བྱུང་ན་ཐུབ་པར་དཀའོ། །ལྡེམ་མགུལ་འགགས་ནག་པོ་ཞེས་བྱ་བ་སྐྲངས་པ་ཆུང་ལ་ཐོར་པའམ། འབྲུམ་པ་མགོ་སྐྱ་བོ་མང་དུ་འབྱུང༌། དེ་ལ་རུ་རྟ། ཤུ་དག རྟའི་རུས་པ་བསྲེགས་པ། པི་པི་ལིང༌། བྲག་ཚ། སྤྲུ་མ། དབྱི་མོང༌། དེ་རྣམས་ཞིབ་པར་བཏགས་ལ། སྦུ་གུས་ཁྱབ་པར་བཏང༌། ཅུང་ཞིག་ནད་དང་འཐབ་ཏུ་གཞུག ནུས་པ་ཕྱིན་ནས་ཕྱི་རུ་དབོའོ། །དེས་ར་རོ་དང༌། འདྲད་འདྲོད་ཆོད་ནས་བདེ་རུ་འགྲོ། ཚན་དེས་འདྲུལ་ལོ། །གག་ནད་ཡམ་བུ་ཞེས་བྱ་བ་གྲེ་བར་ཟོ་ཤེ་ཆགས་པ་འདྲ་བ་ཅིག་འོང་བས། དེ་ལ་ལི་ཤི། སུག་སྨེལ། བུལ་ཏོག དུད་པ། བྲག་ཚ། རྒྱ་ཚ། མེ་ཏོག་ལྕེ་ཚ་བ་རྣམས་ཞིབ་པར་བཏགས་ལ། སྦུ་གུས་གོང་བཞིན་ཁྱབ་པར་གཏང༌། དེས་ར་རོ་ཆོད་ནས་འོང་བས་སྣག་ཚ་དང༌། ཟ་ཐུག་གིས་འདྲུལ་ལོ། །ཕྱི་མ་འདི་གཉིས་ལ་རྒྱ་ཚ་དང༌། སྨན་རྣོ་བས་བྲད་ཀྱང་བཟང་ངོ༌། །སྤྱིར་ལྷོག་པ་ལ་དཀར་ནག་གཉིས། ནད་གྲང་བ་ལས་གྱུར་པ་ནི་དཀར་པོ་ཡིན་ཏེ། དབུགས་དང་དང་ག་བདེ་ལ་གཉིད་ཆུང༌། ལུས་ཀྱི་དྲོད་ཉམས། སྐྲངས་པ་མཆེད་བུལ་ལོ། །ཞག་བདུན་དང་དགུ་ལ་མ་ཤི་ནའང་དཀར་པོ་ཡིན་ཏེ། སྐྱ་ནད་ཀྱང་མི་འབྱུང་ངོ༌། །དེའི་སྨན་ནི། ཚ་སྣ་ལ་གཞི་བླངས། དེའི་དཀར་པོ་རླུང་ལས་གྱུར་བ་ནི་ཁ་དོག་སྔོན་པོར་སྐྲངས་ལ། བད་ཀན་ལས་གྱུར་པ་ནི་སྐྱ་བོར་སྐྲངས། མཁྲིས་པ་ལས་གྱུར་པ་ནི་དམར་པོར་སྐྲངས། འདུས་པ་ལས་གྱུར་པ་ནི་སྐྲང་མདོག་སྣ་ཚོགས་བྱས་ནས་ཐོར་བུ་ཡང་ཡམ་མེ་འོང་ངོ༌། །ཚད་པ་ལས་གྱུར་པའི་ནག་པོ་ནི་སྐྲངས་པ་མཆེད་སྐྱེན་པ་དང༌། དམར་བ་དང༌། རེག་ན་མི་བཟོད་པ་དང༌། བ་སྤུ་གྱེན་ལ་ལྡང་བ་དང༌། དབུགས་ཐུང་ལ་ཡི་ག་འཆུས་པ་དང༌། མདོར་ན་ཟུག་ཆེ་བར་འོང་ངོ༌། །དེ་ལ་ཁ་ཟས་དང༌། སྨན་བསིལ་གྱིས་བཅོས་ཏེ། ཤེས་པ་བྱིངས་ཤིང་ཉོག་ན་ག་བུར། བཟང་དྲུག་སྦྱར་ལ་གཏང༌། དེའི་སྟེང་དུ་འཕྲོད་མང་དུ་གཏང་བར་འདོད་ན་རུ་རྟ། སླེ་ཏྲེས། བ་ལུའི་ལོ་མ། བཙོད། ཟངས་རྩི་བ། དབྱི་མོང༌། ལྕོང་མོའི་རོ་གཏང་ངོ༌། །ཡང་ཁ་ཅན་དང༌། ཁ་མེད་ཅེས་བྱ་བ་ནི་ཐོར་པ་ཡོད་ན་ཁ་ཅན་ཞེས་བྱ་སྟེ། ཐོར་པ་ལ་ནོར་པ་གསུམ་ཡོད། རྒྱ་ཐོར། སྲིན་ཐོར། ལྷོག་ཐོར་རོ། །རྒྱ་ཐོར་སྲིན་ཐོར་གཉིས་ནང་ནས་ཕྱི་རུ་འོང་བ་ཡིན་པས་ན་ཚ་ཆེ། ཐོར་པའི་རྩེ་མོ་རྣོ་རྩེག་གེར་བྱས་ནས་རྩེ་མོ་ལ་རྣག་སྐྱ་ཐོ་རེ་འོང༌། ལྷོག་ཐོར་ཕྱི་ནས་ནང་དུ་འཇུག་པ་ཡིན་པས། ཐོར་པ་དཀྱིལ་སྐྱོང་ངེ་འོང༌། འཕྲལ་དུ་ཟུག་མི་ཆེ་ལ་རེག་ན་མི་བཟོད། མི་བརྗེད་པས་འཇུ་སྙིང་འདོད། བསྐྱེད་ནས་བལྟས་ན་གཞན་པས་གསལ་ལོ། །ཁ་མེད་ལ་རིགས་གཉིས། རྨ་ལ་ཞུགས་པ་དང༌། དོན་མེད་པར་སྐྲངས་པའོ། །རྨ་ལ་ཞུགས་ན་ཆུ་སེར་རེའུའི་གཅིན་འདྲ་བ་འོང༌། སྐྲངས་པ་དྲོད་ཆེ་ན་ན་ཚ་ཆེ། ཆུ་བུར་དང་ཉ་སྒང་འོང་ངོ༌། །དོན་མེད་པར་སྐྲངས་པ་ལ་གཉིས། གཞི་བཟུང་ནས་སྐྲངས་པ་དང༌། འཕོ་ཞིང་སྐྲངས་པའོ། །དེ་རྣམས་ཐམས་ཅད་དང༌། སྐྲངས་ནད་སྤྱིའི་མཚན་ཉིད་ནི། མགོ་བོ་ན། གྲང་ཤུམ་བྱེད། རྐེད་པ་དང་རུས་ཚིགས་འཁོལ་ཞིང་ན་བ་དང༌། སྙིང་མི་དགའ་བ་དང༌། བྱ་རྨྱང་བྱེད་སྙིང་འདོད་པ་དང༌། བྱིན་པ་གཉིས་དང༌། ཉྭ་ན་བ་དང༌། བྱད་སྤུ་ལྡང་པ་དང༌། སྐོམ་དད་ཆེ་བ་དང༌། ཁམས་མི་བདེ་བ་དང༌། ཤ་མདོག་སེར་བ་དང༌། ལྕེ་ཆུང་འབབ་པའོ། །རྩ་གྲིམས་ལ་འཁྱོགས་པ་དང༌། ཐུང་ལ་བུལ་ན་གག་པའི་རྩ་ཡིན་ནོ། །དེ་རྣམས་གག་ལྷོག་གི་རྩ་ཡིན་ནོ། །དེ་ནས་སྐྱིལ་ཟིན་ཙམ་ན་དཔེར་ན་སྲིན་བུ་མེ་ཁྱེར་འདྲ་སྟེ་དམར་རྩེག་གེ་བ་འོང༌། ཤ་ལ་ཟིན་ཙམ་ན། ན་ཆུང་གི་ནུ་མ་འདྲ་བ་ཅིག་འོང་ངོ༌། །ཤ་གཏིང་དུ་ཟུག་ཙམ་ན་རྡོ་ཕུང་ཞིག་པ་འདྲ་བ་ཅིག་འོང་ངོ༌། །བཅོས་ཐབས་ལ་གཉིས་ཏེ། ཕྱིས་ཆས་སུ་གཞུག་པ་དང༌། ནང་ཚགས་སུ་གཞུག་པའོ། །ཕྱི་ལ་ལྔ་སྟེ། དང་པོ་སྐྲངས་ཀྱི་ཆུ་སེར་དྲང་བ་ནི། ཀ་ར། བུ་རམ། གླ་རྩི། ཚ་སྣ་རྣམས་སྦྱར་ལ་དམིགས་དེ་ཡན་པར་བཞག་ལ་བསྐུའོ། །གཉིས་པ་ཁ་འོག་གི་ཆུ་སེར་ཐམས་ཅད་བསྡུ་བ་ནི། གུ་གུལ་ནག་པོ། གླ་རྩི། ཚ་ལ་རྣམས་དམིགས་དེ་ཡན་པར་བཞག་ལ་མཐའ་མར་བསྐུའོ། །གསུམ་པ་བྱེར་བ་ནི། འགྲམ་པ། ཞུད་པ་འདོན་པ་ནི། ལྕམ་པ། སྟག་ཤ་བ། མེ་ཏོག་ལུག་མིག་པ། མུ་ཟི། ལྡོང་རོས། བ་བླ། བཙན་དུག རེ་ལྕག་པ། མི་ལུད། ཁྱི་ལུད་བསྲེགས་པའི་ཐལ་བ་དུད་པ་རྣམས་ཁྲ་ཁྲོ་མེད་པར་སྐྲངས་པ་ལ་བྱུག་གོ །བཞི་པ་མེ་བཙས་གང་ན་ཡོད་ཀྱང་གསད་པ་ནི། གང་ན་བའི་རྩའི་དངོས་པོ་ལ་སྤྲ་བ་ཅི་རིགས་པ་བཞག དམར་ལ་འཁྲོ་ན་བསྐྱར་ལ་བཞག་གོ །ལྔ་པ་ཟངས་ཀྱི་ཐུར་མས་ཆུ་སེར་གཏིང་ནས་དྲང་བ་ནི། ཟངས་ཀྱི་ཐུར་མ་མེ་ལ་བསྲོས་ལ། སྐྲངས་པའི་འོག་ཏུ་ཀོར་བུར་འཕངས། སྐྲངས་སྣ་དང་སྐྲངས་པའི་ངོས་ལ་བརྡེགས། དེས་ཆུ་སེར་ཕྱིར་ཐོན་ནས་ཐུར་ཤུལ་ནག་ཀོག་འགྲོ་སྟེ། ཁྱད་པར་དུ་རླུང་སྐྲངས་ཞི་བར་འགྱུར་རོ། །ནང་ཚགས་སུ་གཞུག་པ་ལ་གསུམ། དི་སྨིན་རྒྱལ་པོ་དགུ་སྦྱོར་གྱིས། །ཁོང་དུ་མི་ཡོང་སྲུང་བར་བྱེད། །ཅེས་པས་ག་པུར། གི་ཝང༌། ཙནྡན། བཟང་དྲུག གླ་རྩི། གཉན་ཐུབ། ཁྱུང་སྡེར། ལྷོག་ཐུབ། དར་ཡ་ཀན་དམར་སེར། མཁྲིས་པ་སྣ་ཚོགས། ཨ་རུ་ར་རྣམས་ཀ་ར་ལ་རྟ་བྱས་ལ་ཆུ་གྲང་གིས་ཕུལ་ལ་མང་དུ་གཏང་ངོ༌། །གཉིས་པ་ནད་སྦྱང་བའི་ཁྲུས་ནི། དན་ད། ཐར་ནུ། དུར་བྱིད། བྱང་པ། རྒྱམ་ཚ། རྒྱ་ཚ། རྒྱ་མཚོ་གསེར་གྱི་བྱེ་མ། མིའི་ཉྭ་ཤ་རྣམས་བཏང་ངོ༌། །རྗེས་གཞན་དང་མཐུན་ནོ། །གསུམ་པ་དཔའ་བོ་བདུད་རྩི་འཆི་མེད་ཀྱི་སྦྱོར་བ་ནི། བཙན་དུག་སྲན་མ་འབྲིང་པོ་ཙམ་གཉིས་བྱིས་པའི་ཆུ་ལ་སྦྱངས་ལ། རྒྱ་ཚ། ལྡུམ་བུ་རེ་རལ། ཨ་རུ་ར་ཞོ་བཞི། ཤུག་པ་ཚེར་མ་ཅན་གྱི་ལོ་མ་ཉིས་འགྱུར་བཏང༌། དེ་རྣམས་ཞིབ་པར་བཏགས་ལ་རི་ལུ་སྲན་མ་འབྲིང་པོ་ཙམ་གྲིབ་མ་ལ་བསྐམས་ལ། མི་དར་མ་ལ་བདུན། རྒན་པ་ལ་ལྔ། བྱིས་པ་ལ་གསུམ། རྒན་དྲགས་པ་དང༌། གཞོན་དྲགས་པ་དང༌། ཚད་རོ་ཅན་ལ་མི་གཏང་ངོ༌། །སྨན་པའི་ལག་ཉམས་ཀྱིས་བཙལ་བ་ནི། མཛུབ་མོའི་འོག་ན་སྲན་མ་ལྟ་བུ་སྲ་ལ་འདྲིལ་བ་དང༌། ཚེར་མ་ཟུག་པ་ལ་མནན་བ་ལྟར་ན་ཀ་རེ་བ་དང༌། གྲང་བའི་ནང་ན་ཚ་བ་དོང་ནང་གི་མེ་ལྟ་བུ་དང༌། སྙི་བའི་ནང་ན་སྲ་བ་ཆུ་ནང་གི་རྡོ་ལྟ་བུ་དང༌། འཇམ་པའི་ནང་ན་རྩུབ་བ་དར་ནང་གི་ཚེར་མ་ལྟ་བུར་འོང་ངོ༌། །སྐྱི་ལ་ཡོད་ན་པགས་བུ་ཆག་པ་འདྲ་བ་ཅིག་འོང་བས་དེ་ལ་ཐོག་ཏུ་མེ་བྱ། སྤྱིར་དང་པོ་སྨན་བཏང་བས་སྐྲངས་ཞི་ནས་ལྷག་མ་ཞི་དཀའ་ན་བསྲེག ཡང་ཞི་རུ་མ་འདོད་ན་གཉན་སྦྱོང་བྱ། ཞི་སླ་ན་སྨན་སྦྱོར་བྱས་པས་ཆོག བསྲེག་མི་དགོས་ཐུབ་ན་སྐྲངས་པ་འདལ་དུ་འགྲོ། འཆི་བའི་རྟགས་ནི་སྐྲངས་པ་ཕྱོགས་མེད་དུ་འགྲོ་བ་དང༌། སྐྲངས་པ་གྱེན་ལ་འགྲོ་བ་དང༌། སྐྲངས་པ་ལ་ཁྲག་གི་ཆུ་བུར་སྔོན་པོ་འོང་བ་དང༌། བཅོས་ཀ་ཅི་བྱས་ཀྱང་རྡུགས་པ་དང༌། གློ་ཆུང་ལུ་བ་དང༌། སྐད་འགག་ཅིང་ཙི་ཙི་ཟེར་ན་དོན་སྣོད་ལ་སོང་བ་ཡིན་པས། ཕོ་བ་ལྷེན་ཞབས་སུན་ཞིང་ཟུག་མི་ཆོག་ན་འཆི་རྟགས་ཡིན་ནོ། །འདི་ལ་བྱེར་ཞུད་མི་འོང་སྟེ། རྒྱ་ལ་བྱུང་ན་རྟ་བོན་པོ་དང༌། གུ་གུལ་ནག་པོ། ར་ཐུག་གི་སྦྲེའི་དུད་པས་བདུག་གོ །ཡང་བརྟག་པའི་ཐབས་ལུགས་གཅིག་ལ། མདོག་ལ་བརྟག་པ་ནི། ཕལ་ཆེར་སྨུག་པོ་འོང༌། དམར་ལྷོང་ལྷོང་བ་འོང༌། ཉི་ཟེར་ལ་རྟ་རྔ་བཀལ་བ་འདྲ་བ་དང༌། ཆེ་ཕྱུགས་ཀྱི་ལོང་ཀའི་རྩ་འདྲ་བ་ཡིན། སྐྲངས་པ་ལ་ཆུ་འོང་ན་ཡང་དཀར་པོ་ཡིན། ཆུ་སེར་ནག་པོའམ་མདུད་ཁུ་བྱུང་ན་ནག་པོ་ཡིན། སྤྱིར་ཆང་འཐུངས་ན་ཕྲ་མོ་ཡང་ནག་པོར་འགྱུར་ཏེ་འཆི། གཉིད་བུ་རྐུན་མ་ཞེས་བྱ་བ་ལ་ལྷོག་རོ་ཡང་མི་འབྱུང་སྟེ། འབྱུང་བ་ནམ་མཁའི་རིགས་ཡིན་པས་ཕྱི་ནས་ནན་འབྱོར་དྲགས་ན་རང་བཞིན་གྱིས་འབྲོས་སོ། །རྩ་བའི་རྩ་ཤིན་ཏུ་གཉན་པ་ཡིན་ཏེ། དེ་ནི་གཉིད་པོ་ཆེའི་རིགས་ཡིན་ནོ། །སྐྱེས་པའི་གཡས་སུ་གཟུང་བ་དང༌། བུད་མེད་ཀྱི་གཡོན་དུ་བཟུང་ན་གཉན་ནོ། །འཆི་རྟགས་ནི་དབུགས་སྣ་ཐུང་བ་དང༌། རྔམ་པ་ཆེ་བ་དང༌། ཟས་ཡི་གར་མི་འོང་བ་དང༌། སྐོམ་དད་ཆེ་བ་དང༌། ནན་དང༌། སྨན་བྱས་ཀྱང་སྐྲངས་པ་རྡོ་ལྟ་བུ་འཇུ་རུ་མི་འདོད་པ་དང༌། འདུག་ས་གཅིག་ཏུ་མི་ཚུགས་ནས་གཞན་དུ་འགྲོ་སྙིང་འདོད་པ་དང༌། མིག་རྩ་རྒོད་ན་འཆིའོ། །འཚོ་རྟགས་ནི་རྩ་དང་ཆུ་གཉིས་ཀ་མི་ཚལ། དོང་ག་བདེ་ཞིང་སྐོམ་དད་ཆེ་ན་འཚོའོ། །མྱུར་དུ་སྐྲངས་པ་ལ་མཁྲིས་པ་སྐྱུགས་པ་དང༌། ཟས་ཡི་གར་མི་འོང་བ་དང༌། མོད་ལ་རྡོ་ལྟར་སྐྲངས་ནས་དམར་ཞིང་ཁྲག་འཛག་པ་དང༌། མོད་ལ་ཆུ་རྐྱལ་བུས་པ་ལྟར་འོང་བ་དང༌། གོང་ལྟར་མནན་ཡང་བེམ་བེམ་བྱེད་པ་དང༌། སྨྲེ་སྔགས་འདོན་ན་མི་བཟང་སྟེ་གསོ་བར་དཀའོ། །སྐྲངས་པ་མེད་ཅིང་ན་ཚ་ཆེ་ལ་མནན་ན་འོག་ནས་འཕར་ཞིང་འཁྱུག་ན་ཚ་ལྷོག་ནག་པོ་སྡོམ་པ་ཡིན་ནོ། །ཡང་ལག་མཐིལ་མེའི་འཁོར་ལོ་ལ་ཞུགས་ན་གཉན་པ་ཡིན་པས་མེ་བཙའ་བྱ། བག་ཕྱེའི་འོལ་སྐམ་དང༌། བཙན་དུག་སྦྱར་ལ་གཏང་ངོ༌། །དེའི་སྟེང་དུ་ཕྱིང་པས་ཐེམ་བྱའོ། །ཡང་རྐང་མཐིལ་རྩའི་འཁོར་ལོ་ལ་བྱུང་ན་གཉན་པས་བཙན་དུག་དང༌། བག་ཕྱེ་སླད་ལ་སྦྱར་བ་དེའི་སྟེང་དུ་ཕྱིང་པ་བཏང་བ་ཐག་པས་དམ་དུ་བསྡམ་མོ། །སྐྲངས་པའི་མགོ་གང་བྱུང་དུ་བུག་པ་གཏོད་དོ། །ཤ་གཉན་དང༌། རྩ་གཉན་ལ་ཞུགས་ན་ཉེན་ཆེ་སྟེ། རྩེ་མགོ་དང༌། དོན་སྣོད་ཀྱི་རྩ་ཐམས་ཅད་ཉེན་ཆེའོ། །ཤ་དང་རུས་པའི་བར་དུ་ཞུགས་ན་དཀར་ལ་འཚེར་བ་འོང༌། ཤ་ལ་ཞུགས་ན་སྐྲངས་པ་ཆེ། པགས་པ་ལ་ཞུགས་ན་འབྲོས་སྐྱེན། སྐྱི་ལ་ཞུགས་ན་གྲོད་པར་ཆུ་བླུགས་པ་དང་འདྲ་སྟེ། མཆོངས་ཤིང་འབྲོས་ཏེ་གསོ་དཀའོ། །ཁོང་སྨན་མ་བཏང་བའི་གོང་དུ་སྐྱེར་པའི་བར་ཤུན་གྱི་ཐང་བཏང་ངོ༌། །ཁོང་ཚད་ཤིན་ཏུ་ཆེ་བར་སྐྱེས་ན་བཟང་དྲུག་བསིལ་གསུམ་བཏང་ངོ༌། །ཁོང་སྨན་གླ་རྩི། གུར་གུམ། ཤིང་ཀུན་གསུམ། རུ་རྟ། ཤུ་དག བྲག་ཞུན་གསུམ། ཨ་རུ་ར། དོམ་མཁྲིས། རྒྱ་ཚ་གསུམ། སྒོག་སྐྱས་མགོ་བསྡུས་རི་ལུ་བྱ། །ཁོར་གསུམ་བཏང་ན་ཤི་བ་བཟློག །ཅེས་པས་ནད་ཀྱི་བབས་དང་སྦྱར་ལ་བཏང་ངོ༌། །ཕྱིའི་ཕྱུག་པའི་སྨན་ལ་གཉིས་ཏེ། སྨན་ནན་དང༌། ངན་ནན་ནོ། །སྨན་ནན་ནི། སྟག་ཤ་བ། སྤྲུ་བ། ཐར་ནུ། ར་དུག་པ། དྷ་དུ་ར། ཆུ་རྩ། དུད་པ། ཁྱེའུ་ལོ་བརྒྱད་པའི་དྲི་ཆུ་ལ་སྦྱར་ལ་བྱུག་གོ །ཉྭ་བཞི་ལ་བྱུང་ན་སྨན་བྱུགས་པའི་སྟེང་དུ་བའི་ལྕི་བ་དྲོད་མ་ཡལ་བར་གླན། དེའི་སྟེང་དུ་དཀྲིས་མ་བྱའོ། །ངན་ནན་ནི། ཁྱི་ནག་པོའི་སོ། ཕག་པའི་རིལ་མ། སྤྱང་ཀིའི་སོ། བྱ་ཕུག་རོན་གྱི་བྲུན། ར་དུག་བརྡུངས་པའི་ཕྱེ་མ། བ་ལྕི། མིའི་དྲི་ཆེན། དྲི་ཆུ། རྐོ་མོའི་ས་མྱག་རྣམས་བྱིས་པའི་ཆུས་སྦྱར་ནས་བྱུགས་ན་མི་ཐུབ་བ་མེད་དོ། །རྨ་དང་ཆུ་བུར་གྱི་སྟེང་དུ་སྨན་མི་བསྐུ་བར་བཞག ཆུ་བུར་ལ་རེ་ལྕག་བསྲེགས་པའི་ཐལ་བ་སྐམ་རྩིར་གདབ། ཆུ་རྩ་དང༌། ངན་མཁྲིས་སྣ་ཚོགས་ཞོ་དང་སྦྱར་ནས་བྱུགས་ན་སྐམ་རྩིའི་མཆོག་ཡིན་ནོ། །ཡན་ལག་གི་དང་པོ་མགོ་ལ་ཞུགས་ན་སྐྲ་བྲེགས་ལ། ར་དུག་པ། བོང་ང་ནག་པོ། སྦྱང་ཚེར་བ། དྷ་དུ་ར། སྟག་ཤ་བའི་ནན་བྱ། རྩའི་རྒྱལ་པོ་རྩེའུ་ཆུང་ལ་ཞུགས་ན་སྙིང་ལ་འབྲོས་པས་བླ་འཆོལ་ཡང་ཡང་འོང་སྟེ། དེ་ལ་ཁོང་སྨན་མྱུར་དུ་གཏང༌། ཕྱེ་ནས་ནན་སྦྱོར། ཞག་འགའ་མི་བྱའོ། །གྲེ་བ་ལ་ཞུགས་ན་ཏིག་གུ་ལམ་ཁར་སྐྱེས་དང༌། གཡུ་ལྡུམ་དང༌། གསེར་ལྡུམ་དང༌། མཆང་ལྡུམ་དང༌། རྒྱ་ཚ་རྣམས་སྦྱར་ནས་དངོས་པོ་ལ་བྱུགས་ན་ཐུབ་ངེས་སོ། །ཡང་ན་སེར་པོ་གསུམ་ཞེས་བྱ་སྟེ། ཡུང་བ། ཤུ་དག དྭ་བ་སེར་པོ་དང༌། རྒྱ་ཚ་རྣམས་ཞིབ་པར་བྱས་ལ། དངོས་པོ་ལ་བུས་ན་ཐེ་ཚོམ་མེད་དོ། །སྤྱིར་གཉན་རིགས་གང་ཡིན་ཡང་སྤྱོད་ལམ་དང་ཟས་སྤྱོད་ནི། རྟ་མི་ཞོན། ཆུ་མི་བརྒལ། བུད་མེད་དང་མི་ཉལ། མེ་ཚད་དང༌། ཉི་མ་དང༌། ཉིན་མོའི་གཉིད་སྤང༌། མི་ནུས་པའི་ངལ་དུབ་དང༌། དྲག་ཤུལ་སྤང༌། ཟས་ཤ་ཆང་དང༌། བུ་རམ་དང༌། སྣུམ་བག་དང༌། དཀར་དང༌། ཚ་དང༌། སྲན་མ་དང༌། སྒོ་ང་སྤང་ངོ༌། །དྲུས་ཐུག་དང༌། མར་བཏུལ་བའི་ཞུན་མར་དང༌། སྐོམ་དུ་ཆུ་བསྡུས་བཏང་ངོ༌། །རང་བསྲུང་བ་ནི། གླ་རྩི་ཤིང་ཀུན་ཤུ་དག་གསུམ། །རུ་རྟ་གུ་གུལ་མུ་ཟི་གསུམ། །ལུས་ལ་བཅང་ན་བསྲུང་བའི་མཆོག །ཅེས་དང༌། ཡང་ན་ནག་པོ་དགུ་སྦྱོར་གྱི་བསྲུང་བ་ནི། བཙན་དུག་ཐར་ནུ་སྤྲུ་བ་གསུམ། །ར་དུག་རི་ཤོ་མུ་ཟི་གསུམ། །བྲག་སྤོས་མཚལ་བསྲེགས་ཕག་སྣ་གསུམ། །གག་ལྷོག་བསྲུང་བའི་གདམས་པའོ། །ཡང་གྲེ་བའི་སྨན་ལུགས་གཅིག་ནི། གག་པ་མཐོང་སྐྱུགས་ཞེས་བྱ་སྟེ། ཐར་ནུ་འོ་མར་བཏུལ་བ་དང༌། སྟག་ཤ་བ་དང༌། ཆུ་རྩ་དང༌། དོམ་མཁྲིས་ཏེ། དེ་མེད་ན་ཕྱི་བའི་མཁྲིས་པ་ཆེ་བར་གཏང་ངོ༌། །ཨ་རུ་ར། དབྱི་མོང༌། རྒྱ་ཚ་བག་ཙམ་ཅིག་ཞིབ་པར་བྱས་ལ་སྦུ་གུས་གཏང་ངོ༌། །དེའི་རྗེས་ལ་ཆན་ཚོགས་གཏང་ངོ༌། །མདོར་ན་འུབས་ཀྱིས་བསྡུས་ན་ལུས་པོ་ཕྲུམ་སེར་ཁྱེར་ལ་མགོ་བོ་དང་ཚིགས་གཞི་ན་རུ་འོང༌། རུས་པ་ལ་ཞུགས་ན་ན་ཀར་ཀར་འོང༌། རྩ་ལ་ཞུགས་ན་ཚ་བྲིང་བྲིང་འོང༌། ཤ་ལ་ཞུགས་ན་ན་བེམ་བེམ་འོང༌། སྐྱི་ལ་ཞུགས་ན་རྩེ་ལྷན་ལྷན་འོང༌། དེ་ཐམས་ཅན་ཁོང་སྨན་འདིས་ཆོག ཐར་ནུ་གཡང་སར་བརྐོས་པ་འོ་མའི་ནང་དུ་བཙོ། འོ་མ་ཐར་ནུ་ལ་ཐིམ་པ་དང༌། ཉིན་གཅིག་ཉི་མ་ལ་སྐེམས། དེ་ནས་གྲིབ་སྐམ་བྱས་ལ། ཆུ་རྩ་རྐང་གཅིག་པ་གཡང་སར་བརྐོས་པ་གྲིབ་སྐམ་བྱས་པ་དང༌། སྲང་ལ་ཆ་མཉམ་ལ་རྩི་བཞིན་བཏག་ཏེ་གྲི་རྩེ་རེ་ལྕེ་ཐོག་ཏུ་བཞག་ལ། ཆུས་ཕུལ་ལ་གཏང་ངོ༌། །དེ་ནས་དྲོད་ལ་བསྒོར་ཏེ་སྐྱུག་ཏུ་མ་བཅུག་པས་ཅུང་ཟད་ནས་འཁྲུའོ། །འཁྲུ་རུ་མ་འདོད་ན་གྲི་རྩེ་ཕྱེད་བསྣན་ལ་གཏང་ངོ༌། །རང་ངམ་གཞན་སྲུང་བར་བྱེད་ན་རས་ཀྱི་ཁུད་དུ་ཕུར་ལ་སྣས་དྲི་མནམ། དེས་རོ་ཁུར་ཡང་མི་འགོས་སོ། །སྨན་མ་ཞུ་བར་ཕོ་བ་ན་ན་ཡོས་དུགས་བྱ། མལ་ཆས་གཏིབ་བོ། །སྒལ་ཚིགས་གཟེར་ཞིང་ན་ན་རླུང་གཟེར་ཡིན་པས་བསྐུ་མཉེ་བྱ། ཁ་ཟས་དང་སྤྱོད་ལམ་གོང་དང་འདྲའོ། །ཡང་ན་མེ་ཏོག་ལུག་རུ་དམར་པོའི་རྩ་བ་དུས་སུ་བརྐོས་པ་དང༌། སྟག་ཤ་བ་གཉིས་ཞིབ་པར་བཏགས་ལ། ཆང་སྒོ་ང་གང་ལ་སྦྱར་ལ་ཁོང་དུ་གཏང་ངོ༌། །དེ་ནི་ཆང་ལ་ཁ་དྲངས་ནས་གསོད་པ་ཡིན་ཏེ། ལྷོག་པ་ཁོང་གསོད་ཀྱི་མན་ངག་གོ །ཕྱི་རུ་འོ་མ་ལ་སྦྱར་ལ་བྱུག་གོ །སྲུང་བ་བྱེད་པ་ལ་ལུས་ལ་གདགས། ཁོང་དུ་ཡང་གཏང་ངོ༌། །ཉམ་ང་མེད་པའི་གསོ་དཔྱད་ཡིན་ནོ། །སྣ་ནས་ཆུ་སེར་དཀར་པོ་བྱུང་ན་ཀླད་པ་ལ་སོང་བ་ཡིན་ནོ། །ཁའམ། སྣ་ནས་ཆུ་སེར་དམར་པོ་བྱུང་ན་མཆིན་པ་ལ་སོང་བ་ཡིན་ནོ། །སྣ་ནས་ཆུ་སེར་རེའུའི་གཅིན་འདྲ་བ་བྱུང་ན་མི་སོས་སོ། །ཁ་དང་སྣ་ནས་ཤེ་རུལ་བྱུང་ན་ཡང་ངན་ནོ། །ཁ་ནས་བྱུང་ན་བག་དྲག ལག་པ་འདར་ཞིང་རྔམ་པ་རུང་རུང་བྱེད་ན་སྙིང་ལ་སོང་བ་ཡིན། གློ་བ་རྫོངས་པ་སྙམ་བྱེད་ནས་མཆན་ཁུང་དུ་ཟུག་ན་གློ་བ་ལ་སོང་བ་ཡིན་ནོ། །ཅི་ལྟར་བཅོས་ཀྱང་སྐྱེད་མེད་པར་ཁ་སོ་ལ་དྲེག་པ་ཆགས་ཤིང༌། ལྕེ་ལ་བད་སེར་པོའམ། དཀར་པོ་ཆེ་བ་དང༌། ལྕེའི་གཞུང་ནག་པོ་ལ་ལྕེ་རྩུབ་ཅིང་སྐམ་ན་མི་སོས་པས་སྤང་ངོ༌། །དེ་རྣམས་ལ་ཡང་སྨན་གཏང་ན་ནད་མི་འཕེལ་ལོ། །ཡང་ཕྱིའི་ལུམས་ལུགས་གཅིག་ལ། ཁྱི་ལུད་ཡག་མ། ཕག་པའི་རིལ་མ། རམས། སྒོག་སྐྱ། གུ་གུལ་ནག་པོ། མིའི་ཤི་སྐྲ། ཁྱི་བལ། ཡུགས་ས་མོའི་དོར་མ་བསྲེགས་པའི་གཞོབ། མི་ཁྲག་དང༌། དུད་འགྲོའི་ཀླད་པ་གང་རྙེད་ལ་སྦྱར་ནས་ཞག་གསུམ་ལུམས་བྱས་ན་སྐྲངས་ནད་ཐམས་ཅད་འཇོམས་སོ། །ཡང་གྲེ་བའི་འབུད་སྨན་ལུགས་གཅིག་ལ། ཤུ་དག ཨ་རུ་ར། སྒ་དང༌། དུད་པ། ཚལ་རྣམས་སྦྱར་ནས་བུས་ན། གྲེ་གག་སེལ་ངེས་པའོ། །སྐྱེས་པ་ཕོ་ངར་མོ་ངར་བསྲེགས་པའི་རུས་པ་བསྣན་ཡང་བཟང་ངོ༌། །དང་པོ་ཐར་ནུ་འདུལ་བའི་ཐབས་ནི། དང་པོ་གཏུབ་ཙ་ན་ཞོ་བོ་རུ་མི་གཞུག་པར་གཏུབས་ལ་ཆང་ངམ། འོ་མའམ། ཆུས་ནུབ་པར་བྱས་ལ། ནང་དུ་ར་ཤ་ཁམ་ཆེ་བ་ཅིག་བཅུག་ལ་བཙོ། ཆང་ངམ་འོ་མ་ཐིམ་པ་དང༌། ར་ཤ་འོག་ཏུ་གཞུག ཆུ་ཐག་ཆོད་པ་དང༌། ར་ཤ་ས་འོག་ཏུ་སྦ། དེ་ནས་ཐར་ནུ་སྐུད་པ་ལ་བརྒྱུད་ལ་གྲིབ་སྐམ་བྱའོ། །ནད་ཨོལ་མདུད་པ་ལ་བྱུང་ན་བྱང་བག་ཤོག་པ་མེད་པ་དང༌། རེ་ལྕག་པ། ཤ་ཆེན་རྣམས་ཁོང་སྨན་གྱི་འཕྲོད་དུ་བཏང་ངོ༌། །དེས་སོས་པར་འགྱུར་རོ། །ཡང་གྲེ་བའི་སྨན་ལུགས་གཅིག་ལ། ར་དུག་པ་ཆ་གཅིག ཨ་རུ་ར་ཆ་གཉིས། ཁྲོན་བུ། ལྡུམ་བུ་རེ་རལ། མཁན་པའི་ལོ་མ་གསུམ་ར་དུག་པ་ཙམ་རེ་རེ། གླ་རྩི་འབྱོར་པ་གཅིག རྒྱ་ཚ། སྦལ་པ་རྔ་མ་ཅན་གྱི་རོ། ཤ་ཆེན་རྣམས་སྦྱར་ལ། མི་དར་མ་ལ་གྲི་རྩེ་གང་གཏང༌། ལུས་སྦྲིད་ལ་ཟུག་ཆེ་ན་ཡང་ཨ་རུ་རའི་བསྡུས་ཐང་གཏང་ངོ༌། །འདི་ནང་སྨན་ཟབ་ལ་ལེགས་སོ། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས། གག་ལྷོག་གསོ་བའི་གདམས་ངག གཉན་ནད་འཇོམས་པའི་ཧ་ལ་ཞེས་བྱ་བའི་ལེའུ་རྫོགས་སོ། །ས་མཱཔྟ་མི་ཐཱི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །གཉན་ལ་རིགས་དགུ་ཡོད་དེ། མགོ་ལ་བྱུང་ན་ཀླད་གཟེར། ཨོག་མ་ལ་བྱུག་ན་གག་པ། གྲེ་བ་ལ་བྱུང་ན་ཐོར་པ། སྙིང་དང་མཆིན་པ་ལ་བྱུང་ན་སྟོད་གཟེར། གློ་བ་ལ་བྱུང་ན་གློ་ཚད། ཕོ་བ་ལ་བྱུང་ན་ཕོ་ལོག རྒྱུ་མ་ལ་བྱུང་ན་རྒྱུ་གཟེར། རྐང་པ་ལ་བྱུང་ན་ཉྭ་བྱིན་ལྷོག ཕྱི་རོལ་དུ་སྐྲངས་ན་ལྷོག་པའོ། །དེ་རྣམས་ཀུན་གྱི་སྤྱིའི་རྟགས་ལ། ཕྲུམ་སེར་ཁྱེར་ལ་འདར་ཞིང་གྲང་ཤུམ་བྱེད། སྒྱིད་པ་སྐྱུར། ཁ་ཁ། དབུགས་ཐུང༌། གཟེར་དྲག་པོ་བྱུང་ནས་འགུལ་མི་ནུས་པ་སྙམ་བྱེད་པ་བྱུང་ན་ཡིན། བྱེ་བྲག་ཏུ་སྟོད་གཟེར་ལ་མིག་སེར། གློ་ཚ་བ་ལ་ལུད་པ་དམར་པོ་དང༌། སེར་པོ་དང༌། དུད་ཁ་འོང༌། རྒྱུ་གཟེར་ལ་འཁྲུ་བ་མདོག་སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། ནག་པོ་དང༌། འདྲེས་པའི་བར་དུ་འཁྲུའོ། །གག་པ་ནི་ཐོར་པ་མི་མཐོང་སར་གྲེ་བ་ཙི་ཙི་འབྱུང༌། ཟུག་གཟེར་ཆུང༌། ཐོར་བ་ནི་མིག་གིས་མཐོང་བ་ན། དཀར་པོ་དང༌། སྨུག་པོ་དང༌། ནག་པོ་རྣམས་འབྱུང༌། ཁ་དོག་ལ་ནི་གཉན་མི་གཉན་མེད། རྡོག་པོ་ཆེ་ཞིང་གྲངས་ཉུང་ན་གཉན། ཆུང་ཞིང་མང་ན་མི་གཉན། ཕྱོགས་ཀུན་ནས་སྐྲངས་ན་གཉན། དེའི་འོག་ན་ཐོར་པ་ཆེན་པོ་ཡོད་པ་ཡིན། ཕོ་གཟེར་ལ་ཕོ་བ་སྦོས་པར་སྲ་ན་གཉན་ནོ། །ནད་འཁྱུག་ཅིང་ཡར་འགྲོ་མར་འགྲོ་བྱེད་ན་མི་གཉན། གཟེར་མི་འཕོ་བར་ཕུར་པ་བཙུགས་པ་འདྲ་ན་གཉན་ནོ། །ཉྭ་བྱིན་ལོག་ནི་ཉྭ་ངར་གདོང་པར་འཕུངས་སོ། །ཟུག་ལ་བསྲན་ཐབས་མེད་པའོ། །ལྷོག་པ་ལ་འབྱུང་བ་བཞིའི་རྟགས་ཐབས་ཡོད་ཟེར་ཏེ་མི་ཟབ། གང་ཡིན་ཡང་ཡན་ལག་གི་སྤུ་ལྡོག་ཅིང་སྙིང་མི་དགའ། དྲོད་ཆེ། སྐྲངས་མདོག་གང་ལྟར་འདུག་ཀྱང་མི་སྟོ་སྟེ། ཆེ་ཞིང་སྙི་ན་མི་གཉན། མེ་ལྕེ་རིས་སུ་ཡམ་ཡམ་འདུག་ན་མི་གཉན། ཆུང་ཞིང་སྲ་ན་གཉན། སྐྲངས་པ་འཕྱང་ན་གཉན། དེ་རྣམས་ནི་གཉན་རིགས་དགུའོ། །དེ་ལ་ཡང་གནས་ངེས་པ་མེད་པར་གཟེར་འཕོ་བ་ཅིག་ཡོད་དེ། དེ་ཡང་སྨད་གཟེར་སྟོད་དུ་འཕོ་ན་གཉན། སྟོད་གཟེར་སྨད་དུ་འཕོ་ན་མི་གཉན། ཕྲུམ་སེར་ཁྱེར་བ་ལ་སོགས་པ་གཉན། ཐོག་བབས་སུ་འོང་བ་ཅིག་ཡོད་དེ། དེ་དག་གང་བྱུང་ཡང་གཉན་པ་ཅིག་ཡིན་ནོ། །དེ་ཡང་མགོ་དང༌། རྐང་པ་དང༌། སྙིང་ག་དང་གསུམ་ལ་བབས་ན་ཤིན་ཏུ་གཉན། གཞན་རྣམས་བག་མེ་གཉན། ཐམས་ཅད་ཀྱི་རྩ་ཚད་པ་གཞན་པས་འཇམ་པ་ཅིག་ཡོད། ཐམས་ཅད་ལ་སྨན་མ་བཏང་བར་གཟེར་ཆག་ན་ངན། དང་པོ་གཟེར་ཅིག་ཡོད་པ་ལུས་ཀུན་ལ་གྲམ། ཟུག་ཆུང་བ་སྙམ་བྱེད་ཅིང་འགུལ་མི་ཤེས་པར་འཁུན་ན་ངན། སྣ་ནས་ཆུ་སེར་བྱུང་ན་འཆི། སྣ་ཁྲག་བྱུང་ཡང་སོས་པ་ཡོད་དོ། །ཀུན་གྱི་ཟས་ཀྱི་བསྲུང་བྱ་ནི། དཀར་མཐའ་དག་དང༌། མངར་སྐྱུར་མཐའ་དག་སྤང༌། ཤ་ཆང་སྤང༌། ལྟོ་སྐྱ་ན་དགའ་སྟེ། ལྡོག་ཉན་ཡོད་པས་བདེ་བར་བརྟས་བརྟས་སུ་ལྟོ་སྐྱ་བར་བྱའོ། །སྤྱིར་གཏར་ག་མི་བྱ། ཐོག་མར་ག་པུར་ལ་སོགས་འི་བསིལ་སྨན་མི་གཏང༌། གདོན་དང་བསྡོངས་པས་རིམ་གྲོ་དང༌། གདོན་བཅོས་བྱ། ཐབ་དང་བསྡོངས་ན་ཐབ་གདོན། ཁ་ལ་ཡང་ཐོར་བ་ཕྲ་མོ་ཕལ་ཆེར་འོང་བ་ཡིན། ཕྲུམ་སེར་ཁྱེར་བ་ལ་སོགས་པ་རིམ་གྱིས་འོང་བ་རྣམས་ལ་ཞག་གཅིག་གམ། གཉིས་སམ། གསུམ་དུ་ནད་ལྕི་མི་ལྕི་སྨིན་དུ་བཅུག་ལ་སྨན་གཏང༌། ཐོག་བབས་རྣམས་ལ་སྨིན་མ་སྨིན་མེད་པར་སྨན་གཏང་ངོ༌། །སྨན་གྱི་རིམ་པ་ནི། ཐར་ནུ་བཏུལ་མའམ། མ་བཏུལ་ཡང་རུང་སྟེ། རྒྱལ་པོ་ཡིན་པས་སུམ་གཉིས། ཆུ་རྩ་རྐང་གཅིག་པ་བློན་པོ་ཡིན་པས་སུམ་ཆ། ཧོང་ལེན་བཙུན་མོ་ཡིན་པས་ཆེ་ཆུང་མི་སྟོའོ། །དེ་གསུམ་གྱིས་གཉན་ནད་ཐམས་ཅད་སོས་སོ། །གལ་ཏེ་ནད་ཆེས་ནས་སྐྱོ་བ་མང་བར་གཏང་བར་འདོད་ན། རེ་ལྕག་པ་དཀར་པོ། སྟག་ཤ་བ། གུ་གུལ་ནག་པོ། གླ་རྩི། ཤུ་དག གི་ཝང་སྟེ་དགུ་སྦྱོར་གྱིས་ནི་མི་སོས་པ་གང་ཡང་མེད་དོ། །བྱེ་བྲག་ཏུ་ཀླད་གཟེར་ལ་གུ་གུལ་ནག་པོ་ཆེ་བར་བྱའོ། །ཐོར་པ་ལ་རྒྱ་ཚ་གཏང༌། གག་པ་ལ་བྱང་བ་ཆ་ཚང་གི་གཤོག་པ་དཀར་པོ་བཏོན་པ་དང༌། རྒྱ་ཚ་མེད་ཐབས་མེད། སྟོད་གཟེར་ལ་ཁ་ཆེ་གུར་གུམ་མེད་ཐབས་མེད་དོ། །གློ་ཚད་ལ། ལི་ག་དུར་དང་ཅུ་གང༌། ཕོ་གཟེར་ལ་རྒྱམ་ཚ། ཉྭ་བྱིན་ལོག་ལ་གླ་རྩི་ཆེ་བར་བྱའོ། །རྒྱུ་གཟེར་ལ་སྔར་གྱི་རྣམ་དང་བག་མི་འདྲ་སྟེ། གླ་རྩི། ཤུ་དག་དཀར་པོ། གུར་གུམ། གི་ཝང༌། གུ་གུལ། རྒུན་འབྲུམ། ལི་ཤི། ཐོག་གིས་བསད་པའི་རུས་པ་མ་བསྲེགས་པ་དེ་རྣམས་ཞིབ་བར་བྱས་ལ་གཏང༌། དེ་ནི་རྒྱུ་མ་བསྲུང་བར་བྱ་བ་ཡིན། དེ་ནས་ཞག་འགའ་འཁྲུ་རུ་བཅུག་པ་རང་གི་ཆོག མི་གཉན་ན་བདེ་རུ་འགྲོ། གཉན་ན་སྔར་གྱི་སྨན་དགུ་པོ་དེའི་སྟེང་དུ་ཐོག་རུས་དང་བཅུ་སྦྱར་ལ་གཏང༌། ནད་བྱང་ནས་འཁྲུ་བ་རང་ཆད་དུ་འགྲོ། སྤྱིར་ཐོག་རུས་སྐེར་བཏགས་པས་བསྲུང་བར་བྱའོ། །ལྷོག་པ་ལ་ཕྱི་རུ་བྱུང་བས་ནང་དུ་ཁོང་སྨན་དགུ་སྦྱོར་གཏང་བ་གལ་ཆེའོ། །ཁོང་སྨན་མ་བཏང་བར་བྱུག་པ་བྱས་པས་ནད་ཚབས་ཆུང་ནས་བདེ་ན་ཡང་རྣག་ཏུ་སོང་ནས་རྨ་ཆེན་པོ་འོང༌། ཁོང་སྨན་བཏང་ནས་ཕྱི་རུ་བྱུག་པ་མ་བྱས་ཀྱང་རང་ཞི་རུ་འགྲོ། ཕྱི་རོལ་དུ་བསྐུ་སྙིང་འདོད་ན་སྔར་གྱི་སྨན་དགུ་པོ་ལས་མྱག་དང༌། དུར་བྱིད་གཉིས་བྱིས་པའི་དྲི་ཆུ་ལ་སྦྱར་ལ་བྱུག འཁྲུ་སྐྱུགས་སམ། རི་བོང་གི་སྤུས་མནན། མི་གཉན་པའི་ས་རུ་མངར་གྱི་ཐིག་ལེ་བྱ། སྨན་ཟུག་ན་བཤལ་དུ་འོང༌། དེས་བདེ་ནས་འགྲོ་གསུང༌། མི་ཟུག་ན་མི་བཤལ་བས་སྨན་བསྐྱར་ལ་གཏང་ངོ༌། །སྨན་གྱི་གཉན་ནད་ཐམས་ཅད་བསྲུང་བའི་རྫས་ལ། གསེར་བུད་མེད་ཀྱིས་མ་རེག་པ། ཤུ་དག གླ་རྩི། གུ་གུལ། སྒོག་སྐྱ། དེ་རྣམས་ཕུར་མ་བྱས་ལ། སྔགས་བཏབ་ལ་མགུལ་དུ་གདགས་སོ། །བསྒོམ་བཟླས་ཀྱིས་བསྲུང་བ་ནི། སྐྱབས་འགྲོ་བྱ། བྱང་ཆུབ་ཀྱི་སེམས་ཡིན་རིང་དུ་བསྒོམ། ཤཱུ་ནྱ་ཏཱས་སྟོང་པར་བསྒོམ། སྟོང་པའི་ངང་ལས་ཨ་ལས་ཕག་པ་དཀར་པོའི་ཁྲི་ཅིག་བསྒོམ། དེའི་སྟེང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ། ཨཱཿལས་འཇམ་དཔལ་སྐུ་མདོག་དཀར་པོ་རལ་གྲི་དང༌། པུསྟི་འཛིན་པ། རིན་པོ་ཆེའི་རྒྱན་གྱི་བརྒྱན་པ། ཐུགས་ཀར་ཨ་ལས་ཟླ་བ་ཨས་མཚན་པ། དེ་ལས་འོད་འཕྲོས་པས་ཕག་པ་དཔག་ཏུ་མེད་པར་གྱུར། དེ་དག་གིས་ནད་དང་གདོན་ཐམས་ཅད་ཟོས་ནས་མཚུལ་པ་ཕྱིར་བསྟན་པའི་རྭ་བ་ཆེན་པོ་ཅིག་བསྒོམ། དེ་དག་ལ་དམིགས་ལ་སྔགས་བཟླས་སོ། །ཨོཾ་ནནྟི་ཀརྨ་བྷིས། དུར་ཕག་ཚ་ནན། ཕུ་བ་སརྦྦ་ཀརྨ་རྒུ་ཀརྨཱ་ཟླ་ཕུར་མ་མ་ཡུ་བ་ཡུ་བ་གེ་ཕཊ། ཅེས་ཞག་རེ་ལ་བརྒྱ་རྩ་ལ་སོགས་པ་ཅི་རིགས་པར་བཟླས་སོ། །གཉན་ནད་རིགས་དགུའི་བཅོས་ཀ་ཟབ་མོ། །ས་མཱཔྟ་མི་ཐི།།  །།ཐར་ནུ་འདུལ་བར་བཞེད་ན། དཔྱིད་དུས་བརྐོས་ལ་མཐེའུ་ཆུང་ཙམ་དུ་གཏུབ་སྟེ། ཞོམ་བོ་བར་བྱ། དེ་ཆང་གི་ནང་དུ་ནུབ་པར་བྱ་སྟེ། ར་ཤ་ཁམ་ཆེ་བ་ཅིག་བཅུག་ལ་བཙོ། ཆང་ཐར་ནུ་ལ་ཐིམ་པ་དང༌། ར་ཤ་ས་འོག་ཏུ་བཞག དེ་མི་དང་དུད་འགྲོ་གང་གིས་ཟོས་ཀྱང་འཆིའོ། །ཐར་ནུ་རྣམས་སྐུད་པ་ལ་བརྒྱུས་ལ་གྲིབ་སྐམ་བྱའོ། །གྲགས་རྒྱལ་གཅུང་གི་བཞེད་པ་ནི། ཐར་ནུ། ཆུ་རྩ། ཤུ་དག དཔའ་བོ་སེར་པོ། དུར་བྱིད། ཨ་རུ་ར། གུ་གུལ། གླ་རྩི། རྒྱ་ཚ་དེ་རྣམས་ཞིབ་པར་བཏགས་ལ། ཁྱེའུའི་ཆུ་དང་སྦྱར་ལ་བཏང༌། སྐྱུགས་པ་བསྲུང༌། འཁྲུ་བ་རབ་ཏུ་བསྔགས་ཏེ་ནད་ཕྱིར་དབྱུང༌། དམིགས་གཞན་དུད་པ་དང་སྦྱར། རྒྱ་ཆེར་བྱུག དཀར་དམར། མངར་སྐྱུར་ཤ་རུལ་ངལ་དུབ་དང༌། བུད་མེད། ཉི་མ། མེ་དང༌། རྟ། ཆུ། གཉིད་རྣམས་སྤང་ངོ༌། །ལོག་ན་ལུམས་བྱ། རོ་ནི་མངར་ཁུས་འདོན། རྗེས་ནི་ཟླ་བའི་བར་དུ་ངལ་དུབ་སྤང༌། དེ་རུ་སྦྱོར་བ་ཀུན་འདུས་བསྲུང་བའི་མཆོག་ཀྱང་ཡིན། དེ་ཡིས་རང་ཞིར་མ་སོང་དམིགས་དེར་ག་པུར་མར་བསྲེས་བྱུག རྣག་རྗེས་ཤ་བསྙོན་ཤུ་དག་གིས་བཅད། མར་ཁུ་ཆེན་པོས་བྱུག དེའི་སྟེང་དུ་ལུམས་ཀྱིས་ནན་བྱ། ཕན་པར་འགྱུར། གྲེ་བའི་གག་རོ་མིའི་རུས་པའི་བྱ་འུར་དང༌། ཅུ་གང་བ་གཅིག་བསྲེས་པས་གྲེ་བར་བཏབ་ན་སོས་པར་འགྱུར་རོ། །ནད་ཡིན་མིན་བརྟག་པ་ལ། ཨ་རུ་ར། ཐར་ནུའི་ཐང་བཏང་བས། ཡིན་ན་སྐྲངས་འབུར་ངེས་པར་འོང༌། ཨ་རུ་ར་སུམ་ཆ། སུག་སྨེལ་བཞི་ཆ་ཞིབ་པར་བཏགས་ལ་གྲི་རྩེ་རེ་ཙམ་ཁོང་དུ་བཏང་བས་སྙིང་སྐྲངས་བསྲུང༌། སྙིང་སྐྲངས་ཐུབ་ན་ལོག་པའི་འཇིགས་པ་མེད། དྲག་པོ་གཏུམ་པོ་ཤོག་ཤིང་དང༌། །གསེར་གྱི་མེ་ཏོག་ཀ་མོ་ཉ། །མཾ་ས་ཀ་ར་དྲུག་འགྱུར་དང༌། །མི་བསྐྱོད་པ་ཡི་རྟ་ལ་བསྐྱོན། །ཐུབ་པ་ཆེན་པོ་གལ་ཆེ་སྟེ། །སྙིང་ལ་སོང་ཡང་ཐུབ་པར་ངེས། །སྦྱར་ཐབས་བཙན་དུག་ར་དུག་དང༌། །ཨ་རུ་ར་གསུམ་ལྷན་ཅིག་བཏགས། །དེ་ནས་དྲི་ཆུ་བར་པ་དང༌། །སྦྱར་ལ་རློན་བཏགས་ཡུན་རིངས་བྱ། །ནག་པོར་སོང་ན་འབྱོངས་པ་ཡིན། །རེ་ལྕག་ཐར་ནུ་ལྕེ་ཚ་གསུམ། །ལྷན་ཅིག་ལོགས་སུ་ཞིབ་པར་བཏགས། །ཤིན་ཏུ་འབྱོངས་པར་གྱུར་པ་ཡང༌། །ཁ་དོག་སེར་པོ་སྣུམ་པར་འགྱུར། །ཐུན་ཚད་ནད་ཚབས་ཆེ་ཆུང་སྦྱར། །རྟགས་དང་ཟས་སྤྱོད་གཞན་དང་མཐུན། །ཐུན་དང་ཚད་ཀྱི་སྦྱོར་གཉིས་ལས། །འདི་ནི་སྦྱོར་བ་ཚད་བཅོས་ཅིག །སེར་པོ་རྟ་འདོད་སྦྱོར་པའོ། །ས་མཱཔྟ་མི་ཐི།།  །།ལྦ་བ་ཡུལ་འདོན་གྱི་གདམས་པ་ལ། དུང་མོ་ཆོལ་ཙམ་ཅིག སྲོ་ལོ་དཀར་པོ་མཐེབ་ཚིགས་ཙམ་གཅིག ཕོ་བ་རིས་བདུན་བརྒྱད་ཙམ། པི་པི་ལིང་བཅུ་ཙམ། སྒ་རྡོག་འབྲིང་གཅིག རྒྱ་ཚ་ནས་ཙམ་གཅིག སྨན་ཚ་ཆོ་ལོ་ཙམ་གཅིག ལྦ་ཚ་གཞན་བས་ཆེ་བ་གཅིག ཆང་ཚོད་གཅིག་ནོན་པ་ཙམ་གྱི་ཕབས་གཅིག དེ་ཚོ་ཞིབ་པར་བརྡུངས་ལ། ཆུ་བྲེ་གང་འོ་མའི་དྲོད་ཙམ་དུ་བསྲོས་ལ། འོ་མ་གནོན་པ་བཞིན་དུ་མནན་ནོ། །ཨོལ་གོང་བ་ཉི་ཤུ་རྩ་གཅིག ནང་མ་ལྔ་ལ་ལྦ་ཚ་བཏབ་ལ་ལྔ་གཏང༌། ཕྱིད་ཉིན་བདུན་ལ་ལྦ་ཚ་བཏབ་ལ་གཏང༌། དེའི་ཕྱིད་ཉིན་དགུ་ལ་ལྦ་ཚ་བཏབ་ལ་གཏང་ངོ༌། །དེ་ནས་སྔར་གྱི་སྨན་མནན་པ་དེ་སྦོད་རྩེར་ལངས་པ་དང༌། ཀྲོལ་ཞིང་ལྟོ་སྟོང་ལ་གཏང་ངོ༌། ལྦ་བའི་གདམས་ངག་རྫོགས་སོ།།  །།ཆུ་སེར་གྱི་ཀོར་ལེའི་ཁྲུས་ལ། རུ་རྟ། བྱང་བ། སྦོད། ཕོ་བ་རིས། པི་པི་ལིང༌། གུ་གུལ་དཀར་པོ། རྒྱ་ཚ་ཞིབ་པར་བརྡུངས་ལ། སྡུད་བོན་ཟོ་མར་གྱིས་བྱས་ལ་ཆང་ལ་བསྣུར་ཏེ། གང་ཆུ་སེར་ན་བ་དེ་ལ་བསྐུས་ཏེ། ཉི་མ་ལ་འདུག་གོ །དེ་ལྟར་བྱས་པས་འཕྲལ་ལ་ཕན་པར་འགྱུར་རོ། །ཆུ་སེར་ཀོར་ལེའི་ཁྲུས་ཨི་ཐི།།  །།ཅུ་གང༌། བོང་ང༌། ཁྲོན་བུ། ཤུག་ལོ་བཞི། ཀ་ར་དཀར་པོའི་ཕྱེ་མ་ཉིས་འགྱུར་དུ་སྦྱར་ལ། ཆུ་གྲང་རྟ་བྱས། ཚབས་དང་སྦྱར། ལྟོར་གཏང༌། ཚ་བ་ཆེ་ན་པི་པི་ལིང་ཅུང་ཟད་བཏང་བས་གཟེར་བ་མ་ལུས་འཇོམས། མཆོག་ཏུ་གྱུར་པའི་གཉེན་པོ་དམ་པ་ཡིན། དེ་ཉིད་ཆུ་དང་སྦྱར་ལ་ཕྱི་རོལ་བྱུག་བྱས་ན། །སྐྲངས་འཇོམས་མཆོག་ཏུ་གྱུར་པའི་གདམས་པ་དམ་པ་ཡིན། །ས་མཱཔྟ་མི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། སྐྲན་སྨན་གྱིས་བཤིག་པ་ལ། མིའི་མགོ་རུས། རྟའི་མགོ་རུས། ཁྱིའི་མགོ་རུས། ཕག་པའི་མགོ་རུས། ཤ་བའི་རྭ་རྣམས་སོ་སོར་བསྲེགས་པའི་ཐལ་བ་བྱ། དེའི་སྟེང་དུ་སྤེན་མ། ཕུར་མོའི་ཐལ་བ་དང༌། དེ་རྣམས་ཞིབ་བར་བྱས་ལ། གྲང་བ་ལས་གྱུར་པ་ལ་བུ་རམ། ཚ་བ་ལས་གྱུར་པ་ལ་ཀ་ར་ལ་སྦྱར་ལ་ལྟོ་སྟོང་ལ་གཏང་ངོ༌། །དེས་ནི་སྐྲན་གྱི་རིགས་ཐམས་ཅད་རང་ཞི་བར་འགྱུར་རོ། །ཤིན་ཏུ་ཟབ་པའི་སྨན་སྦྱོར། །ས་མཱཔྟ་མི་ཐི།།  །།གློ་བ་ལས་རྣག་སྐྱུགས་པ་ལ། ཤིང་མངར་དང་ཤིང་ཚ་གཉིས། རུ་རྟ་དང་སྟར་བུ་གཉིས། ལི་ག་དུར་དང་པི་པི་ལིང་གཉིས། དེ་རྣམས་ཆ་བསྙམས་ལ། རྟའི་འོ་མ་ལ་སྦྱར་ལ་ལྟོ་སྟོང་ལ་གཏང་ངོ༌། །མང་ཉུང་ནད་པའི་ནད་བབས་ཆེ་ཆུང་དང་ཤེད་ཆེ་ཆུང་སྦྱར་རོ། །དཀར་པོ་གྱེན་འདྲེན་ཞེས་བྱ་བའི་རྣག་སྐྱུགས་ཤིན་ཏུ་ཟབ་པ། །ས་མཱཔྟ་མི་ཐི།།  །།རིམས་ནད་བསྲུང་བའི་མན་ངག་ནི། །གླ་རྩི་གི་ཝང་ཤིང་ཀུན་གསུམ། །ཤུ་དག་བོང་ང་ཨ་རུ་ར། །སྒོག་སྐྱས་བསྡུས་ལ་རི་ལུ་བྱ། །གཟེར་ཐུང་རིམས་ནད་ཐམས་ཅད་ཐུབ། །གི་ཝང་བདུན་པ་ཞེས་བྱ་སྟེ། །རི་ལུ་རེ་ཡིས་ཞག་བདུན་ཐུབ། །ལྟོ་སྟོང་དག་ལ་རེ་རེ་གཏང༌། །དེ་ལ་ཉམ་ང་ཐེ་ཚོམ་མེད། །རྗེ་བཙུན་ཆེན་པོའི་ཞལ་གྱིས་གདམས་པ་ཤིན་ཏུ་ཟབ་བོ། །ཐར་ནུ་སུམ་གཉིས། ར་དུག་པ་སུམ་ཆ། ཨ་རུ་ར་ཞིབ་པར་བཏགས་ལ། བུ་རམ་མམ། འོ་མ་དང་སྦྱར་ལ་ཐང་ཀ་ལ་གླན། དེ་ནས་ལྟོ་སྟོང་ལ་སོ་རྩ་མངར་ཙམ་རེ་མྱང༌། དེས་རིམས་ནད་ཐམས་ཅད་དང༌། བྱེ་བྲག་ཏུ་བྱིས་རིམས་ཐུབ་པར་འགྱུར་རོ། །ཡང་མཎྜལ་གཅིག་གི་སྟེང་དུ། དབུས་སུ་འཇམ་དཔལ་གྱི་རྟེན་ཡུང་བ། གཡས་སུ་སྤྱན་རས་གཟིགས་ཀྱི་རྟེན་ཤུ་དག གཡོན་དུ་ཕྱག་ན་རྡོ་རྗེའི་རྟེན་བོང་ང་ནག་པོ་ཅིག་བཞག་ལ། སྔགས་འདི་བཟླས་སོ། །ཨོཾ་ཐིམ་ཏ་ར་ས་དུནྟི་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ། ཞེས་རང་བསྲུང་བ་ལ་ལྔ་བརྒྱ། གཞན་བསྲུང་བ་སུམ་བརྒྱ་བཟླས་ལ། ཡུང་བའི་བུར་མ་དབུས། ཤུ་དག་གཡས། བོང་ང་གཡོན་དུ་བྱས་ལ་མགུལ་དུ་གདགས་སོ། །དེས་རིམས་ནད་ཐམས་ཅད་ཐུབ་པར་འགྱུར་རོ། །བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་གདམས་པ་ཟབ་བོ། །རྗེ་བཙུན་ཆེན་པོའི་ཞལ་གདམས་སོ།།  །།གསུམ་གྱི་སྦྱོར་བའི་མན་ངག་ལ། བོང་ང་ནག་པོ་ཆ་གཅིག་ལ། ཨ་རུ་ར་དྲུག་ལོག་བཏང་ལ་ལྕག་ཕོར་དུ་དྲི་ཆུ་ལ་ཡུན་རིང་དུ་སྦྱངས་ལ་རིལ་བུ་བྱ། གག་ལྷོག་ལ་རིལ་བུ་ལྔ་ལྔ་ཆུས་འཕུལ་ལ་གཏང༌། རྗེས་ལ་མངར་དང་དཀར་དང་སྐྱུར་སྤང་ངོ༌། །བོང་ང་ནག་པོ་དང་ཛཱ་ཏི་དུམ་གཅིག ཨ་རུ་ར་གསེར་མདོག་བདུན་འགྱུར་སྙིང་རླུང་ལ་གཏང༌། བོང་ང་ནག་པོ། ཨ་རུ་ར་བདུན་འགྱུར། ཤུ་དག རུ་རྟ། དུ་བ། སྒོག་སྐྱ། བྱིས་པའི་དྲི་ཆེན། དྲི་ཆུ་དེ་རྣམས་སྦྱར་ལ། ལྷོག་པ་ལ་ཕྱིའི་བྱུག་ནན་བྱའོ། །བོང་ང༌། ཤུ་དག བ་བླ། ཆུ་རྩ། རུ་རྟ། གྲེ་བའི་གག་པ་ལ་གཏང་ངོ༌།།  །།ཨོཾ་སྭ་སྟི་སིདྡྷཾ། རིམས་བསྲུང་བ་རིན་པོ་ཆེའི་གདམས་པའི་ལུགས་འདི་ལ་སྨན་འདི་རྣམས་སོ། །བོང་ང་ནག་པོ། མུ་ཟི། གུ་གུལ་ནག་པོ། སྦྲུ་པའི་རྩ་བ། ཤིང་ཀུན། གླ་རྩི། ལྡོང་རོས། བ་བླ། སྟག་ཤ་བ། དྲི་ཆེན། དྲི་ཆུ། ར་དུག་པ། རྭ་གཞོབ་འདི་རྣམས་ལེགས་པར་བཏགས་ལ། ཐུམ་བུ་བྱས་ལ། དྲི་སྣ་བུག་ཏུ་གཏང་ངོ༌། །ནད་ཚབས་ཆེན་པོ་ལ་འཇུ་ན་དྲི་ཆུ་ལ་སྦྱར་ལ་ནད་འགོས་པའི་སྒོ་དགུ་ཐིག་ལེ་བྱ། བསྲུང་བ་ལ་མི་འགོམ་བར་བྱའོ། །སྔགས་ཀྱིས་བསྲུང་བ་ལ། ཨོཾ་མ་ཏཾ་གྷོ་བྷིས་ཆེན་ནི་སྭཱ་ཧཱ། ཞེས་མང་དུ་བཟླས་སོ། །ས་མཱཔྟ་མི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །བདུད་རྩི་ཡང་ཐིགས་ཞེས་བྱ་བའི་གདམས་ངག་འདི་ལ་དོམ་མཁྲིས། ཆུ་རྩ། ཤ་ལ་གཡུ་རི། བོང་ང་དཀར་པོ་རྣམས་ཆ་མཉམ། དེ་རྣམས་ཀྱི་ཆ་ཕྱེད་ཀ་ར་གཏང༌། མཚལ་ཀ་རའི་ཕྱེད། རྒྱ་ཚ་མཚལ་གྱི་ཕྱེད། དེ་རྣམས་ཞིབ་པར་བཏགས་ལ། ཁྱེའུས་འཐུངས་པའི་ནུ་ཞོས་སྐྲུས་ལ། རི་ལུ་དུང་ཡ་ཀོད་འབྲིང་པོ་ཙམ་བྱས་ལ་སྦའོ། །ལྷ་བ་བྱེ་བ་ལ་བདར་ལ་གཏང༌། དར་ཐོག་ཏུ་རྣག་ཤོར་བ་ལ་གསེང་གཏོད་ལ་གཏང༌། འབྲས་ལ་བསྲེགས་ལ་གདབ་བོ། །རྨ་རྩི་རེག་འབྱོར་ཞེས་བྱ་བ་ཨི་ཐི།།  །།ཡང་ལུགས་གཅིག་ལ། རྡོ་སྨུག་པོ་སྦལ་རྒྱབ། བོང་ང་དཀར་པོའི་རྩ་བ། ལོ་མ། དོམ་མཁྲིས། མི་མཁྲིས། ཚ་ལ་རྣམས་ཞིབ་པར་བཏགས་ལ་བཏང་ན་རྨ་རྩི་ཤིན་ཏུ་ཟབ་བོ། །དེའི་སྟེང་དུ་ཙནྡན་དཀར་པོ་བཏང་ན་རྡོ་རྗེ་དང་འདྲའོ། །ཡང་ན། སྦལ་རྒྱབ། མཚལ། མཁྲིས་ཆེན་གསུམ་བཏང་ཡང་བཟང་ངོ༌། །ཡང་དག་པའི་གདམས་ངག་ས་མཱཔྟ་མི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །རྒྱའི་ལུམས་བཅོས་ཀྱི་མན་ངག་འདི་ལ། གུ་ལེན་གྱིས་ལྷ་བ་འཛིན། ཉེ་འབྱེད་ཀྱིས་ཧྲལ་ཧྲུལ་གཅོད། དམར་ཁྲག་གིས་ཤའུ་བསྐྱེད། ཧྲི་དམར་གྱིས་རྩ་ཁ་སྡོམས། རྡོ་སྨུག་གིས་ཆ་སྙོམས་སོ། །ཀླད་པ་འཛག་ན་ཀླད་ཐེམ་གཞུག ཀླད་ཐེམ་ནང་དུ་སྨན་གྱིས་མནན། དེའི་སྟེང་དུ་དར་དམར་པོ་གཏང༌། དེའི་སྟེང་དུ་རྨ་ཆས་དང་རས་འཇག་གིས་དཀྲི། ཕྱེ་ཐུག་མར་གསར་བཏབ་ལ་གཏང༌། ཞོ་གཏང༌། ཤ་ཚོད་དང་སྦྱར། ཚ་བ་སྐྱེས་ན་བཟང་དྲུག་དང༌། ཙནྡན་དཀར་པོ་སྦྱར་ལ་བཏང༌། གྲང་རླུང་སྐྱེས་ན་བུ་རམ་རྙིང་པ་དང༌། ཆང་བསྲེས་ལ་གཏང༌། སྤྱོད་ལམ་གཞན་སྤྱི་དང་འདྲའོ། །འདི་ནི་ལུས་མགོ་མཇུག་གི་རྨ་གསར་རྙིང་ཐམས་ཅད་ལ་བདུད་རྩི་དང་འདྲའོ། །ཨི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མགོ་བོའི་ལུམས་བཅོས་ཀྱི་མན་ངག་ལ། རྡོ་སྨུག་པོ་སྦལ་རྒྱབ་དང༌། ས་ཁ་བུ་རམ་དང༌། འགྲོ་རྟེན་ཞག་ཆེན་དང༌། ཧི་དམ་དང༌། ཉེ་འབྱེད་དང་སྦྱར་ལ། མཐུ་སྦྱོར་ཞེས་བྱ་བ་ཡིན་པས་ཐུན་ཚད་ལ་ངེས་པ་མེད་དོ། །དེ་ནས་རུས་པ་སྐྱུང་བུས་བྲད་དོ། །རྨ་ཁ་ལོན་པའི་དགོས་པ་ཡོད་དོ། །དེ་ནས་སྨན་བཏབ་ལ། རྨ་ཁ་དར་གྱིས་བཅད་དོ། །སྦང་མ་དང་རས་འཇག་གཏང་ངོ༌། །དེས་སྐྱོན་གང་ཡོད་ཀྱང་ཚེགས་མེད་པར་འཚོ་བར་འགྱུར་རོ། །ཁྱད་པར་ཅན་གྱི་གདམས་ངག་ས་མཱཔྟ་མི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །དམུ་ཆུ་འཕྲུལ་གྱི་འཛག་སྐེམས་ཞེས་བྱ་བ་འདི་ལ་དམུ་ཆུ་དང༌། འོར་དང༌། དམུ་རྫིང་ལ་སོགས་པ་ལས་བསྡུས་པས་དཀར་ནག་གཉིས་སུ་འདུས་སོ། །སྐེ་དང་རྐང་ལག་སྐྲངས་པ་དང༌། གསུས་པ་ཆེ་བ་དང༌། ལུས་ཟུངས་ཆུང་བ་ནི་དམུ་རྫིང་ནག་པོ་ཡིན་པས་སྤང་བར་བྱའོ། །ལུས་སྐྲངས་པ་དང༌། གསུས་པ་ཆེ་བ་དང༌། རྐང་ལག་སྐྲངས་པ་དང་རེས་ཆེ་རེས་ཆུང་བྱེད་པ་ནི་དམུ་ཆུ་དཀར་པོ་ཡིན་པས་མཁས་པས་གསོ་བར་བྱའོ། །དེ་ལ་དང་པོ་དུགས་བྱ། དེ་ནས་སྨན་སྦྱར་བ་ནི། ཀ་ར་བུ་རམ་སྦྲང་རྩི་གསུམ་གཙོ་བོ་ཡིན་ནོ། །དུར་བྱེད་དོང་ག་སྔོན་བུ་གསུམ་རྣོ་བའི་སྨན་གསུམ་མོ། ཡུང་བ་སྐྱེར་པ་སེར་པོ་ཁྲག་རྐང་གསུམ་སེར་པོ་གསུམ་མོ། །དབྱི་མོང་ཙི་ཏྲ་ཀ་ལྕེ་ཚ་བ་གསུམ་ནི་སྔོ་གསུམ་མོ། །རྒྱ་ཚ་རྒྱམ་ཚ་ཁ་རུ་ཚ་གསུམ་ནི་ཚ་གསུམ་མོ། །འབྲས་བུ་གསུམ་དང་པི་པི་ལིང་ལྕམ་པ་གསུམ་ནི་ཁ་འཛིན་གསུམ་ཞེས་བྱའོ། །གཞན་ཡང་ཚྭ་སྣ་ཚོགས་ཚད་གཏང་སྟེ། རྭ་ཚ། ཤིང་ཚ། ལྕེ་མྱང་ཚ། ཁ་རུ་ཚ། ཐལ་ཚ་ལ་སོགས་རྙེད་ཚད་གཏང་ངོ༌། །དེ་རྣམས་མར་དཀར་ལ་སྦྱར་ལ། ཁྱེ་སུས་ཀྱི་དུས་སུ་ཁྱེམ་བུ་དོ་གསུམ་གཏང་ངོ༌། །ཞག་དང་པོ་ལ་ཁྱེམ་བུ་གསུམ་གཏང༌། དེས་རྩ་ལམ་དང༌། ཆུ་ལམ་ནས་ཆུ་སེར་བྲེ་དོ་ཙམ་འཛག་གོ །དེ་ནས་སྐྲངས་པའི་འཇུ་སྟོབས་དང༌། ཆུའི་འཛག་སྟོབས་སྦྱར་ཏེ། ཁྱེམ་བུ་རེ་རེ་ཙམ་གཏང༌། ཆུ་ཉུང་ན་ཁྱེམ་བུ་གསུམ་ཙམ། ཕོ་བས་ཐུལ་མི་ཐུལ་ལྟ་ཞིང་གཏང༌། དེ་ནས་ཞག་བརྒྱད་ཙམ་དུ་ཁྱེམ་བུ་རེ་རེ་གཏང༌། འཕྲལ་ལ་ཉམས་ཚད་ཅིང་མ་བཏང་ན། དུས་གཅིག་ལ་རྡོལ་ནས་ནད་པ་འཆི་བ་ཡིན་ནོ། །གཟབས་ནས་ལེགས་པར་བཅོས་ནས་མྱུར་དུ་འཚོ་བ་ཡིན་ནོ། །རྗེས་བཅད་པ་བཤལ་དང་འདྲ། དེས་ནི་འཛག་ཅིང་སྐེམས་པར་བྱེད་དོ། །དམུ་ཆུ་འཕྲལ་འཛག་ཅེས་བྱའོ། །འཛག་པར་མི་ཤེས་པར་སྐེམས་པ་ནི། ཆུའི་གག་པ་བསྡམས་པ་དང་འདྲ་སྟེ་འཆིའོ། །དམུ་ཆུ་འཕྲུལ་གྱི་འཛག་སྐེམས་ཞེས་བྱ་བ་ཨི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཤ་དུག་གི་སྔགས་ལ། ཨོཾ་ཧྲིམ་ཧཱུྃ། ཀ་རུ་ཏེ་མ་ཡ་ན་མ་ཀྲིཾ་ཀྲིཾ་སོད་སྭཱ་ཧཱ། ཐོ་རངས་གངས་ཆུ་རྙོག་མེད་ལ། །སྨྲ་བ་བཅད་དེ་ཅི་ནུས་བཟླས། །ཚུགས་ཚད་ནད་པ་དག་ལ་གཏང༌། །ལངས་པ་ཤར་གྱི་ནད་རྣམས་འཇོམས། །ཨེ་མ་ཧོ། ཨི་ཐི།།  །།གླང་རོག་པོ་རྙེད་ན་རབ། མ་རྙེད་ན་གང་གིས་ཀྱང་བཏུབ་སྟེ། དེའི་མཁྲིས་པ་མ་ཉམས་པ་ཅིག་ཆུ་ལ་སྦྱངས་ལ་གཏང་ངོ༌། །གླང་གི་མཁྲིས་པ་གཅིག་གིས་མི་གཅིག་ཐོན་པ་ཡིན་ནོ། །ཤ་དུག་གི་སྨན་གྱི་མཆོག་ཡིན་ནོ། །ཡང་ནས་ཡང་དུ་རྟགས་ཐོན་པ་ཡིན་ནོ། །བཙན་དུག ཚ་བུལ་མེད་པ་ཞིབ་པར་བཏགས་ལ་ཆུ་བཟང་པོ་ལ་འདུར་ལ་བཏབ་ནས་འཐུངས་ན་བཙན་དུག་དང༌། ཤ་དུག་རྡོ་རྗེ་བཞིན་འཇོམས་སོ། །ཟབ་བོ། །དུག་ནད་གསོ་བ་ལ། ཁྱིམ་གསར་གྱི་བུ་མིག་མ་བྱེ་བའི་ཤ་གྲིབ་སྐམ་བྱས་ཏེ། དབང་པོ་ལྔ་དང༌། དོན་སྙིང་ལྔ་དང༌། ཡན་ལག་བཞི་སོ་སོར་ཕྲལ་ཏེ་མ་ནོར་བར་བསྐམས། ལུས་ཐམས་ཅད་ན་ན་ཤ་ཐམས་ཅད་ལས་བསྡུས་ལ་གཏང༌། དོན་སྣོད་སོ་སོ་ན་ན་གང་ན་བ་མ་ནོར་བར་བྱས་ལ་བཏགས། གངས་ཆུ་ལ་སྦྱར་ལ་གཏང༌། སྨན་ཞོ་རེ་ར་ནང་མ་བདུན་གྱི་བར་ལ་བཏང་ན་ཐུབ་བོ། །དུག་འདྲེད་ནི། ཨ་རུ་ར་ཟུར་ལྔ་དང༌། བུད་མེད་གཞོན་ནུ་མ་དུག་དང་རིམས་དང་མཆིན་པའི་ནད་ཀྱིས་མ་ཤི་བའི་མཆིན་པ་མ་རུལ་བ། མ་བམ་པ། བུད་མེད་མ་གསར་གྱི་བུ་ཁྱེའུ་སྐྱེས་པའི་རོ་ཚན་དང་གསུམ་མཉམ་པོར་སྦྱར་ལ། ཐོ་རངས་ཆང་གིས་ཕུལ་ལ་གཏང་ངོ༌། །ཐུན་ཚད་ཐེབ་སྙིང་གང་གཏང་ངོ༌། །ལྟོ་ཉི་མ་ཕྱེད་ལས་མི་བཟའ། དེས་ལོ་གཅིག་ཐེ་ཚོམ་མེད་པ་ཐུབ་བོ། །སོ་པ་ནི་བོང་ང་ནག་པོ་ནས་ཙམ་ཅིག་ཞིབ་པར་བཏགས་ཏེ་ཆུ་ལ་སྦྱར། ལྕེ་ལ་བསྐུ་ཞིང་ཉི་མ་ལ་གདུང༌། དེ་ནས་ལྕེ་བེར་ལངས་དྲན་པ་མེད་ཙམ་ན། ཨ་རུ་ར་ནས་ཙམ་དྲུག་བཏབ་ལ་ཁོང་དུ་གཏང༌། ཟླ་བ་ཕྱེད་ཚུན་ལ་སྦྱོར་བ་གང་བྱུང་ཡང་ལྕེ་བེར་འོང༌། བླ་མའི་ཞལ་ནས་གསུངས་པའོ། །ས་མཱཔྟ་མི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཅོང་ཞིའི་གདམས་པ་ནི། དང་པོ་ཅོང་ཞི་བཟང་པོ་དྲུས་ཕྱེ་ཙམ་དུ་བཏགས་ལ། ཆང་ངམ། ཤམ་པོ་ལ་བཏབ་ལ། སགས་ནས་ལྦུ་བ་ཙིར་ཙིར་བྱུང་བ་དེ་རྣམས་གཟར་བུས་བྱབས་ལ་སྐྱུར་རོ། །དེ་ནས་ནུབ་གཅིག་བཞག་པ་གྲུངས་པ་དེ་རས་གཙང་མའི་ཁུད་དུ་གཏུམས། རས་གཅུད་ལ་བཙིར། དེ་ནས་ནང་གི་རྩིགས་མ་དེ་རས་ཀྱི་ཁུད་དུ་བཀྲམ་ལ། སྟེང་ནས་རས་རྐྱང་པས་བཀབ་ལ་ཉི་མ་ལ་བསྐམ། བསྐམས་པ་དེ་རང་ཐག་བཟང་པོ་ལ་ཉིས་ཐགས་བྱས་ལ། དེ་ལ་པི་པི་ལིང༌། ཕོ་བ་རིས་གཉིས། སྒ་རྡོག་ཕྱེད། རྒྱམ་ཚ་རིལ་མ་ཙམ་གཅིག ཨ་རུ་ར་རྡོག་པོ་གཅིག བད་ཀན་སྨུག་པོ་ལ་ཀ་ར་དཀར་པོས་བྱ། སྐྱ་བོ་ལ་བུ་རམ་དང་སྦྱར་ནས་ན་བའི་དུས་ན་ཉིན་གཅིག་ལ་ཡང་ནམ་ན་ཙ་ན་གཏང་ལ། མི་ན་ན་འཕྲོ་གཅོད་པ་ཡིན་ཏེ། འདི་དཀར་འདུལ་ཞེས་བྱ་བ་ཁྱད་པར་ཅན་གྱི་གདམས་ངག་གོ །འདི་གཏང་བའི་སྔོན་དུ་ལ་ཕུག ཚ་མིག་ཞིབ་པར་བརྡུངས་ལ་ཆུ་ལྡུར་བ་བརྡུངས་ནས་འདྲེད་དུ་སོང་ནས་ནད་དུ་འགྲོ་མི་སྲིད་དོ། །མ་ཞུ་བ་སྙམ་བྱེད་ན་ཡུངས་རྡོག་རེ་རེ་བཅའ། རྩ་འགགས་ན་རང་གི་དྲི་ཆུ་གཏང༌། ལྕོམ་པའི་ཐང་གཏང༌། དམ་ཚིག་ཏུ་འདི་བསྟེན་པའི་དུས་སུ་མར་ནག་དང༌། སྣུམ་ཁུར་མི་བཟའོ། །སྤྱིར་ནད་བད་ཀན་ལ་རྒྱམ་ཚ་གསུམ་པའི་ཐང་གཏང༌། དེ་ནས་སྦྱང་གཏང་ངོ༌། །དེ་ནས་འདིའི་སྦྱོར་བ་བསྟེན་ན་གང་ཡང་སོས་སོ། །ཁྱད་པར་མཆོག་ཏུ་གྱུར་པའི་གདམས་ངག་རྡོ་ཆུའི་གདམས་ངག་ནི། མོ་ཅོང་བཟང་པོ་མགར་བའི་སོལ་མེར་བསྲེག ཅུ་གང་བཟང་པོའི་ཆུལ་སྐྱུར་རོ། །དེའི་ཆུ་དེས་བསྐུ་བྱུག་བྱས་པས་སོ་དམ་པ་དང༌། ལུས་རྡོ་རྗེ་བཞིན་དུ་འགྱུར་རོ། །ཚེ་ཉི་ཟླ་ལྟ་བུར་འགྱུར། སྟོབས་ཆེ། མདངས་རྨ་བྱ་དང་འདྲ། མིག་གིས་ཚངས་པའི་གནས་མཐོང༌། སྐྲ་དཀར་དང་གཉེར་མ་མེད། རོ་ཙ་བར་བྱེད་དོ། །གཞན་ཡང་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །དཔལ་དུས་ཀྱི་འཁོར་ལོ་ནས་འབྱུང༌། །ཨི་ཐི།།  །།རོ་སྟོད་ཚ་ཁོང་ངེ་ན་བ། ནས་ཆང་འཇམ་པོ་ལ་ཅོང་ཞི་བཏབ་ལ་གཏང༌། དེས་སེལ་ལོ། །ཛཱ་ཏི། ཅོང་ཞི་སྦྱར་ནས་གཏང་ན་སྙིང་རླུང་སེལ་ལོ། །བྲག་ཞུན་རིལ་མ་ཙམ་ཅིག་ཅོང་ཞི་དང་སྦྱར་ནས་བཏང་ན་བད་ཀན་དང༌། དུག་ཐམས་ཅད་ཀྱི་ནད་སེལ་ལོ། །ཅོང་ཞི་དང་སྤང་རྒྱན་དཀར་པོའི་རྩ་བའམ། མེ་ཏོག་དང་སྦྱར་ནས་བཏང་ན་གྲེ་བའི་ནད་ལ་ཕན་ནོ། །བྲག་ཞུན་འདུལ་བའི་ཐབས་ནི། བྲག་ཞུན་ཁྲམ་ཁྲུམ་དུ་བརྡུངས་ལ་ཆུ་ལ་གདབ། དེ་ནས་བྲ་བའི་རིལ་མ་གཞིབས་ལ་སྐྱུར། དེ་ནས་ཡང་དཀྲུགས་ལ་དར་གཅིག་ན་རིལ་མ་བཞག དེ་ནས་དངས་མ་བཞུར་ལ་མེ་ལ་བསྡུ། དེ་ལྟ་བུར་སོང་བ་དང་ཉི་མ་ལ་སྐམ་མོ། །འབྲུམ་ནག་གིས་གྲེ་བ་འཐམས་ན་དངུལ་ཆུ་དུག་མ་བཏོན་པ་དང༌། གླ་རྩི་དང་ར་ཁྲག་སྦྱར་ནས་བཏང་བས། འབྲུམ་ནག་མ་ཐོན་པ་རྣམས་ཕྱིར་འབྱུང་བར་འགྱུར་རོ། །ཡང་འབྲུམ་པས་གྲེ་བ་འགགས་པ་ལ། བོང་ང་ནག་པོ་སུམ་གཉིས། ཨ་རུ་ར་སུམ་ཆ་སྦྱར་ནས་གྲེ་བར་བཏབ་སྟེ་ཅུང་ཟད་ཅིག་ན་ཧག་བྱས་པས་སངས་ནས་འགྲོའོ། །དངུལ་ཆུའི་དུག་འདོན་པ་ནི། ཚ་བ་སླད་པའི་མཆིལ་མ་དང་བསྣུར་བས་གཡའ་གུད་དུ་འོང་ངོ༌། །ཡང་ན་ལྟར་བུས་ཀྱང་ངོ༌། །རྒྱམ་ཚ་དང༌། གླ་རྩི་ཆ་བསྙམས་ནས་ཞིབ་པར་བཏགས་ཏེ། ལིང་ཏོག་ལ་བཏབ་ན་མྱུར་དུ་སེལ་ལོ། །གཉན་རིགས་ཀྱི་ནད་འཇོམས་པའི་ཁོང་སྨན་ནི། ར་དུག་ཞོ་གཅིག ཁྲོན་བུ་ཞོ་གཉིས། ཤུག་པ་ཚེར་མ་ཅན་གྱི་ལོ་མ་ཞོ་གཅིག་སྦྱར་ནས་བཏང་ན་གག་པ། ལྷོག་པ། གཟེར་ཐུང༌། གཉན་རིགས་ཀྱི་ནད་ངན་ཙམ་སེལ་ལོ། །སྦྲུམ་མ་ལ་བཏང་ན་བུ་འཆོར་རོ། །འདི་ནི་ཁྱད་པར་གྱི་གདམས་པའོ། །ཨོཾ་ར་ད་ར་སོད། དུ་ར་སོད། ཆར་ཆར། ཆིར་ཆིར། སྲིན་བུ་མགོ་དམར་སོད། ཅེས་སོ། །སྲིན་ལ་ཆུ་རྩ་སྲན་མ་ཙམ་གསུམ་ལ་སྔགས་བརྒྱ་བརྒྱ་སོ་སོར་བཏབ་ལ། སོ་ན་བའི་བར་དུ་མནན་ནོ། །མིག་གི་སྲིན་བུ་ལ། གྱོ་མོ་གསང་བ་ལ་བརྒྱ་བཏབ་ལ། དར་ཚགས་ལ་བཙགས་ནས་དགབ། ཁོང་སྲིན་ལ་བའི་འོ་མ་ལ་ཚ་བཏབ་ལ་བསྐོལ་ཏེ་སྔགས་མང་དུ་བཏབ་ལ་ལྟོར་གཏང་ངོ༌། །ལན་འགའ་བཏང་ངོ༌། །སྲིན་བཤལ་བཏང་ན་རང་གི་དྲི་ཆུ་ལ་ཚ་ཞིབ་པོ་ཚུམ་ཅིག་བཏབ་ལ་མེ་ལ་བསྐོལ། གྲངས་པ་དང་འཐུངས་ཏེ་མལ་ཆས་བྱིབས་ལ་ཉལ། ཅུང་ཞིག་ན་སྲིན་ཐམས་ཅད་འབྱུང་ངོ༌། །དེས་ལོ་དུས་སམ་ཟླ་ཕྱེད་ཐུབ་བོ། །ས་མཱཔྟ་མི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆུ་སྐྱེས་འོ་འཛག་དང༌། །བློན་པོ་གསེར་གྱི་སྡོང་པོ་གཉིས། །འབངས་ནི་རིན་ཆེན་ཆུས་སྦྱངས་ནས། །གཟེར་ཐུང་མ་ལུས་ཞི་བར་བྱེད། །ཅེས་པ་ཐར་ནུ་འོ་མར་བཏུལ་བའམ། མ་བཏུལ་ཡང་རུང་སྟེ། ཆུ་རྩ་རྐང་གཅིག་པ་དང་ཆ་བསྙམས་ལ་སྦྱར། རྩི་བཞིན་དུ་བཏགས་ནས་ཆུ་ལ་སྦྱར་ནས་བཏང་ན་གཟེར་གྱི་རིགས་ཐམས་ཅད་དང༌། གཉན་རིགས་འགོས་སླ་བ་ཐམས་ཅད་འཇོམས་སོ། །དེའི་སྟེང་དུ་སྐྱོབ་སྦྱོར་བར་འདོད་ན། ཚ་བ་ཆེ་ན་ཧོང་ལེན་སུམ་ཆ། འཇམ་པོར་འདོད་ན་ཤ་ཆེན་བག་ཙམ་གཏང་ངོ༌། །དོན་སྣོད་ཀྱི་ཁ་འཛིན་ནི། སྙིང་ལ་ནད་བབས་ན་ཛཱ་ཏི། གློ་བ་ལ་ཅུ་གང༌། མཆིན་པ་ལ་གི་ཝང་དང་བྲག་ཞུན། མཚེར་པ་ལ་ལི་ཤི མཁལ་མ་ལ་སུག་སྨེལ། མཁྲིས་པ་ལ་གསེར་གྱི་མེ་ཏོག་དང་ཏིག་ཏ། དེ་རྣམས་ཁ་འཛིན་སོ་སོར་བཏང་ན་ནད་གང་ཡིན་པ་འཇོམས་སོ། །སྐྱུག་ཏུ་མི་གཞུག་གོ །དྲོད་ལ་བསྒོར། ཕོ་བ་ཅུང་ཟད་ན་ན་ཡོས་དུགས་བྱ། དེས་ནད་ཐམས་ཅད་འཁྲུ་བར་འགྱུར་རོ། །ལན་ཅིག་འཁྲུས་ནས་ཆུ་སྐོལ་མང་དུ་གཏང་ངོ༌། །འདི་ཁྱད་པར་གྱི་གདམས་པའོ། །ཨི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །བྱང་ཁོག་རིན་པོ་ཆེའི་རྣག་སྐེམས་འདི་ལ་དངུལ་ཆུ་ཞོ་གཅིག མུ་ཟི་སྲང་གཉིས། ཨ་རུ་ར་ཚུམ་གཅིག དེ་རྣམས་ཞིབ་པར་བཏགས་ལ་རང་གི་དྲི་ཆུས་སྦྱར་ཏེ། རྫ་སོ་བཏང་བའི་ནང་དུ་མུ་ཟི་མ་བཏུལ་བ་སྲང་གཅིག་འོག་ཏུ་བཏིང༌། དེའི་སྟེང་དུ་ཟངས་སྲབ་པོ་གླེབས་ལ་བཞག དེའི་སྟེང་དུ་དངུལ་ཆུ་བླུགས། དེའི་སྟེང་དུ་མུ་ཟི་སྲང་གཅིག་གིས་ཟངས་ཁྱབ་པར་གཡོགས། ཁ་ཆོད་འགྲིགས་པར་བྱས་པའི་སྟེང་དུ་བུག་པ་བྱས་ལ། འདག་པ་དང་ལྕི་བ་བསྲེས་པས་དུད་པ་མི་འཆོར་བར་དགག སྤང་བཟང་པོའི་མེས་བསྲེག་གོ །ཚོས་མ་ཚོས་བལྟ་བ་ནི། བུག་པ་ན་མར་ལྕགས་ཕྲ་མོ་གཅིག་བརྒྱབ་པས་སོབ་ཀྱིས་སོང་ན་ཚོས་པ་ཡིན། མ་ཕེད་ན་བསྐྱར་ལ་བསྲེག་གོ །ཚོས་པ་དང༌། ཟངས་དང༌། དངུལ་ཆུ་འདྲེས་པས་སྔོ་ལེབ་པ་བ་ཅིག་འོང༌། སྔོ་སྐྱར་འདུག་ན་ཤིན་ཏུ་ཚོས་པ་ཡིན། སྨུག་པོར་འདུག་ན་མ་ཚོས་པ་ཡིན། ཐལ་བ་དེ་དང༌། ཡུང་བ་དང༌། པ་ཏོ་ལ་དང༌། ལི་ག་དུ་ར་དང༌། སོ་མ་ར་ཛ་དང༌། ཐལ་ཀ་རྡོ་རྗེ་དང༌། རྒྱ་རུ་དང༌། བསེ་རུ་དང༌། གྭ་དོར་དང༌། དེ་རྣམས་ཞིབ་པར་བཏགས་ལ། སྦྲང་གིས་རི་ལུ་བྱས་ལ། དང་པོ་རིལ་མ་ཙམ་གཏང༌། དེ་ནས་གསུམ་མམ་གཉིས་ཞོ་རེ། དེ་ནས་ལུས་ཀྱི་ཚོད་དང་སྦྱར་ལ་ཅི་རིགས་པར་གཏང་ངོ༌། །བྱང་ཁོག་རྣག་གིས་ཁེངས་ཀྱང་སོས་པར་འགྱུར་རོ། །རྗེ་བཙུན་ས་སྐྱ་པ་ནས་བརྒྱུད་པའོ། །ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །བྱིས་པའི་མཆིན་ནད་བཅོས་པའི་ཐབས་ལ། དང་པོ་བརྟག་པ་ནི། ཤ་ཚ་ལ་རྩ་མི་བདེ་བ་དང༌། དབུགས་ཐུང་ལ་རྔམ་པ་རིང་ཐུང་བྱེད། མིག་ལྡོག་ཅིང་འཛུམས་པ་དཀའ། མིག་སྔོ་ལ་ལུས་འདར་བ། ལག་པ་གཉལ་ནས་འདེགས་པ་དཀའ་བ། ཤ་སེར་བ། བོལ་གོང་དང༌། མིག་གི་ཡ་ཕུག་ཡོ་བ། རྐང་མཐིལ་དང་ལག་མཐིལ་སེར་བ། ནད་ལྡང་དུབ་བྱེད། ཕོ་བ་སྦོ། ཆུ་སྡོམ། ཆུ་མདོག་དམར་བའམ། སེར་པོ་འོང༌། འཁྲུ་སྐྱུགས་བྱེད། སྐབས་སུ་འཁུན་དུ་འོང༌། སྔ་དྲོ་དང་དགོངས་ཀ་བདེ། དེ་ལྟར་འདུག་ན་མཆིན་པའི་རྟགས་སོ། །བཅོས་པའི་ཐབས་ནི། གུར་གུམ། བྲག་ཞུན། ཅུ་གང༌། ཛཱ་ཏི། དོམ་མཁྲིས། ཏིག་ཏ། ཨ་རུ་ར་རྣམས་ཀ་ར་དཀར་པོ་དྲུག་འགྱུར་དང་སྦྱར་ལ་གཏང་ངོ༌། འཁྲུ་བ་ལ་ཕྱེ་ཐུག་ཚོས་པོ་ལ་སུག་སྨེལ་ཁ་ཚར་བཏབ་ལ་གཏང་ངོ༌། །ཟས་རུས་སུམས་དང༌། བཤུལ་ཤ་མཐའ་དག་སྤང༌། ཆང་ལ་སོགས་པ་ཚ་བ་སྐྱེད་པའི་ཟས་རྣམས་སྤང༌། སྤྱོད་ལམ་དྲག་ཤུལ་མཐའ་དག་སྤང་ངོ༌། །ཁྱིས་པའི་མཆིན་ནད་བཅོས་ཐབས་སོ། །ས་མཱཔྟ་མི་ཐི།།  །།ཕོ་ལོག་ལ། དྷ་དུ་རའི་འབྲས་བུ་དང༌། སྒོ་སྐྱ་གླ་རྩི་རྣམས་ཞིབ་པར་བྱས་ལ། ཁྱེའུའི་དྲི་ཆུ་ལ་ཡུན་རིང་དུ་སྦྱངས། རིལ་བུ་སྲན་མ་ཙམ་བྱས་ལ། ཕོ་ལྷོག་གློ་བུར་འབྱུང་ན་རི་ལུ་གཅིག་བཏང༌། དེས་མ་ཕན་ན་ཡང་གཅིག་གཏང༌། དེ་ཕན་ཆད་མི་དགོས་སོ། །མིག་ཟི་བའམ། ཤེས་པ་སྤུན་པ་བྱུང་ན་མར་བཞུ་བ་ཐུམ་བུ་ཕྱེད་ཙམ་བཏང་བས་བདེ་བར་འགྱུར་རོ། །བུ་ཚ་དང་ཤ་མ་མ་ཐོན་པ་ལ། ཁྱིའམ་སྤྱང་ཀིའི་བྲུན། བྱ་བལ་མ། མཛེ་ཚ་སྦྱར་ནས་ཤམ་པོ་ལ་བཏབ་ནས་བཏང་བས་བུ་ཚ་དང་ཤ་མ་ཐོན་པར་འགྱུར་རོ། །བོང་ང་རིལ་མ་ཕྱེད་ཙམ། བུ་རམ་སྲང་ཕྱེད་དང་སྦྱར་ལ་རི་ལུ་སྲན་མ་ཙམ་བྱས་ལ། ཞག་རེ་ལ་རེ་རེ་ཟོས་ན་གྲང་བ་དང༌། སྙིང་རླུང་ཞི་བར་འགྱུར་རོ། །ས་མཱཔྟ་མི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཁྲག་ཆོད་ཆེན་པོའི་གདམས་ངག་ལ། ཚེའི་རྩ་བ་དང་ལོ་མར་བཅས་པ་བརྡུངས་ལ་ཤམ་པ་ལ་བཙོ། ཁུ་བ་ལོགས་སུ་བཞུར་ཞིང་ཁཎྜར་བསྡུ། དེ་ལ་ཚོས་སྤར་གང་དང༌། ཞུ་མཁན་སྤར་གང་ཞིབ་པར་བཏགས་ལ་བླུགས། སྐ་ལྡོག་སོང་བ་དང༌། ངད་མ་ཡལ་བ་ལ་དོམ་མཁྲིས་དང༌། ཤིང་ཚ་ཞིབ་པར་བཏགས་ལ། དེ་ནས་རི་ལུ་བྱས་ཏེ། བུ་རམ་ལ་རྟ་བྱས་ལ་གཏང༌། གཅིག་གིས་མཆོད་ན་གཉིས་ནས་གསུམ་གྱི་བར་དུ་གཏང་ངོ༌། །དེ་ནས་རྨ་གང་དུ་བྱུང་ཡང་ཁྲག་ཆོད་དོ། །སྣ་ཁྲག་མི་ཟད་པ་ཡང་ཆོད་དོ། །ངེས་པའོ། །གློ་བུར་དུ་སྦྱོང་ན་ཚེའི་ཁཎྜ་ཁྱོར་གང་ལ་གོང་གི་སྨན་བཏབ་ལ་ཁོང་དུ་བཏང་བས་ཆོད་ངེས་སོ། །ཡང་སྣ་ཁྲག་གཅོད་པའི་ལུགས་གཅིག་ལ། དོམ་མཁྲིས། ཤིང་ཚ། ཧོང་ལེན། ཆགས་མ། བཙོད། གུར་གུམ། དེ་རྣམས་བུ་རམ་ལ་རྟ་བྱས་ལ་ཁོང་དུ་བཏང་བས་རྨའི་ཁྲག་དང༌། སྣའི་ཁྲག་དང༌། མངལ་ཁྲག་མི་ཟད་པ་དང༌། རྩ་ཆེན་པོ་ཆད་པའི་ཁྲག་ཐམས་ཅད་འཆད་པར་ངེས་སོ། །རྡོ་འདོན་ན་ཡང་ཞར་ལ་སྨན་ཟ་རུ་བཅུག་པས་ཟན་ལ་བཟོ་བྱེད་པ་ལྟ་བུ་འབྱུང་ངོ༌། །ཨེ་མ་ཧོ། །བྱིས་རིམས་བསྲུང་བའི་གདམས་ངག་ལ། དྲོ་གང་སྐར་མ་མ་སངས་པ་ལ། རྒྱུག་ཆུ་མདའ་ལ་མ་སླེབས་པའི་ནང་ནས་ལག་པ་རྗེན་པས་མ་རེག་པར་རྡེའུ་ཆུ་དང་བཅས་པ་བླངས་ལ། བུད་མེད་དང་ཕྲད་ན་དེ་ཕོ་ལ་ཡང་བླང༌། བུད་མེད་མེད་པའི་ས་རུ་རྡེའུ་དེ་ལ་སྔགས་བརྒྱ་རེ་བཟླས་ལ། དེའི་དུས་སུ་ཡང་ལག་པས་མི་རེག་པར་དར་དམར་པོའི་ཁུད་དུ་གཏུམས་ལ་མགུལ་དུ་བཏགས་པས་ཐུབ་བོ། །སྔགས་ནི་འདི་ཡིན་ཏེ། ཨོཾ་ནིར་སིང་ཡེར་རྦད་སྭཱ་ཧཱ། བྱིས་རིམས་བསྲུང་བ་ཡིད་ཆེས་ཉམས་སུ་མྱོང་བའོ། །ཡང་བྱིས་རིམས་བསྲུང་བའི་ལུགས་གཅིག ཤོག་བུ་མཚོན་གང་ལ་སྔགས་འདི་དམར་ནག་གིས་གཟབ་ཏུ་བྲིས་ལ་བཞི་བལྟབ་ཏུ་བྱ། རྒྱ་སྐྱེགས་དང༌། བཙོད་དང༌། ཞུ་མཁན་གསུམ་བག་ཙམ་རེ་ནང་དུ་བླུགས་ལ། སྐྱི་དམར་གྱིས་གཡོགས་ཏེ། དབུ་གྱེན་ལ་བསྟན་ལ་གདགས་སོ། །སྔགས་འདི་ལན་བདུན་དང༌། རྟེན་འབྲེལ་གྱི་སྔགས་བདུན་གྱིས་རབ་གནས་བྱའོ། །ཨོཾ་ཀུན་དྷ་ལེ་བཾ་ལཾ་བྲུཾ་ཤལ་ཤལ་སྭཱ་ཧཱ། ལག་ལེན་དུ་མ་བྱས་པ་ཡིན་ནོ། །ཨི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །གཉན་ནད་ལ་ཁཎྜའི་སྦྱོར་བ་ཞེས་བྱ་བ་འདི་ལ། རྒྱལ་པོ་མདངས་དང་མ་བྲལ་བ། ཞེས་བྱ་སྟེ། ཆུ་རྩ་ནུས་པ་ཆེ་དུས་སུ་བརྐོས་པའི་རློན་པ་ཆང་ལ་བཙོས་པའི་ཁཎྜ་རུ་བསྡུ། བཙུན་མོ་ནུ་ཞོ་དང་མ་བྲལ་བ། ཞེས་བྱ་སྟེ། ཐར་ནུ་ནུས་པ་ཆེ་དུས་སུ་བརྐོས་པའི་རློན་པ་འོ་མ་ལ་ཁཎྜར་བསྡུས་ལ། དེ་གཉིས་གཅིག་ཏུ་བསྲེས་ལ་ལེགས་པར་དཀྲུགས། དེ་ཉི་མ་ལ་བསྐམས་ལ་རློན་པ་གྲོད་བར་བླུགས་ལ་ཐོག་ལ་གདགས། ལོ་དུས་ལོན་པ་བཞིན་དུ་ནུས་པ་ཆེ་རུ་འགྲོའོ། །དེ་ནས་རིལ་མ་ཙམ་རེ་བཏང་བས་བཤལ་སྐྱུག་གཉིས་ཀ་འབྱུང་སྟེ། ནུས་པ་དཔག་ཏུ་མེད་པ་འབྱུང་སྟེ་ཚད་མེད་དོ། །གྲེ་བའི་ཐོར་པ་ལ་དབྱི་མོའི་མྱུ་གུའི་ལོ་མ་གྲིབ་མ་ལ་བསྐམས་ཏེ། སྦུ་གུས་བུད་དོ། །དེས་ཞི་བར་འགྱུར་རོ། །ཁྱད་པར་ཕུལ་དུ་ཕྱིན་པའི་གདམས་ངག་གོ །ས་མཱཔྟ་མི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མི་བཟད་གཉན་ནད་སྐྲངས་པ་ལ། །གཅིག་ཐུབ་ནག་པོ་ཁོང་དུ་གཏང༌། །དམིགས་བུ་མཐེབ་གོང་སྟོང་པར་བཞག །ཕྱི་ཡི་ནན་གྱི་མན་ངག་ལ། །སྐྲད་རྙིང་ར་རུ་བསྲེགས་པའི་གཞོག །ཁྱི་སྤུ་ར་སྤུ་བསྲེགས་པའི་གཞོབ། །སོག་པའི་མེ་ལོང་བསྲེགས་པའི་གཞོབ། །རོ་ཡི་སྐྲ་བསྲེགས་གཞོབ་དང་ནི། །ཤ་ཆེན་དང་ནི་སྟག་ཤ་བ། །ཆུ་རྩ་དང་ནི་ཐར་ནུ་དང༌། །ས་མྱག་དང་ནི་ཁྱི་ལུད་རྣམས། །དྲི་ཆུས་ལུག་ཞོ་ཙམ་སྦྱར་ལ། །ལན་གཉིས་ལན་གསུམ་བྱུག་པར་བྱ། །སྐྲངས་ནད་མ་ལུས་འཇོམས་པ་སྟེ། །མཆོག་ཏུ་ལྷོག་པ་དག་ལ་ཤིས། །ཁྱད་པར་ཅན་གྱི་མན་ངག །ཨི་ཐི། རྗེ་བཙུན་ས་སྐྱ་པའི་མན་ངག་གོ།  །།འབྲས་ལ་སྔགས་འདི་བཏབ་པས་གཏིང་ནས་འཚོ་བར་འགྱུར་རོ། །ཨོཾ་ཉི་མ་འཇར་དྷ་ཤ །ཞེས་བཏབ་པས་མྱུར་དུ་འཚོའོ། །ཡང་ནས་ཡང་དུ་རྟགས་ཐོན་པ་ཡིན། ལྕགས་ཀྱི་ཕུར་པ་བརྒྱ་ཞིག སིབ་སིབ་ནད་ལ་སིབ། གདུངས་གདུངས་ནད་ལ་གདུངས། ཁྲོཾ་ཁྲོཾ་ནད་ལ་ཁྲོཾ། ཟངས་ཀྱི་ཕུར་པ་བརྒྱ་ཞིག སིབ་སིབ་ནད་ལ་སིབ། གདུངས་གདུངས་ནད་ལ་གདུངས། ཁྲོཾ་ཁྲོཾ་ནད་ལ་ཁྲོཾ། ཞེས་ལྕགས་ཕུར་སོར་བཞི། ཟངས་ཕུར་སོར་བཞི་པ་གཉིས་གངས་ཆུ་ལ་ངར་བཏབ་ལ། རྐང་པའི་དྲེག་གང་ན་བའི་སྟེང་ན་དྲིལ་ཞིང་སྔགས་བཟླས། ཏིང་ངེ་འཛིན་གྱིས་གསོར་གྱིས་ཤིང་ལ་ཕིགས་པ་ལྟར་བསམ། སྔགས་འདི་འདེབས་པའི་བར་ལ་སྨྲ་བཅད་བྱ། དམ་ཚིག་ཏུ་འདེབས་པའི་བར་ལ་ཆང་དང་བུད་མེད་སྤང༌། རྐང་པའི་དྲེག་ན་བའི་སྔགས་ཡང་ནས་ཡང་དུ་རྟགས་ཐོན་པ་ཡིན་གསུང༌། །ས་མཱཔྟ་མི་ཐི།།  །།གཟེར་བཅོས་པའི་མན་ངག་ལ། རླུང་གཟེར་འཕོ་ཞིང་ཡང་བས་ཉེའུ་དང༌། བུ་རམ་བཏང་བསྐུ་མཉེ་བྱའོ། །ཁྲག་གཟེར་ནི་ལས་དྲག་དལ་གྱིས་གཟེར་འདྲིལ་ནས་འོང་བས་བསིལ་ཐང་གཏང༌། གཏར་ག་བྱ། གཉན་གཟེར་ནི་མགོ་བོ་ན། ཚིགས་བཞི་ཁོལ། སྙིང་མི་དགའ། ཚིག་པ་ཟ་བས་དེ་ལ་ཆུ་རྩ་སུམ་གཉིས་དང༌། ཐར་ནུ་སུམ་ཆ་ལ་མི་ཤ་སྐམ་པོ་ཐར་ནུ་ཙམ་ཅིག་སྦྱར་ལ་བཏང་ངོ༌། །དེ་རྣམས་ཀྱིས་ཞི་བར་འགྱུར་རོ། །གཟེར་རིགས་ཐམས་ཅད་སྤྱིར་འཇོམས་པའི་སྨན་ནི། ཁ་ལྕེ་འཇོམས་པའི་མེ་ཏོག་དང༌། །དངོས་གཞི་གསོད་པའི་མེ་ཏོག་དང༌། །མཐའ་ཤིང་མུ་ལ་དྲི་ལྡན་དང༌། །མཁའ་འགྲོ་གསང་བའི་བདུད་རྩི་དང༌། །ཀ་ར་དཀར་པོ་སྦྱར་ལ་གཏང༌། །གཟེར་རིགས་ཐམས་ཅད་འཇོམས་པར་འགྱུར་རོ། །ཁྱད་པར་གྱི་གདམས་ངག་ཨི་ཐི།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མཆུའི་བད་ཀན་ལ། ཨ་རུ་ར། ཆུ་རྩ། རྡོ་ཕ་བོང་ཆོ་ལོ་དང༌། བུ་རམ་རྣམས་ཞིབ་པར་བཏགས་ལ། ཆུ་གཙང་ལ་སྦྱར་ཏེ་སྲོད་ལ་མཆུ་ལ་བསྐུའོ། །ཡང་ལུགས་གཅིག་ལ། ཨ་རུ་ར་དང༌། བུ་རམ་གཉིས་བུད་མེད་ཀྱི་ནུ་ཞོ་ལ་མེ་ལོང་གི་སྟེང་དུ་བསྣུར་ལ་མཆུ་ལ་བསྐུ། སྟེང་ནས་དར་དམར་པོས་དགབ་བོ། །སོའི་སྲིན་ལ། མར་ནག་ལ་སྒོག་སྐྱ་བཏབ་ལ། དུང་གིས་དཀྲུག་ཅིང༌། སྔགས་འདི་བརྒྱ་རྩ་བརྒྱད་བཏབ་ལ། སོ་གང་ན་བའི་ངོས་ཀྱི་རྣ་བར་བླུག་གོ །ནཱ་ག་སྲིན་སོད། ནཱ་ག་སྲིད་ཐོན། ཞེས་པས་ཕན་ངེས་སོ། །ཕོ་ལོག་ལ་ཐར་ནུ། ཤ་ཆེན། ཀ་ར་གསུམ་ཆ་བསྙམས་ལ། ཆང་ངམ་ཆུ་ལ་སྦྱར་ལ་གཏང་ངོ༌། །གྲེ་བའི་གག་པ་ལ། ཐར་ནུ། རྒྱ་ཚ། སྦུ་གུས་བུད་ན་ཕན་ནོ། །སོ་སྲ་བར་བྱ་བ་ལ། མུ་ཟི་རང་གི་དྲི་ཆུ་ལ་བསྣུར་ལ། སོའི་ཕྱི་ནང་དུ་མཉེས་ན་སྲ་བར་ངེས་སོ། །ཤ་དུག་གིས་གྲེ་བ་འགགས་པ་ལ། འདྲེའི་དཔལ་ཀའི་འབྲུམ་བུ་དང༌། ཚལ་ཞིབ་པར་བྱ་སྟེ། ཆུ་ལ་སྦྱར་ལ་གཏང་ན་སེལ་ངེས་སོ། །འཁྲུ་སྐྱུགས་བཅད་པའི་གདམས་ངག་ལ། མོན་མོ་རྐང་ཆག་གི་མེ་ཏོག་གྲིབ་སྐམ་བྱས་ལ། དེ་ཞིབ་པར་བཏགས་ཏེ། ཚ་འཁྲུལ་ཆུ་ལ་སྦྱར་ལ་བཏང༌། གྲང་འཁྲུས་ཆང་ལ་སྦྱར་ལ་བཏང༌། དེས་འཆད་ངེས་སོ། །ཡང་ན་ནས་སྔོན་མོ་ཚིག་མར་བྱས་ལ། དེ་ཞིབ་པར་བཏགས་ནས་ཚ་གྲང་གི་བྱེ་བྲག་གིས་ཆུ་དང་ཆང་ལ་སྦྱར་ལ་གཏང་ངོ༌། །དེས་འཆད་ངེས་སོ། །སྐྱུགས་པ་ལ་ཤ་ཚོན་པོའམ། ཡིབ་མ། མེ་དུ་བ་མེད་པ་ལ་རྫའི་ནང་དུ་མ་ཚིག་པར་ཚོས་པར་བསྲེགས་ལ། དེ་བརྡུངས་ལ་ཚོད་མར་བྱ། འབྲས་སྣ་སེར་ཙམ་དུ་བརྔོས་ལ། དེ་ཞིབ་པར་བཏགས་ཏེ་ཐལ་དུ་གདབ། དེ་ལན་གཉིས་ལན་གསུམ་བཏང་བས་འཆད་ངེས་སོ། །མན་ངག་དམ་པ་ས་མཱཔྟ་མི་ཐི།།  །།རྨ་ལ་སྔགས་སྨན་གང་བྱས་ཀྱང་ཡི་དྭགས་ཀྱིས་འཚོ་རུ་མ་སྟེར་ན་བྱ་རོག་གི་བྲུན་བཏགས་ལ། མེ་དུ་བ་མེད་པ་ལ་བསྲེགས་པའི་དུད་པས་རྨ་ལ་བདུགས་ན་འཚོ་བར་འགྱུར་རོ། །རབ་ཏུ་གསང་བའི་གདམས་ངག་གོ།  །།མགོའི་གདམས་ངག་མདོར་བསྡུ་ན། དང་པོ་མཁན་པ། སྦང་མ། གཡེར་མ། སྤོད་རྣམས་སྦྱར་བས་ཤ་གདུལ། སྐྲ་བཞར་ལ་ཆིངས་བྱ། ཞག་གསུམ་ཁ་ཟས་བསིལ་དུ་གཏང༌། དྲག་ཤུལ་མི་བྱ། ཁ་མི་སྒུལ། ཞག་གསུམ་ནས་རྩ་ཐོག་དེར་སྲུབ་ཁར་ཚ་ལྟོ་བྱ། རྨ་རྒྱས་ན་གཏར་ག་བྱ། མེ་བཙལ་ཚོད་དང་སྦྱར། རྨ་ལ་གཏིང་སྐྱོན་མེད་ན་རྨ་སྨན་བཏབ་ལ་ཤ་ཆིངས་ཀློད། རུས་པ་ལ་སྐྱོན་ཡོད་ན་ཁྲག་གཅོད་ལ་སོགས་པ་གྲབས་སུ་བཅུག་ལ་བཅུད་ལ་བཏབ་ནས་གཡས་གཡོན་མདུན་རྒྱབ་སྐྱོན་གང་ཡོད་ངོས་དྲས། རུས་སྐྱོན་བསལ། སྲིན་བལ་གྱིས་ལྡིང་ཐེམ་བྱ། དེ་ནས་སྤངས་ཆས་གཏང༌། རྨ་རྩི་རྨ་དང་ཁོང་པ་གཉིས་ཀ་ནས་གཏང༌། རྩ་སྒོ་མེས་བསྲུངས། མགོ་བོ་ལ་ལག་ཏུ་བླང་བ་དེ་ལས་མེད་དོ། །བྱང་ཁོག་གི་མན་ངག་མདོར་བསྡུ་ན། དང་པོ་ཁྲག་གི་དུས་སུ་རྒྱས་མ་ཐོག་ཁུག་བྱ། དེ་ནས་བསིལ་ཐང་གཏང༌། ཆུ་སེར་གྱི་དུས་སུ་ཆུ་སེར་ནག་པོ་རོལ་དུ་གསོད་པ་ཞེས་བྱ་བ། བསེ་རུ་དང༌། ཤ་བའི་གྭ་དོར་གཞུར་བ་དང༌། ག་པུར། ཅུ་གང༌། བ་ལེ་ཀ ཏིག་ཏ། རྒུན་འབྲུམ། སུག་སྨེལ། མཚལ། དོམ་མཁྲིས། ཙནྡན་དཀར་པོ་རྣམས་ཀ་ར་དང་སྦྱར་ནས་ལྟོ་སྟོང་ལ་གཏང་ངོ༌། །དེ་ནི་ཆུ་སེར་རོལ་དུ་གསོད་པའི་མཆོག སྟོད་སྨད་ཀྱི་རྩ་བག་རེ་གཏར་རོ། །བཟང་དྲུག་དང༌། ཁ་ཟས་བསིལ་དུ་གཏང་ངོ༌། །དེས་མ་བཟློག་ན་རྣག་ཏུ་འགྲོ་བས་བཀྲོག་ཐབས་གསུམ་བྱ། དབྱེ་རན་ན་གསང་དུ་བསྡུས་ལ། ཕྱིའི་ཤ་གཙག་གིས་དྲ། ནང་ཤ་སེན་མོས་དབུག རྣག་རྒྱངས་ཀྱིས་བྱུང་ན་ལེགས། མ་བྱུང་ན་སྦུ་གུས་འཇིབ། རྣག་སླ་བ་དང༌། ཞག་གསུམ་ན་འཆད་དུས་ཡིན་ནོ། །ལག་ལེན་དྲིལ་ན་དེ་ལས་མེད་གསུང་ངོ༌། །ཡན་ལག་ལ་དང་པོ་བཅོས་ཏེ། ལྕི་བ། སྦང་མ། མཁན་པ། བྱ་བྲ། དྲི་ཆུས་ལུམས་བྱ། གནད་ལ་ཕོག་ནས་ལྷོག་ཐབས་སུ་སྐྲངས་ནས་ཅིས་ཀྱང་མ་ཐུབ་ན་ར་ལུག་གི་སློ་དྲོན་མོ་ལ་བཙན་དུག་དང༌། དྲི་ཆུས་བྲན་ལ་དྲོད་མ་ཡལ་བ་ལ་ལུམས་བྱས་ན་སྐྲངས་པའི་རིགས་ཐམས་ཅད་ལ་ཕན་ནོ། །ཆུ་བ་དང་རྒྱུས་པ་ཐམས་ཅད་ཆད་འཁུམས་སུ་སོང་ན། བ་ལྕི་དྲོན་མོ་ལ་ཚྭ་དང་ཕབས་བཏབ་ནས། ཐོག་ཏུ་ལུམས་བྱ། དེས་ཁད་ཀྱིས་བདེ་བར་འགྱུར་རོ། །མདེའུ་ནང་དུ་ཡོད་པའི་ཕྱི་རུ་ཆུས་ཁ་བཀྲུ་བཏབ་བས་གཞན་རློན་པར་བྱས་ནས། མཐེ་བོ་གང་ཙམ་མེ་ལ་སྐམ། དེའི་འོག་ཏུ་མདེའུ་ཡོད་དོ། །ཡན་ལག་གི་རྨ་བཅོས་པས་རེད་ན་ཁྱིའི་ཀླད་པས་བདུགས་ན་ཕན་ནོ། །ཚིགས་གཞི་ལྕིབས་ཀྱིས་མི་འདུལ། སྐམ་ཆས་བྱ། རྨ་རེད་པ་ཐམས་ཅད་ལ་ཤུག་པ། བ་ལུ། མཁན་པ་གསུམ་ཞིབ་པར་བྱ་སྟེ། དྲོ་བྱས་ལ་མནན། དེས་ཀྱང་མ་ཐུབ་ན་སྤྱང་ཀིའི་གྲུན་དཀར་པོ་དང༌། ཁྱི་ལུད་གཉིས་བསྙམས་ལ་ཞོ་ལ་ལྡེ་གུ་བྱས་ནས་ཚན་ཆེ་བར་བསྐུས་ན་མི་འཆོར་ངེས་སོ། །རྐང་མཐིལ་དང༌། ལག་མཐིལ་ལ་ལྕིབས་མི་གཏང༌། རྩ་ཆད་ན་མེ་གདབ། སྤྱིར་ནད་ཐམས་ཅད་ཆུ་སེར་ལས་བྱུང་བ་ཡིན་ནོ། །ལག་ལེན་དྲིལ་ན་དེ་ལས་མེད་དོ།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཚ་བ་གསུམ་གྱིས་ཚ་བ་འཇོམས། །དུང་གིས་སྐམ་ཚགས་སེལ་བར་བྱེད། །ཡུང་བས་ར་བའི་བསེལ་བར་བྱེད། །སག་རྩིས་མཆི་མ་གཅོད་པར་བྱེད། །ཏི་ཚས་འཇོམས་པར་བྱེད་པ་ཡིན། །མར་གྱིས་སྙོམས་པར་བྱེད་པ་ཡིན། །ད་ནི་སྦྱར་ཐབས་བསྟན་པར་བྱའོ། །ཚ་བ་གསུམ་ཆ་གཅིག སྨན་ལྔ་པོ་ཆ་མཉམ་པ་བྱས་ལ། རེ་རེ་ཡང་ཚ་བ་གསུམ་དང་ཆ་མཉམ་པར་བྱའོ། །ཚ་ཟུག་ཆེ་ན་ཚ་བ་སུམ་ཆ་བསྐྱེད། སྐམ་ཚགས་ལ་དུང་མང་དུ་གཏང༌། རབ་རིབ་ཆེ་ན་ཡུང་བ་མང་དུ་གཏང༌། མཆི་མ་མང་ན་སག་རྩི་མང་དུ་གཏང༌། ཏི་ཚ་ནི་ཀུན་ལ་སྙོམས་པ་ཡིན། མར་དང་སྦྱར་ལ། ནུབ་མོ་ཉལ་བའི་དུས་སུ་བསྐུ། ནང་པར་ཆུས་བཀྲུའོ། །མིག་ནད་ཐམས་ཅད་ཞི་བར་འགྱུར་རོ། །མིག་ནད་ཞི་བའི་མན་ངག་ཟབ་བོ། །མིག་ལ་སྣད་ལིང་བྱུང་ན་མཐེའུ་ཆུང་དག་པར་བཀྲུས་ལ། མིག་སྣད་པ་ངོས་ཀྱི་སྣ་བུག་ཏུ་བཅུག་ལ། བར་གྱི་ཀྲུང་ཀྲུང་ལ་དྲག་ཏུ་བྲད་པས་སྣ་ཁྲག་འདོད་ཚད་འབྱུང་ངོ༌། །དེས་སེལ་ལོ། །སྣ་ཁྲག་གཅོད་པ་དང༌། བུད་མེད་ཀྱི་མངལ་ཁྲག་བཅད་པའི་སྔགས་ལ། ཨོཾ་རཏྣ་རཏྣ། ཙ་ཏི་ཙ་ཏི། སིདྡྷི་སིདྡྷི་ཧཱུྃ་ཕཊ། སྣ་ཁྲག་ལ་བྱེད་ན། སྣ་བུག་གང་ནས་བྱུང་བ་ངོས་ཀྱི་སྣའི་ཁུང་བུར་སྔགས་གདབ། དེས་ཆད་དོ། །མངལ་ཁྲག་ལ་བྱེད་ན། ཆུ་ལ་མང་དུ་བཟླས་ལ་ལྟོ་རུ་གཏང༌། དེས་ཆད་ངེས་སོ། །རྟགས་མང་དུ་ཐོན་པ་ཡིན་ནོ། །ཨི་ཐི། བད་ཀན་གྱིས་གྲེ་བ་འཛེར་ཞིང་ཚ་བ་ལ། ལྒ་ཞིབ་བར་བཏགས་ལ། མར་དང་སྦྱར་ལ་བཏང༌། དེས་སེལ་ལོ། །མིག་སྔོ་ལོང་ངམ། སྔོ་རིབ་ཏུ་སོང་བ་ལ་འབུ་དུང་སྐྱོགས་པ་དང༌། ཀ་ར་དཀར་པོ་ཞིབ་པར་བཏགས་ལ། རི་ལུ་བྱས་ལ་སྦ། དེ་ཕུ་རོན་གྱིས་དོང་རུ་གཡས་པའི་རྩེ་མོ་ལ་གླན་ཏེ་བྲད་པས་སེལ་ལོ། །པ་ཏྲི་རྒྱུ་ལམ་ཞེས་བྱ་བའི་སྔགས་མང་དུ་བཟླས་ཏེ། སྣ་ནས་ཕུས་བཏབ་ན་ཆམ་པ་ཞི་བར་འགྱུར་རོ། །སྨན་གྱི་རྒྱལ་པོ་སྤྲུ་བ་འདི། །སྐྱེས་སྤངས་ལ་བཟང་བ་ཡིན། །རིང་ཐུང་སོར་བཞི་རན་པ་ཡིན། །འདམ་པ་རྩ་ལ་འདམ་པ་ཡིན། །དྲི་དང་ཁ་དོག་སྨན་གྱིས་བསྒྱུར། །བུ་རམ་དང་སྦྱར་ཁོང་དུ་བཏང༌། །དེ་ཡིས་ཁྲག་རྣམས་ཆད་པར་འགྱུར། །ཁྲག་གཅོད་རྒྱལ་པོའི་སྨན་ཡིན་ནོ། །ཟབ་བོ།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །རྒྱ་ནད་ཚ་འཁྲུ་རྒྱུ་གཟེར་བཅོས་པའི་ཐབས་ལ། དཀར་པོ་གཅིག་ཐུབ་ཅེས་བྱ་བ། དང་པོ་ནད་དེས་ཤི་བའི་ཐོད་པ་མ་བམ་པ། བཅུད་མ་ཤོར་བ་དེ་བདུད་རྩི་དང་ཆ་བསྙམས་ལ་ཞིབ་པར་བཏགས། དེ་ཐུན་གཅིག་རང་གི་དྲི་ཆུ་བར་པས་རྟ་བྱས་ལ་ཐོ་རངས་བཏང་ན་ལོ་གཅིག་ཐུབ་བོ། །དེ་ནི་རང་གི་བསྲུང་བའོ། །ཉམ་ང་བ་དང་ནད་པའི་ས་རུ་འགྲོ་ན། གོང་གི་སྨན་གཉིས་རང་གི་དྲི་ཆུ་བར་པ་ལ་ཐོ་རངས་སྦྱར་ལ་ཁྲུས་བྱའོ། །དེས་ཉམ་ང་བ་དང་འཇིགས་མི་དགོས་སོ། །གསོ་བའི་ཐབས་ནི་ཐོད་པ་དང༌། བདུད་རྩི་དང༌། སེར་པོ་དགུ་དྲུས་དང༌། ཀ་རའོ། །ཐོད་པ་དང་བདུད་རྩི་ཆ་བསྙམས། དེའི་ཕྱེད་དགུ་དྲུས། དེ་གསུམ་དང་ཀ་ར་ཆ་བསྙམས་ལ་ཞིབ་པར་བཏགས་ཏེ། ནད་ཚབས་ཀྱི་བྱེ་བྲག་གིས་སྔ་དྲོ། ཉིན་ཕྱེད། དགོངས་ཀ་ཐུན་རེ་གཏང༌། ཡང་སྲོད་ཐོ་རངས་ཉིན་གུང་མཚན་གུང་བཞི་ལ་ཐུན་རེ་གཏང༌། རྟ་དྲི་ཆུ་བར་པ་ལ་བྱ། འདི་སྔོན་དུ་ཐེངས་ན་མི་འཆི་ངེས་སོ། །དེ་ནི་དང་པོས་ནད་གསད་པའོ། །དེ་ནས་རྗེས་བཅད་པ་ནི། ཚད་པ་ཞི་ནས་འཁྲུ་པ་གཙང་ལ་ལུས་ཤེད་དང་རྩ་ཤེད་ཆུང་ཙམ་ན་ཐོད་པ་དང༌། བདུད་རྩི་ཆ་བསྙམས་ལ། ཚད་པ་ཤས་ཆེ་ན་སེར་པོ་དགུ་དྲུས། གྲང་བ་ཤས་ཆེ་ན་སྒ། ཚ་གྲང་མཉམ་ན་སྐྱེར་བའི་བར་ཤུན་བསྣན་ནོ། །དེ་རྣམས་བཏགས་ལ་ཞོ་བཙོས་ལ་སྦྱར་ལ་ལན་འགའ་གཏང༌། འདིས་མ་སོས་ན་ཚེ་ཟད་པ་ཡིན་ནོ། །བྱིས་རིམས་གསོ་བའི་གདམས་པ་ཁྱད་པར་ཅན་ནོ། །གྲེ་བའི་ཐོར་བ་ལ། ཨ་རུ་ར་བཞི། བོང་ང་རིལ་མ་ཙམ་གཅིག རྒྱ་ཚ་བོང་ང་ཙམ་གསུམ། ཡུང་བ་ཁ་དོག་འགྱུར་ཙམ་གཅིག དེ་རྣམས་ཞིབ་པར་བཏགས་ལ། ཐོར་བའི་སྟེང་དུ་སྦུ་གུས་བླུགས། གླ་རྩི་བག་ཙམ་གཅིག་བཏང་ན་ཡང་བཟང་ངོ༌། །ཁྱད་པར་མཆོག་ཏུ་གྱུར་པའི་གདམས་པའོ། །རྒྱས་པའི་ཚ་བ་ལ། ག་པུར། ཆང་བག་ཙམ་གཅིག་ལ་སྦྱར་ལ་གཏང༌། དེས་ནི་ག་པུར་འདུལ་བ་ཡིན་ཏེ། གཅིག་གིས་གཅིག་ནུས་པ་འཇོམས། ག་པུར་རྐྱང་རྒྱུག་ནི། གི་ཝང་ངམ། བཟང་དྲུག་དང་སྦྱར་ལ་ཆུས་རྟ་བྱས་ལ་གཏང་ངོ༌། །སྨྱོ་བར་གྱུར་ན་ཆང་བག་ཙམ་ཅིག་གཏང་ངོ༌། །འབྲུམ་པ་ཕྱིར་མ་ཐོན་པ་ལ། གི་ཝང༌། གུར་གུམ། གླ་རྩི་གསུམ་ཆང་ལ་སྦྱར་ལ་གཏང་ངོ༌། །དེས་ཕྱི་རུ་ཧྲལ་གྱིས་འབྱུང༌། ལུ་གང་ལ་བ་མི་མང་བ་ཆུ་ལ་སྦྱར་ལ་གཏང༌། །དེས་ཚད་ནད་ཐམས་ཅད་སེལ་བར་བྱེད་དོ། །ཁྲག་ངན་སྟོད་དུ་རྒྱས་པ་ལ། རྒྱ་སྐྱེགས་ཀྱི་ཐང་བཏང༌། རྒྱ་སྐྱེགས་ཤིང་གིས་ཀྱང་བཏུབ་བོ། །ཆུ་སེར་གྱི་ནད་ལ་བཙོད་ཀྱི་ཐང་བཏང་ན་ཕན་པར་འགྱུར་རོ། །པུས་མོ་ལ་སོགས་པ་ལ་ཆུ་སེར་བྱུང་ན། གཟེ་མ་ཞིབ་བར་བཏགས་ལ་བུ་རམ་དང་སྦྱར་ལ་གཏང༌། དེས་ཕན་ནོ། །འབྲུམ་བུས་གྲེ་བ་འགགས་པ་ལ། བོང་བུའི་སྤངས་རྡོག་མ་བདུན། རས་ཀྱི་ཁུད་དུ་གཏུམས་ལ་ཆུ་ལ་སྤངས། དེ་བཙིར་ལ་ཆུ་བགས་ཀྱིས་བསྐོལ་བ་ལ། ཀ་རའམ། བུ་རམ་སྦྱར་ལ་གཏང༌། དེས་འཕྲལ་ལ་སངས་ཀྱིས་འགྲོའོ། །མགོ་རྨ་ལ་རྨ་ཁ་སྤྲ་བས་བརྒྱངས་ལ་བསྲེགས། དེས་རུས་སྐྱོན་ཐམས་ཅད་འགོག་ནས་འོང་ངོ༌། །ཐབས་གཞན་ཅི་ཡང་བྱ་མི་དགོས་སོ། །སྤྲང་པོ་ནོར་མེད་ཀྱི་བཅོས་ཐབས་བྱ་བའི་གདམས་ངག་གོ །མུ་ཟིའི་སྨན་མར་ནི། མར་ཞོ་གཅིག་ལ་མུ་ཟི་སྲང་གཉིས་བཏང༌། དང་པོ་མར་ཙེག་བཅད་ལ་ཕྱེད་ལོགས་སུ་བསྲོ། །ཕྱེད་ལ་མུ་ཟི་བཅུག་ལ། མས་རན་ཙམ་དུ་བསྐོལ། གཡས་སུ་བསྐོར་ཞིང་དཀྲུགས། ནག་མེར་གྱིས་སོང་བ་དང་གཡོན་དུ་བསྐོར། དེ་ནས་ཁ་དོག་བརྡ་དམར་སོང་བ་དང༌། ཡང་གཡས་སུ་བསྐོར་བས་སེར་ཆིར་སོང་བ་དང༌། ཡང་གཡོན་དུ་བསྐོར། དེས་ཁ་དོག་དམར་པོར་སོང་བ་དང༌། ཕག་ལ་ཆུ་གྲང་མོའི་སྟེང་དུ་བཞག དེ་ནས་ད་ཅིའི་མར་བླུགས་ལ་ངད་ཡལ་བ་དང༌། བུ་རམ་དང་སྨན་གང་གཏང་བ་ཁ་ཚར་གདབ་བོ། །དེས་བྱང་ཁོག་གི་རྣག་སྐེམས་མཆོག་ཏུ་འགྱུར་རོ། །ཁྱད་པར་ཕུལ་དུ་ཕྱིན་པའོ། །བླ་མ་དམ་པ་ཆོས་ཀྱི་རྗེ་གྲགས་པ་རྒྱལ་མཚན་པའི་ཕྱག་དཔེ་ལས་བྲིས་པའོ།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མགོ་བོ་བཅོས་པའི་མན་ངག་ལ། །མེ་བཅོས་ཟླུམ་བཅོས་མི་བྱེད་པར། །གྲ་བཅོས་གཅིག་པུ་བྱེད་པ་ནི། །སྨྱོན་པའི་ལག་ཏུ་མཚོན་བསྐུར་འདྲ། །གྲ་བཅོས་ཟླུམ་བཅོས་མི་བྱེད་པར། །མེ་བཅོས་གཅིག་པུ་བྱེད་པ་ནི། །དཔའ་བོ་རྟིང་རྣོན་མེད་པ་འདྲ། །མེ་བཅོས་གྲ་བཅོས་མི་བྱེད་པར། །ཟླུམ་བཅོས་གཅིག་པུ་བྱེད་པ་ནི། །ལག་རྡུམ་བྲག་ལ་འཛེགས་པ་འདྲ། །ཞེས་གནས་སྐབས་ཤེས་པར་བྱའོ།།  །།ཨོཾ་སྭ་སྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མགོ་དཔྱད་པདྨ་དྲི་མེད་ཅེས་བྱ་བ་འདི་ལ་དོན་གསུམ་སྟེ། དང་པོ་ཆག་མ་ཆག་གི་མཚན་ཉིད་དང༌། བཅོས་པའི་ཐབས་དང༌། ཐ་མ་རྗེས་གཅད་པའོ། །དེ་ལ་དང་པོ་ཕྱིའི་ཡུལ་བཞི་ལ་ཆག་མ་ཆག་གི་མཚན་ཉིད་བརྟག་པ་ནི། མིག་ཆེ་ཆུང་དུ་འདུག་ལ་མིག་ཤ་བབས་ན་ཆུང་བའི་ངོས་ལ་སྐྱོན་ཡོད་པ་ཡིན། མིག་བྱ་ཤི་བའི་མིག་ལྟར་ཆུང་ལ་སླེང་ན་རུས་པའི་རྩ་ཀླད་པ་ལ་ཟུག་པའོ། །མགོ་ཆག་པའམ་རུས་པ་ལ་སྐྱོན་ཡོད་པ། མིག་ལ་སྐྲིག་ག་བྱས་ན་རུས་པ་ཆག་པའི་རྟགས་ཡིན། རྣ་བའི་ངོས་ནས་སྐྲིག་ག་མང་ལ་སྣའི་ངོས་ལ་མེད་ན་ཆག་ཚབས་ཆེ་བ་ཡིན། མིག་གློ་བུར་དུ་དམར་པོར་སོང་ན་ལྷ་འཐེམས་མགོ་ཆག་ཏུ་སོང་སྟེ། ཀླད་པའི་སྟེང་དུ་ཁྲག་བབས་པ་ཡིན། མིག་སྤྲིན་སེར་པོར་སོང་ནས་འདུག་ན་ཀླད་པའི་སྟེང་དུ་རྣག་ཡོད། ཁྲག་གི་ལིང་ཏོག་བྱུང་ན། ཤ་རུས་ལྷ་བ་གསུམ་དུས་གཅིག་འཐེམས་པ་ཡིན། མིག་འཕྱི་བླ་འཆོལ་དང་སྨྱོ་འབོག་བྱེད་ན་རྩ་འཁྲུགས་པ་ཡིན། མིག་རི་བོང་འཛིས་ནོན་པ་བཞིན་འཛུམས་པ་དཀའ་ན་རྒྱ་འཁྲུགས་པ་ཡིན། སྤྱིར་རྩ་འཁྲུགས་ན་ནི་བླ་འཆོལ་མང༌། རྒྱ་འཁྲུགས་ནི་ལྐུགས་པར་འགྱུར་རོ། །ཁ་སྨྲ་མི་ཤེས་ལ་བླ་འཆོལ་བྱེད་ན་རྩ་དང་རུས་པ་ཀླད་པ་གསུམ་ཀ་འཁྲུགས་སོ། །སྣ་གོང་དུ་རྡུལ་ཆགས་ན་ལྷ་ཁྲག་རྒྱུག་པའི་རྟགས་ཡིན། གདོང་ལྕི་ན་ཆུ་སེར་ལྷ་མིག་ཏུ་ཤོར་བའི་རྟགས་ཡིན། སྐམ་བྱེར་དུ་འགྲོ་ཞིང་སྨིན་མ་ཉལ་ན་སྟེང་དུང་དང་ལྷ་བ་གསུམ་ཆར་ཐེམས། རྫི་མ་ཚོམ་བུར་བྱེར་ན་ལྷ་བ་འབྲོས་པའི་རྟགས་ཡིན་ཏེ། ལྷ་བ་འཛིན་པའི་སྨན་གདབ། ཀླད་པ་ལ་བརྟག་པ་ནི། ཤེད་ཆག་ན་ཀླད་པ་བཙན། སྣ་ཞོམ་ན་སྤྲི་བཙན། སྣ་སྐམ་ན་ཀླད་པ་ལ་ཚ་བ་ཤོར། སྣ་ཁྲག་དོན་མེད་པར་འོང་ན་ཀླད་རྩ་ཆད། དབུགས་ཐུང་ལ་རྒོད་ན་ཀླད་པའི་སྤྲིས་རལ། སྐྲ་འདབ་འདར་ཞིང་སྐྱུགས་ན་རུས་པས་ཀླད་པ་ནོན་པ་ཡིན་ནོ། །ལྷ་བ་སྐམ་བྱེར་གྱི་རྟགས་ལ། མཆུ་སྐམ་ལ་འགགས་ན་ལྷ་བ་སྐམ་བྱེར་གྱི་རྟགས་ཡིན། མཆུ་ལ་དྲེག་པ་ཆགས་པ་དང༌། སྐོམ་དད་ཆེ་བ་དང༌། ཁ་ཁ་བ་དང༌། ལྕེ་ཐུང་ལ་སྐམ་ན་ལྷ་བ་སྐམ་བྱེར་དུ་འགྲོ། ཡང་ན་སྙིང་རྩ་ཤོར། མིག་སེར་པོར་སོང་ན་ལྷ་བ་བྱེར། ལྕེ་སེར་བ་དང་རྩུབ་པ་གཉིས། ལྷ་བ་བྱེར་བའི་རྟགས་ཡིན། སྐྲ་འདབ་བྱེར་ན་ལྷ་རྩ་ཤོར། རྩེ་ཆུང་འཕར་ན་ཡང་དེ་བཞིན་ནོ། །ལྷ་བ་གཤེར་བྱེར་གྱི་མཚན་ཉིད་ནི། བ་སྤུ་ལྡོག་པ་དང༌། སྙིང་འཕར་བ་དང༌། ལུས་ལ་ཚ་བ་སྐྱེས་པ་དང༌། ན་ཏེང་ཏེང་བྱེད་པ་ཡང་ཀླད་པའི་སྟེང་ན་ཁྲག་རླངས་དང༌། རྩ་ལ་སྐྱོན་ཡོད་དོ། །མིག་མི་ཐེག་ན་ཡང་རུས་པས་ཀླད་པ་མནན་ཏེ་ཆག མིག་འོག་མིག་དང༌། འཕྲེད་ལ་བལྟ་ན་ཡང་མགོ་ཆག མིག་འབྲུ་ཚུགས་སུ་བལྟ་ན་ཡང་ལྷ་བ་འཐེམས་པའི་རྟགས་ཡིན། ལྟག་མིག་ཏུ་བལྟ་ཞིང་བཟློག་ན་ཡང་ཆུ་རྒྱུས་ཀྱི་རྩ་ཆད། ལྷ་བ་འཐེམས་པའི་རྟགས་ཡིན། ཀླད་པ་རྒྱ་འཁྲུགས་པ་ནི། མིག་འཛུམས་མི་ཤེས། མིག་རིབ་རིབ་བོར་རེས་ཅིར་མཐོང༌། རེས་ཅིར་མཐོང་བ་དང༌། ཚིག་པ་ཟ་ལ་སྤྲོ་ཐུང་བ་དང༌། གྲང་ཤུམ་བྱེད་པ་དང༌། བྱ་རྨྱང་བྱེད་པ་དང༌། གཡལ་བ་དང༌། སྦྲིད་པ་མང་བ་དང༌། ཡང་སྙམ་བྱེད་ཅིང་སྐྱོང་བ་དང༌། མདོར་ན་ལག་པས་མགོ་ལ་ཕུར། ཟུག་ཆེན་མི་བརྗེད་པར་ན་བར་བྱེད། མགོ་འཐོམས་ལ་སྐད་གདངས་ཆག་པ་དང༌། སྐད་མི་ཕྱིན་ནས་སྒེག་ཆོས་ཅན་དུ་སྨྲ་ན་ལྷ་བ་སྐམ་བྱེད་གྱི་རྟགས་སོ། །སྐད་ཐོགས་པ་མེད་པར་སང་སང་གིས་སྨྲ་ན་གང་ན་ཡང་དོགས་པ་མེད་དོ། །འགྲོས་གོམ་པ་འདོར་མི་ཤེས་ན་ཆུ་རྩ་ཆད་པ་ཡིན། རྐང་ལག་བརྐྱང་བསྐུམ་མང་ན་མཁལ་རྩ་ཆད་པ་ཡིན། རྩའི་སྒོ་ནས་བརྟག་པ་ནི། རྩ་ཐུང་ལ་གྲིམས་པ་དང༌། མཁྲང་བ་དང༌། དྲག་ལ་རྒོད་ན་སྐྱོན་ཡོད་དོ། །རྩ་སྤྱིར་ཚ་ན་ཀླད་པའི་སྟེང་དུ་ཆུ་སེར་ཐིགས་ཏེ་ཅིས་ཀྱང་སྐྱོན་ཡོད་དོ། །རྩ་ལ་བརྟགས་པའོ། །ཆུ་ལ་བརྟག་པ་ནི། ཆུ་ཉུང་ལ་ཡང་ཡང་འོང་ན་མཁལ་རྩ་ཆད་དོ། །ཆུ་འོང་བའི་ཚེ་སྦུབས་ཚ་ན་མཆིན་རྩ་ཆད་དོ། །ཆུ་དམར་ན་ལྷ་བ་འཐེམས། ཆུ་སེར་ན་ལྷ་བ་བྱེར། ཆུ་འཁྲུགས་ན་སྟེང་འོག་གཉིས་ཀ་ཆག ཀུ་ཡ་མ་ཡལ་ན་ལྷ་བ་བྱེར། ཀུ་ཡ་དེངས་ས་མ་ཚིག་ན་ལྷ་རྩ་གཉན་པོ་ཆད་པས་གསོ་རུ་མི་བཏུབ། ཀུ་ཡ་འཐོར་ཞིང་འདུར་མ་བཏུབ་ན་ལྷ་བ་བྱེར་ཏེ་ཆུ་སེར་ཐ་མ་ཆོད་དོ། །དྲི་ཆེ་ན་ལྷ་བ་བམ། སྔར་བས་རླངས་པ་ཆེ་ན་ལྷ་བ་ཤོར། ཆུ་ནག་ལ་འཁྲུགས་ན་འཆི། གཡའ་སྤང་གི་ཆུ་འདྲ་ན་ཀླད་པ་འཁྲུགས། ཆུ་མདོག་མི་དམར། མི་དཀར། མི་སེར། གུར་གུམ་ཆད་པའི་མདོག་ལྟ་བུའོ། །ཀུ་ཡ་བར་མ་ཆད་ན་བཟང་ངོ༌། །ཆུ་བལྟ་བའི་དུས་ཚོད་ནི། དྲི་དང་རོ་དང་ཁ་དོག་གསུམ་ཚན་དེའི་དུས་སུ་ཤེས་པར་བྱའོ། །ཀུ་ཡ་སྤྲིས་མ་ནི་རླངས་པ་ཆད། གྲང་བར་མ་གྱུར་བ་ལ་བལྟའོ། །ཁ་ཤ་ལ་བརྟག་པ་ནི། རྨའི་ཁ་ཤ་མཁྲང་ལ་མཐོ་དམན་མེད་ལ་བཟོད་པ་ཆུང་ན་སྐྱོན་མེད་དོ། །ཁ་ཤ་གླེན་པའི་མཆུ་འདྲ་ན་སྐྱོན་ཡོད། ཕོག་མ་ཐག་སྐྲངས་ན་སྐྱོན་མེད། ཕོག་ནས་ཞག་གསུམ་ཚུན་ཆད་ལ་ཁ་ཤ་འཕར་ན་སྐྱོན་ཡོད། ཤ་རུས་འདྲེས་སུ་མི་བཏུབ་ན་རུས་པ་ཆག ཁ་ཤ་དཔངས་མཐོ་བའམ། ཡང་ན་ཞ་ན་ཡང་སྐྱོན་ཡོད། ཤ་གདན་ལ་བརྟག་པ་ནི། ཤ་གདན་སྔོ་ལ་སོབ་པ་དང༌། སྐྱ་ལ་སོབ་པ་དང༌། ནག་ལ་སོབ་ན་སྐྱོན་ཡོད། བག་ཟན་ལ་མཛུབ་མོས་མནན་པ་ལྟར་འདུག་ན་རྡོ་རུས་མ་ཕྲད་ཀྱང་ཚབས་ཆེན་པོ་ཡོད། ཚོར་བ་ཆུང་ན་སྐྱོན་ཡོད། སྟེང་འོག་ཏུ་བེམས་སྐོར་བྱས་པས་རྨ་ཁ་མཁྲང་ཞིང་དམར་ལ་མཐོ་དམན་མེད་པ། ཚོར་བ་ཆེ་ལ་བཟོད་པ་ཆུང་ན་སྐྱོན་མེད་དོ། །རུས་མདོག་ལ་བརྟག་པ་ནི། གས་གྲུམ་དང༌། སེར་ཀ་ལ་སོགས་པ་མིག་སྔར་ཆགས་པ་མ་གཏོགས་པར་སྟེང་གི་ཆག་ཐེམ་བརྟགས་ཏེ་མི་རྒན་པོའི་སེན་མོ་དང༌། རུས་པ་གཉིས་ཀ་སེར། དར་མི་སེན་མོ་དང༌། རུས་མདོག་གཉིས་ཀ་དམར། བྱིས་པའི་སེན་མོ་དང༌། རུས་མདོག་གཉིས་ཀ་མ་ཉམས་ན་སྟེང་ཆག གྲི་མཚོན་རྣོན་པོས་ཐེབས་ཏེ། སྟེང་ནས་རུས་པ་ཤིག་རོ་ཙམ་ལངས་ཏེ་མདོག་མ་ཉམས་ན་སྐྱོན་ཡོད། མདེའུའི་ཟུར་གྱིས་ཝ་ལུང་དུ་སོང་ན་སྐྱོན་ཆུང༌། མགོ་རིགས་འགའ་ཞིག་ལ་སྟེང་ན་ཝ་ཡོད་དེ། དེ་ཡི་ཤ་རུས་མི་བྱེ། རུས་མདོག་མི་ཉམས་སོ། །རུས་པ་སྟེང་འོག་གཉིས་ཀ་ཆག་ན་ཤ་རུས་བྱེ་ཞིང་རུས་མདོག་ཉམས་ནས་འོང༌། མནན་ན་རུས་པའི་གས་གང་ན་ཡོད་པ་དེར་མི་བཟོད་པ་ཡིན། མགོ་ཆག་པ་ནི་རུས་པ་ཕྱི་ལྡེང་ལྡེང་ཡང་དཀར་པོ་ཤར་ཤར་བྱུང་ན་མགོ་ཆག རུས་པ་གཞན་དམར་ལ་དབུས་སུ་ཞོ་ལྟ་བུར་བྱུང་ན་མགོ་ཆག ནད་པ་ལྕི་ཞིང་དང་ག་མི་བདེ་ན་མགོ་ཆག སྤྱིར་ལྷ་བ་འཐེམས་ཚབས་ཆེ་ན་ཞག་ལྔ་ནས་ན་ཚ་འབྱུང༌། འབྲིང་བདུན། ཐ་མ་དགུ་ནས་ན་ཚ་འབྱུང༌། དགུ་ལས་བཅོས་པ་ཕྱིས་ན་ལྷ་མིག་ཏུ་ཆུ་སེར་འཆོར་རོ། །རྡོའམ་མཚོན་རྟུལ་པོས་རུས་པའི་ཁྲག་དབུས་སུ་བསྡུས་ན་སྨུག་ཐི་ལེ་འོང༌། དེ་ལ་ཁྲག་བཏོན་པ་མཆོག དམར་ཙིག་གེ་བའམ། དམར་བྲེང་བྲེང་བའམ། རྩིབ་མ་སོས་མནན་པ་ལྟར་སོང་བ་དང༌། དེ་རྣམས་ལྷ་བ་འཐེམས་པའི་རྟགས་ཡིན། དུང་དུ་བས་ཁྱེར་བ་ལྟར་སེར་པོར་སོང་བ་ཆུ་བཏབ་པས་ཕྱོགས་བཞིར་འགྲོ་ན་ལྷ་བ་སྐམ་བྱེར་དུ་སོང་བའོ། །རུས་པ་མཐའ་བས་དབུས་དཀར་བ་དང༌། དམར་བ་དང༌། སྔོ་བ་དང༌། སེར་བ་དང༌། ནག་པ་དང༌། ཁ་དོག་མི་གཅིག་པ་གང་བྱུང་ཡང་སྐྱོན་ཡོད། སྤྱིར་ལྷ་བ་འཐེམས་པ་ཟུག་གཟེར་ཆེ། ཧོང་རྡོལ། སྒང་གྲུམ་ཟུག་གཟེར་ཆུང༌། རྩ་ལ་སོང་ན་ཟུག་གཟེར་ཆེ། ལི་ཕྱི་ལ་སྐྱེར་འབྲུམ་གཏོར་བ་འདྲ་ན་རུས་པ་འགྲམས་པ་མ་ཚོར་ཏེ་ལྷ་བ་ཡང་བྱེར། ཀླད་པའི་སྟེང་དུ་རྣག་ཕེབས་པ་ཡིན། སྤྱིར་རུས་མདོག་དུང་འདྲ་ན་མགོ་ཆག ལྕོ་གའི་སྒོ་ང་འདྲ་ན་ལྷ་བ་འཐེམས་པ་ཡིན། སྟེང་དུ་འོག་དང་བར་གྱིས་ལྷ་བ་ལ་ཁྲག་ངན་ཕེབས་པ་ནི། སེན་མོ་ཤ་དང་མ་བྲལ་བ་འདྲ་ན་སྐྱོན་མེད་པ་ཡིན་ནོ། །ཡང་འདི་ལྟར་བརྟག ལྡུམ་བུ་རེ་རལ། བྲེ་གུ་གསེར་ཐིག སྦལ་རྒྱབ། ཁབ་ལེན་རྣམས་ཞིབ་པར་བཏགས་ལ་ཆང་དང་སྦྱར། དར་གཅིག་ཞོ་དྲོད་ཙམ་དུ་བསྐོལ། དེ་ནས་ནད་པ་ལ་བླུད་པས་ཀླད་པ་ལ་སྐྱོན་ཡོད་ན་སྣ་ཁྲག་འོང༌། རུས་པ་ཆག་ན་ཆུ་སེར་འོང༌། ལྷ་བ་ལ་སྐྱོན་ཡོད་ན་སྣ་ཆུ་འོང༌། རྩ་ལ་སྐྱོན་ཡོད་ན་གདོང་པ་སྐྲངས། ཤ་ལ་སྐྱོན་ཡོད་ན་ན་བའི་སར་སྐྲངས། མདོར་ན་སྐྱོན་ཡོད་ན་དེའི་ཤ་རུས་དབྱེའོ། །སྐྲའི་སྒོ་ནས་བརྟག་པ་ནི་སྐྲ་ཕག་ཟེ་ལྟར་འགྲེང་ན་རུས་པ་དང་སྲུབས་ལ་སྐྱོན་ཡོད། སྐྲ་བར་བར་ཉལ་ན་རྩ་དང་ཤ་ལ་སྐྱོན་ཡོད། སྐྲ་མཚམས་བྱེ་ན་ཀླད་པའི་སྐྱོན་ཡིན། སྐྲ་མཚམས་ཟེད་པོར་སོང་ནས་འཁྲུགས་ན་ལྷ་བའི་སྐྱོན་ཡིན། མདོར་ན་ཤ་རུས་བྱེ་བ་དང༌། ཤ་མདོག་མི་གཅིག་པ་བྱུང་ན་སྐྱོན་ཡོད་པའི་རྟགས་ཡིན་ནོ། །སྨིན་མའི་སྒོ་ནས་བརྟག་པ་ནི། སྨིན་མ་ཟེར་ན་རུས་པ་དང༌། སྲུབས་ལ་སྐྱོན་ཡོད། འཛིངས་ན་ལྷ་བ་དང་རྩ་ལ་སྐྱོན་ཡོད། མིག་སྤྲིན་གྱི་སྒོ་ནས་བརྟག་པ་ནི། དཀར་པོ་ལ་ཐིག་ལེ་བྱུང་ན་ཀླད་པའི་སྐྱོན། དམར་པོའམ་སེར་པོ་བྱུང་ན་རྩ་དང་པགས་པའི་སྐྱོན། མིག་ཟི་ཟིའམ། ཧར་ཧར་པོའམ། འདེགས་མི་ཤེས་ན་ཀླད་པའི་སྐྱོན་ཡིན། མིག་གཡས་གཡོན་རྟགས་གོང་ལྟར་བྱུང་བ་དེ་ལྟར་བརྟག་གོ །ལྕེའི་སྒོ་ནས་བརྟག་པ་ནི། ལྕེ་སེར་པོར་སོང་ན་ཤ་ལ་ཆུ་སེར་གྲམ་པ་ཡིན། ལྕེ་འཁུམས་ན་ཀླད་པའི་སྐྱོན་ཡིན། ལྕེས་རོ་མི་ཚོར་ན་མགོའི་སྲུབས་བྱེ་བ་ཡིན། ལྕེ་ལ་འབྲུམ་བུ་དམར་པོ་བྱུང་ན་རྩའི་སྐྱོན་ཡིན་ནོ། །འགྲོ་འདུག་ལ་བརྟག་པ་ནི། འགྱེལ་བུབ་མང་ན་ཀླད་པའི་སྐྱོན་ཡིན། ཉྭ་བཞི་འདར་ན་རྩའི་སྐྱོན་ཡིན་ནོ། །དྲང་པོར་མི་ཚུགས་པར་འདར་ན་རུས་པའི་སྐྱོན་ཡིན། སྨྲ་ལ་དགའ་ན་མགོ་སྲུབས་བྱེ་བ་ཡིན། ཉལ་ལ་དགའ་ན་པགས་པའི་སྐྱོན་ཡིན་ནོ། །ཟས་ཀྱི་སྒོ་ནས་བརྟག་པ་ནི། འགྲངས་དུས་ན་བ་ཀླད་པའི་སྐྱོན་ཡིན། བཀྲེས་དུས་ན་བ་རུས་པའི་སྐྱོན་ཡིན། ཟོས་རྟིང་འཁྱུག་ན་རྩའི་སྐྱོན་ཡིན། ཟོས་རུང་མ་ཟོས་རུང་ན་ན་ལྷ་བའི་སྐྱོན་ཡིན། སྣ་དང་སོ་དང་གདོང་བའི་རུས་པ་ན་བ་རུས་པའི་སྐྱོན་ཡིན། མིག་གི་འབྲས་བུ་དང་ཀླད་པ་ཚ་ན་རྩའི་སྐྱོན་ཡིན། གཟེར་བ་དང་སྐྱུགས་པ་དང༌། འབྲུམ་མི་ཆོམ་ན་མགོ་སྲུབས་བྱེ་བ་ཡིན། སྤྱི་བྱིན་དུ་ན་བ་ཤ་དང་པགས་པའི་སྐྱོན་ཡིན། འཐིབས་ན་ཀླད་པའི་སྐྱོན་ཡིན། སྨྲ་མི་ཤེས་པར་ལྡིབ་པ་ཀླད་པའི་སྐྱོན་ཡིན། གཏམ་ལ་སྐྱེད་ཆོད་འོང་ན་རུས་པའི་སྐྱོན་ཡིན། ཟས་མི་འདོད་པར་གྲིབ་མ་སྙེགས་ན་རྩའི་སྐྱོན་ཡིན་ནོ། །བྱུག་པ་རྫས་ཀྱི་སྒོ་ནས་བརྟག་པ་ནི། རུས་པ་སྔོ་ལ་གས་པ་དང༌། སེར་ཀ་ངོ་མ་ཤེས་པ་ན། སྣག་ཚའམ་མཚལ་རུས་པ་ཁྱབ་པར་བཏབ་ལ་ཕྱིས་པས་དམར་པོའམ། ནག་བྲེང་གིས་བྱུང་ན་སྐྱོན་ཡོད་པ་ཡིན་ནོ། །རྨའི་མཐའ་དེའི་སྐྲ་བཞར་ལ་ཞག་གསུམ་སྦང་མའི་འཇིབས་སུ་གཞུག སྦང་མ་མ་སྐམ་པ་ལ་མ་སྤོས་ན་ཕྱིའི་ཤ་མི་ཐུལ་ལོ། །མེ་དང་ཉི་མ་ལ་མི་བསྡད། ཉིན་པར་གཉིད་མི་ལོག བུད་མེད་དང་མི་ཉལ། དྲག་ཤུལ་དང་འོ་དོད་མི་བྱ། དུས་མ་ཡིན་པར་ཁ་ཟས་མི་ཟ། དུས་ཀྱི་ཁ་ཟས་ཟོས་པ་དང༌། བག་རེ་འཆག་ཏུ་གཞུག དུགས་དང་ཚ་ལྟོ་ལ་སོགས་པ་ཡང་དང་ཡང་དུ་བྱའོ། །ཤའི་རྒྱ་ཉམས་པ་ནི་ཤ་ལྤགས་ཐམས་ཅད་བརྩེ་ནས། ན་བེམ་བེམ་བྱས་ནས་གཉིད་བྲོ་ལ་མགོ་མནན་པ་སྙམ་བྱེད་ན། ཉི་མ་ལ་མི་བཟོད་ལ། ཟས་ཟོས་པའི་རྗེས་ལ་ན་བ་ལ་ལྟོ་སྟོང་ལ་བདེའོ། །རྩའི་རྒྱ་ཉམས་པ་ནི་མགོ་ལུས་ཐམས་ཅད་ཚ། གཉིད་ཐུམ་ཕྲས་བྱེད། རིམས་ཀྱིས་བཏབ་པ་བཞིན་ན། ལུས་ལ་ཡང་གྲང་འབྲུམ་འོང༌། མགོ་ལ་རེག་ན་མི་བཟོད་པར་ཚ། མགོའི་རྩར་སྲོག་ཆགས་འགྲོ་བ་སྙམ་བྱེད། ཁ་སྐམ་ལ་དྲེག་པ་ཆགས་པ། ཟས་གྲང་མོ་སྙིང་ལ་འདོད་པ། གྲིབ་མ་ལ་སྙེགས་པའོ། །རུས་པའི་རྒྱ་ཉམས་ན་མགོ་མི་ཐེག་པ་སྙམ་བྱེད། འཁྱག་འབྲུམ་འོང༌། མིག་སྤྲིན་དཀར། སྐབས་སུ་སྐྱུགས། གློ་བུར་དུ་ལངས་ན་མགོ་འཁོར། ཡོས་སམ་སྲན་མ་འཆོས་ན་སོ་བརྩེ། གམ་དུ་ཐུག་ཆམ་དང༌། ཀུ་ཅོ་བྱས་ན་སོ་བརྩེ། ཀླད་པའི་རྒྱ་ཉམས་ན་ཀླད་པ་བོ་བ་སྙམ་བྱེད། མགོ་འོག་ཏུ་གང་བཅུག་པ་ལྕི། ཤེས་པ་མི་གསལ། དང་ག་མི་བདེ། བརྗེས་ངས། ཡན་ལག་འདར། བླ་འཆོལ་མང་པོ་འོང༌། ཡང་བྱེར་བའི་མཚན་ཉིད་ནི། ནང་གི་སྤྲིས་བྱེར་བ་ཞེས་བྱ་སྟེ། དར་མ་དང་གཉིས་མ་འབྱོར་བའོ། །བར་ལྷ་བ་བྱེར་བ་ནི་སྔོ་ནག་སོབ་སོབ་འོང་བའོ། །ཕྱིའི་རུས་པ་བྱེར་བ་ནི་དུང་ལ་ཧམ་པ་ཆགས་པའོ། །རྩ་ཚ་བྱེར་བ་ནི་ལུས་ཚ་ལ་སྐོམ་དད་ཆེ་བའོ། །གྲང་བྱེར་ནི་དང་པོ་སྐྱ་བོ་བྱིལ་བྱིལ་པོར་འོང༌། ཕྱིའི་སྐྱི་བྱེར་བ་ནི་གློག་པ་སྐྱ་བུན་དུ་བྱས་ནས་འཚོ་རུ་མི་འདོད་པའོ། །ཆག་པ་དང༌། རྩ་ལམ་དང༌། རྒྱ་སྲུབས་རྣམས་ནོར་ཉེན་ཡོད་པས་གཟབས་ལ་བརྟགས་ཏེ། ཆག་ན་ཁབ་མགོ་བཙུགས་ལ་བཏོན། རུས་པ་ལ་སྐད་འོང་ངོ༌། །རྩ་ལམ་དང་རྒྱ་སྲུབས་འཇམ་པ་ལ་ཁབ་ཁྲལ་ཁྲལ་འོང་ངོ༌། །མགོ་ལ་མདའ་ཕོག་ནས་ཀླད་པ་ལ་ཐལ་ན་སྐམ་པས་དབྱུང་དུ་མི་རུང༌། ཟླུམ་པོར་བསྐོར་ལ་སྙི་བ་ལྡེག་ལྡེག་ཏུ་རུས་པ་བརྡར་ལ། མདེའུ་རང་འགྱེལ་དུ་གཏང་ངོ༌། །མདེའུ་ལྡེབ་ཀྱིས་ཕོག་ན་མདེའུའི་སྣ་རུ་གྲོན་བཅུག་སྟེ་དྲ། འོག་གྲུམ་ན་མཐོངས་བརྟོལ། རུས་པ་ཐག་ཆོད་པར་བརྡར། རྩ་རྣམས་མེ་བཙས་བསྲུང༌། རྒྱ་སྲུབས་ལ་བབས་ན་ཕྱི་རུ་མི་བཙས་སྦྲེལ་ལ་བསྲུང༌། ནང་དུ་རྒྱ་སྲུབས་ཀྱི་སྣ་བཅད་དོ། །དེ་རྣམས་ནི་རྨའི་འཁོས་བཅད་པ་དང༌། ཆག་མ་ཆག་གི་མཚན་ཉིད་བསྟན་ཟིན་ཏོ།།  །།དེ་ནས་གཉིས་པ་བཅོས་པའི་ཐབས་བསྟན་པ་ནི། སྟེང་ཆག་པ་དང༌། དྲས་རྫོགས་པ་རྣམས་ནི་དྲོད་དང་ལུམས་ཀྱིས་བཅོས་སོ། །ཤ་མི་བྲ། རུས་པ་ལ་སྒོ་བྲུད་མི་བྱ། ཞག་དགུ་ཚུན་ཆད་ཉ་ར་བསྒྲིམས། ཤ་གསར་དང་ཆང་གསར་པས་བཅོས། ལོག་ན་ཕུག་ནས་བཅོས་སོ། །སྟེང་འོག་གཉིས་ཀ་ཆག་ནས་ཤ་དྲ་བར་ཤེས་ན་རུས་སྐྱོན་བསལ་ཐབས་ནི། སྤྱི་གཙུག་ཤ་ནི་བཞག་སྐོར་འདྲ་སྟེ་བསྐོར་དུ་མི་རུང༌། མཚོག་མའི་ཤ་ནི་གཞུའི་བཤུལ་ཤ་འདྲ་སྟེ་མི་བསྐོར། དབུས་སུ་དྲ། ལྟག་པའི་ཤ་ནི་ཉ་གདུང་གཤིབས་པ་འདྲ་སྟེ་གཤགས་ལ་དྲ། འཕྲེད་ལ་ཆོད་དུ་མི་རུང༌། ལྟག་པའི་རྩ་ནག་པོ་དང༌། རྩེའུའི་མགོ་གཡས་གཡོན་དང༌། གཟེར་རྩ་དང༌། འཕར་རྩ་དང༌། གཉན་པ་རྣམས་བསྐོར་མི་རུང༌། དེ་རྣམས་སུ་ཤོ་རེ་དང༌། སུམ་ཤོར་དང༌། བཞི་ཤོར་དང༌། བོང་མཆུ་དང༌། ཟླ་ཚེས་ལྟག་སྤྲོད་དང༌། གང་ལྟར་རིགས་པར་འོས་པར་དྲ། གཙག་རྣོན་པོས་མ་བཏབ། འདར་མ་ལངས་པར་དྲས་ལ་པགས་པ་དང་ཤ་གདན་གཉིས་དུས་གཅིག་ལ་བསལ། གྲུ་བཞི་དང་གྲུ་གསུམ་དང་ཟླུམ་པོར་མི་དྲ། བལ་ཡེ་ཆུ་རུ་བཅུག་པས་ཁྲག་ཕྱིས་ལ་བལྟ། གཟེར་རྩ་འཁྱམ་པོ་འོང་སྲིད་པས་དམར་པོའི་ཐིག་ལེ་འདུག་ན་གཟབས་ལ་ལྟེ་བ་བཞིན་དུ་བཞག དར་ཡ་ཀན་རྩ་སྟེ་ཕྱི་རུ་བརྡར། ཕྱི་མ་རྣམས་བསྐོར་རོ། །དེ་ཡང་དང་པོ་འཁོར་གྱིས་མནན་ཏེ། དེའི་ཡོན་ཏན་རྩ་དང་ཤ་སྦྲིད་པས་ནད་པ་བཟོད་པ་ཆེ་ལ་ཤ་དང་རྩའི་ཁྲག་མི་འཆོར་རོ། །དེ་ནས་དྲས་པའི་སྟེང་ལ་སྨན་པས་ལྟེམ་རྩེ་བཅུག ཤ་རུས་བྱེ་མ་བྱེའི་མཚམས་སུ་ཉུལ་ཞིང་བལྟས་ལ་ཤ་རུས་བྱེ་མ་བྱེའི་མཚམས་ཚུན་ཆད་དྲ། ལྟེམ་རྩེ་ཕྱིད་ཀྱིས་སོང་ན་ཡང་དྲ་སྟེ། གས་ཆག་ཐམས་ཅད་དྲས་འོག་ཏུ་ཚུད་པར་བྱ། ཁྲག་བྱུང་ན་བལ་ཡེ་ཆུ་རུ་བཅུག་པས་གདབ། འཁོར་དྲག་ཏུ་མནན། དེས་མ་ཆོད་ན་སྤྲ་བ་ཧྲག་ཧྲོག་བསྲེགས་པས་རྨ་ཁ་བརྫངས། དེ་ནས་སྐྱུང་པུས་མཐའ་མ་འབོས་བཞིན་དུ་བརྡར་ལ་ཐག་བཅད། ཁྲག་ངན་དང་ཆུ་སེར་གདོན། ཁྲག་གསོན་ཤི་དབྱེ། དབུས་སུ་ལྷ་བའི་ལྷག་མ་མི་བཞག་པར་དལ་བུས་སྦྱངས། ཀླད་པའི་ཚས་སུ་རུས་པ་སྦྲང་འདབ་ཏུ་བྱས་ལ། དབུས་སེན་མོས་འགྲུམ། བྱི་ཚེ་མིག་ཁྱིམ་བྱའི་མིག་མང་དུ་ཕུག་ལ་བཅོས། ཁྲག་ངན་པ་ནི་གནག་པ་དང༌། སེར་བ་དང༌། བྱ་ཕ་ཝང་རྒྱབ་ངན་པས་ཐོན་ཆད་གདོན། གས་ཀྱི་སྣ་རུ་བྱི་ཚེ་མི་དབུག ཡང་ན་མང་དུ་ཕུག་པས་ཀླད་པ་སྦོས་ནས་མི་འཚང༌། ཀླད་པ་ལ་འཕར་ནོན་མི་དགོས་པའོ། །ལྷ་བའི་ཁྲག་དམར་ལ་དངས་ཤིང་སྦྲང་ཆར་བཞིན་དུ་ཀུན་ནས་སྙོམས་པར་འབབ་ན་རང་བཞིན་གྱི་ལྷ་ཁྲག་ཡིན་ནོ། །རྩ་སྣད་པ་དང་ལྷ་བ་འཐེམས་པ་ཞག་བདུན་ནམ་དགུ་འདས་ན་ལྷ་བ་བྱེར་ནས་འགྲོ། དེ་ནས་བཙན་ཁྲག་མྱུར་དུ་གདོན། སྦང་མ་ཕབས་དང་བཅས་རྨ་ཁ་ཁྱབ་པར་གཡོགས། ནང་པར་རྨ་ཁ་ཕྱེ་ཙམ་ན་ཁྲག་རོར་ཤིག་ལུག་ཤིག་ཙམ་ཅལ་ལེ་འདུག་ན་རྨ་ལྡོག་གོ །མདོར་ན་རྨ་ནི་རླན་དང་དྲོད་ཀྱིས་བཅོས། དེ་ནས་གཟོད་རྫོགས་ནས་རུས་ཐག་ཆོད། ལྷ་བ་གསོན་པ་དང༌། ཕྲད་པ་དང༌། རྨ་རྩི་ཀ་ར་གུར་གུམ་མཚལ་དང་གསུམ་རྟ་སྦྱར་ལ་གཏང༌། སྐབས་སུ་ཀ་ར་གཅིག་པུ་གཏང༌། ལྷ་བ་ལ་ཤ་གཟེར་མ་འདེབས་ཀྱི་བར་དུ་རྨའི་ནང་དུ་གླུམ་དང་མར་དཀར་སྦྱར་ལ་བྱུག གླུམ་དང་ཕབས་སྦྱར་བས་མཐའ་མ་བྱུག མན་ངག་ངེས་པའི་ཟིན་དུ་རུས་པའི་བཟོ་མ་ཟིན་གྱི་བར་ལ་སྦང་མ་མི་གཏང༌། རུས་བཟོ་ཟིན་ནས་ཁྲག་མཁྲིས་ཅན་ནམ། ནམ་སླ་དྲོད་དུས་སུ་སྦང་མ་དྲག་ན་ལྷ་བ་འབྱེར། མར་ཚིལ་རྣམས་གཉིས་དཔྱད་ལ་གཏང༌། དེའི་ཡོན་ཏན་གྱིས་ལྷ་བ་མི་འབྱེར་ལ། རྨ་ཁ་འཁྱགས་རུམ་བཞིན་དུ་སྡུད། དབྱར་སྟོན་དྲོ་བའི་དུས་སུ་གྲང་མོ་གཏང༌། དགུན་དཔྱིད་གྲང་བའི་དུས་སུ་དྲོད་ལ་དབབ། ལྕིབས་ཀྱི་སྟེང་དུ་པགས་བུ་བྱེའུ་ལྕེས་དགབ། དེ་ནས་རས་མས་གཡོགས་ལ་རས་འཇག་གིས་དཀྲི། ལྷ་བའི་ཤ་གཟེར་འཐེམས་ནས་མར་དཀར་དང༌། ཞོ་ཆུ་བཙིར་བ་གང་འཕྲོད་གཏང༌། ཁྱེའུས་འཐུངས་པའི་ནུ་ཞོས་རྨ་བཀྲུ། བྱི་ཚེ་མིག་དང༌། ཆག་སོ་ན་ཡར་ཤ་ངན་འཛེར་བའི་ཐབས་སུ་སྐྱེ་ལ། ཀླད་པ་མཐོ་ལ་བསྡེབ་མི་ནུས་ལ། རྩ་དང་ཕྱི་ཡུལ་ཚ་བར་འདུག་ན་ཀླད་པ་ཚ་སྦོས་ཞེས་ཀྱང་བྱ་སྟེ། ཅུ་གང༌། གུར་གུམ། ཀ་ར་གདབ། ཡང་ན་ག་པུར། གུར་གུམ། ཀ་ར་སྦྱར་ལ་བྱུག་གོ །ཆུའི་རྡེའུ་འཚམ་པས་སྟེང་ནས་མནན། དེའི་སྟེང་དུ་རེ་བ་མར་གྱིས་བྱུགས་པས་མནན། དེས་ཀྱང་མ་ནོན་ཏེ་ཤའུ་ཟམ་ཐོགས་ན། ཀླད་པ་གྲང་སྦོས་ཡིན་ཏེ། ཤའུ་གཞའ་བ་ཡིན་པས་དྲ། ཕྱིང་བ་མཁྲེགས་པོ་མར་དུ་བཙོས་པའི་ཚན་དེ་གསུམ་བརྩེགས་ཀྱིས་ཁ་ཤ་ལ་མ་རེག་པར་གླན། སྲིན་བལ་གྱི་སྐུད་པས་ཐོད་ཐབས་སུ་བཅིང༌། དེས་ཀྱང་མ་ཞིག་ན་ཀླད་འཛེར་དེ་ར་གན་གྱི་རྡེལ་པས་བསུར། ཞག་འགའ་ཤ་ཆང་བཅད་ལ་ཉམས་སྨད། ཀླད་པ་དང༌། ལྷ་བ་དང༌། ཤའི་ཤའུ་གསུམ་ཟམ་ཐོགས་ནས། དོམ་མཁྲིས་ཀ་ར་སྦྱར་ལ་ནང་མ་རྐང་ཆག་གཏང་ངོ༌། །བཟོ་བྱས་ནས་ནང་མ་གཉིས་གསུམ་གྱི་ནང་བར་ལ། ལྷ་བ་སྨུག་ལ་དངས་ཤིང༌། རྣག་སྐ་ལ་རྨ་ཁ་མཐོ་ལ་མཁྲང་ཞིང་སྙོམས་པ་དང༌། ནད་པ་སེང་ཞིང་གཉིད་ཆུང་ལ། དང་ག་བདེ་ན་བཞེད་དོ། །སྤྱིར་ཁྲག་མཁྲིས་ཅན་ལ་དགུན་ཡང་བསིལ་གྱིས་བཅོས། རྒན་པ་ལ་རྨ་ཆས་དབྱར་ཡང་དྲོ་བར་བྱ། དབྱར་གྱི་རླན་ཞོ་བཙིར་བས་བྱ། སྔོ་བསིལ་བར་བ་ཏ་དང༌། ཤ་མོ་དང་ལྕམ་པ་སྦྱར་ལ་ཁ་ཞུན་བྱ། དགུན་མར་ཚིལ་དང་སྦང་མ་དང༌། སྤོད་ལ་སོགས་པ་ཆ་བསྙམས། མི་རྒན་པོ་ཁྲག་མཁྲིས་ཤས་ཆེ་བ་ཡང་ཡོད། དེ་ལ་ཁ་ཟས་བསིལ་དྲོད་ཆ་བསྙམས་པར་བྱས་ལ་གཏང༌། ཞག་བཅུ་དྲུག་གམ། ཉི་ཤུ་རྩ་གཅིག་ནས་ཆང་ཁྱོར་ཚད་ཙམ་ལ་ཉམས་ཚད། དར་མ་གྲང་རླུང་ཤས་ཆེ་བ་ཡང་ཡོད་པས་ཁ་ཟས་དང་རྨ་ཆས་དྲོད་དུ་བྱ། དཔྱིད་ཞོ་དང་སྦང་མས་བྱ། དེ་དག་ནི་ཤའུ་བསྐྱེད་པའི་ཐབས་སོ། །ཁ་ཞུན་དྲོད་ཆེ་ལ་མཐུག་ན་ཤའུ་ཕྱིར་ལ་འཇུ། དབྱར་གྲང་ཆས་སུ་གཏང༌། རྨ་དཀྲེས་ཡང་ཆ་སྙོམས་པར་བྱ། སྨན་པས་རྣག་འཕྱེ་བ་ལ་བརྩོན་པས་ཀྱང་ཤའུ་སྐྱེད་པར་འགྱུར་རོ། །རྨ་རབ་ལ་ཞག་བཅུ་དགུ། འབྲིང་ལ་དགུ། ཐ་མ་ལ་ཞག་ལྔ་ལ་བསིལ་བསྟེན། དེ་མན་ཆད་ཆ་མཉམ་པ་ཐ་མ་དྲོད་ལ་བཙའ་བས་ཏེ། དེ་ཡང་དྲོད་བསིལ་འཐེང་འགྲོས་སུ་བཏང་སྟེ། རླུང་མཁྲིས་ཆེ་ཆུང་ལ་སོགས་པ་རིག་པའི་མདས་བསྣུན། བསིལ་དྲོད་གང་གཏང་ཡང་ཁྱོར་ཚད་སུམ་ཡར་གཏང༌། རྨའི་ལྕི་བས་མདོར་བསྡུ་ན་དགུན་ཟླ་གསུམ་དང༌། དཔྱིད་ཟླ་གསུམ་དྲོད་ཀྱིས་བཅོས། དབྱར་ཟླ་གསུམ་སྙོམས་ཀྱང་དྲོད་ཀྱིས་བཅོས། སྟོན་ཟླ་གསུམ་ཚད་པའི་དུས་ཡིན་པས་བག་ཙམ་བསིལ་གྱིས་བཅོས་སོ། །སྤྱིར་སྦང་མ་ཆང་འགག་པ་དང༌། པག་བུ་དྲོད་མ་དང༌། སྐྱི་དཀར་བཟང་པོས་གཡོགས། ཤའུ་བརྟག་པ་ནི། རུས་འཛེར་ཐམས་ཅད་རྫོགས་ནས་རྨ་ཁ་ཁོད་བསྙམས་ལ་མཐའ་མ་ནས་རྨན་པ་ཆགས་ནས། རྣག་སླ་ན་དར་ཡ་ཀན་དང་མཁྲིས་ཆེན་གདབ། ཡང་ན་ངན་མཁྲིས་སྣ་ཚོགས་སྙོམས་པར་གདབ། རུས་འཛེར་རྫོགས་ནས་ཤས་ཁེངས་ནས་ཤ་སྙོམས་ཐོ་རེ་བྱུང་ན་བཤུལ་ཚིལ་དང༌། སྐོམ་རྩི་གཏང༌། ཁ་ཞུན་མི་གཏང༌། དྲག་ཤུལ་མི་བྱ། ཁ་ཟས་བཅུད་ཅན་གཏང་ངོ༌། །ལྕགས་གཡའ་ཆགས་པ་ལ་གཉིས་ཡོད་དེ། ཤ་ན་ཕྱེད་ནས་ཆགས་ན་བཟང༌། འཆི་ཁར་ཡང་ཆགས་པ་ཡོད། རུས་པ་ལྷ་བ་ཆགས་སུ་མི་བཏུབ་ན་སིངས་པོ་གསར་འཇམ་གཏང༌། དེས་ཚ་བ་སྐྱེད་པར་བཟོ་ན་འཕྲོ་བཅད། ཚ་བ་མི་སྐྱེ་ན་ཤ་ཆང་རྒྱུན་དུ་གཏང༌། མི་མགོ་སྐམ་ལ་སྨིན་ཕྲག་དོག་པ་རྣམས་རུས་པ་སྲབ་པས་ཞག་བདུན་ནམ། དགུའམ། བཅུ་གཅིག་ན་ཆག་སོས། མི་མགོ་ཤ་ཆེ་བ་ལ་སྨིན་ཕྲག་ཡངས་པ་རྣམས་རུས་པ་ཡང་མཐུག་པས། ལྷ་བ་ཡང་མོད་ལ་འཆག མྱུར་དུ་མ་ཆགས་ན་མི་ཐུབ་བོ། །དང་ལ་ཤ་བཅུད་ལ་གཏང༌། ཚ་བ་ཆེ་ན་རྔ་བྲན་གྱི་ཤ་གཏང༌། རླུང་ཆེ་ན་ཡིབ་མ་དང༌། ཆང་བཟང་པོ་གཏང་ངོ༌། །སྤྱིར་བཟོ་མ་བྱས་པར་ཤ་ཆང་མི་གཏང༌། བཟོ་བྱས་ནས་ལུག་ཤ་གསར་པ་བཏང༌། རྒན་པ་བཅུད་ཀྱིས་གསོས་ཏེ་ཤ་ཆང་གཏང༌། དར་མ་མེའི་ཁམས་ལ་ཟས་ཁྲེའུར་གཏང༌། བྱིས་པ་ཆུའི་ཁམས་ལ་ཟས་དྲོད་ལ་བརྟེན། ནད་པ་སྤྱོད་ལམ་གཟབས། ཚ་གྲང་རྩ་ཆུ་ལ་བརྟགས་ལ་བཅོས་སོ། །གཞུག་རྨ་སྐམ་ཐག་ཆོད་ནས་ཤ་ཆང་སྤྲུག་གོ །སྤྱིར་མགོ་རྨའི་དུག་ཤ་རུལ་སུངས་དང༌། ཉ། སྒོ་ང༌། མར་རྙིང༌། ཞོ། བྲ་ཟན། སྒོག་སྐྱ། གཡེར་མ། ཆང་སྐྱུར་སྤངས། ཤ་གསར་ཆང་གསར་གཏང་ངོ༌། །ཕོག་ས་ངན་པ་ནི། སྨིན་མཚམས་མཛོད་སྤུར་ཕོག་ན་གཉན། དེ་བཅོས་ཉེས་ན་འཆི་བས་སྣ་རྩ་གཏར། ཨན་ཏོང་རུས་བསྲེག ལུག་གི་མཆིན་པ་གཏང་ངོ༌། །ལྟག་པ་དྲང་པོ་ན་ཡར་སོར་བཞི་ན་ཆུ་རྒྱུས་ཐམས་ཅད་ཀྱི་མགོར་ཡིན་པས་གཉན་ཏེ། མིག་འབྲས་དང༌། མིག་རུས་ངན་པས་དེ་ལ་སྤྱི་གཙུག་ཏུ་མེ་བཙའ་བྱ། རྩེ་ཆུང་གཏར་རོ། །སྤྱི་བོའི་གཙུག་ནི་ཀླད་པའི་བྱ་ཚང་ཞེས་བྱ་སྟེ། རུས་པ་ཆག་ན་མི་འཚོ། རྩ་ཁ་མི་འདྲ་བ་གཉིས་བྱུང་ན་གླགས་ཡོད། ཀོས་ཀོའི་ཀུང་ཀུང་པོ་རུ་ཕོག་ན་གཉན་པས་ཁ་ལྡད་དུ་མི་གཞུག་གོ །མགོ་ཆག་པ་བཅོས་པའི་ཐབས་ནི། ཤ་རུས་བྱེ་བའི་མཚམས་ཚུན་ཆད་ཤ་དྲས་ལ་རུས་པ་བརྡར། ལྷ་བ་རྒྱབ་ནས་བརྡར། དབུས་དལ་བུས་སྦྱང༌། བྱི་ཚེ་མིག་མང་དུ་ཕུག་པས་ཀླད་པའི་སྟེང་ནས་ཆུ་སེར་གདོན། བུད་མེད་ཤ་རྩི་དཀར་ལ་རིགས་བཟང་བ། ན་སོ་གཞོན་པ། སྤྱོད་ལམ་དལ་བ། ཁྱེའུ་བྱུང་བའི་ནུ་ཞོ་བླུགས་ལ། ནད་པའི་ཁ་སྣ་རྣམས་ལ་ཀླད་པས་འདེབས་སུ་གཞུག་གོ །སྒོ་གྲུམ་བཅོས་པའི་ཐབས་ལ་ཤའི་ཁ་དྲས་ཁམ་ཆེ་རུ་བྱས་ལ། རུས་པ་བག་ཙམ་གཏང༌། ཀླད་པའི་སྟེང་དུ་རུས་འཛེར་འདུག་ན་མི་ལྡོག་པར་དབྱུང་དུ་མི་རུང༌། རུས་འཛེར་བཙན་འཐེན་བྱ་རུ་མི་རུང༌། རང་བྱུང་དུ་བཞག ཞག་ལྔ་ལོན་པའི་ནང་པར་ག་པུར་དང༌། རྒྱ་ཚ། ཀ་ར་གདབ། ཞག་བདུན་ལོན་ནས་འགུལ་འགུལ་འབྱུང༌། རུས་འཛེར་ཕྱུང་བའི་ཤུལ་གྱི་ཤ་དང༌། ཀླད་པ་སྔོའམ། ནག་ན་རྒྱ་ཚ་དང༌། རུ་རྟས་ཀླད་པའི་རུས་བཅད། ག་པུར། ཅུ་གང༌། ཀ་ར་གསུམ་གྱིས་ཀླད་པའི་ཚ་བ་གཞིལ། གུར་གུམ་དང་དོམ་མཁྲིས་ཀྱིས་ཀླད་པའི་དབུགས་འདོན། འོམ་བུའི་བར་ཤུན་གྱིས་ཀླད་པའི་དར་གསོ། ཀླད་པ་མཐོ་ལ་མི་འདེབས་ན་མནན་པ་གོང་ལྟར་བྱའོ། །ཧོང་རུལ་བཅོས་པའི་ཐབས་ནི། རུས་པ་གཏིབས་པ་ཡིན་ཏེ། ཤ་དྲས་ལ་རུས་པ་སྔ་སྔོ་བརྡར། རུས་འཛེར་རང་བྱུང་དུ་བཞག རུས་པ་གཏིབས་པའི་སྟེང་འོག་ན་ཤའུ་སྐྱེ་བ་ཡང་ཡོད། རུས་འཛེར་བཙན་འདོན་བྱས་ན་རྩ་ཆད་པ་ཡང་ཡོད། ཀླད་པ་ནར་གྱིས་བྱུང་ནས་ཤི་བ་ཡོད་པས་གཟབ་པར་བྱའོ། །གཞན་གོང་དང་མཐུན། ཀླད་པ་དམའ་ན་ཟས་བསྟོད། མཐོ་ན་ཟས་སྨད། ཀླད་པའི་སྤྲི་བཙན་ནས་སྤྲི་དང་ཀླད་པའི་བར་ན་རྣག་ཞུགས་ན་མདོག་སེར་པོར་འོང༌། རྣག་གི་མེ་ཏོག་དཀར་པོ་བྱུང་ན་འཇབ་རྩེས་སྤྲི་བཟུང་ལ། གཙག་བུའི་སོ་ཡར་བསྟན་ལ་བརྟོལ་ལོ། །ལྷ་འཐེམས་བཅོས་པའི་ཐབས་ལ། ཞག་ལྔའམ་དྲུག་ཚུན་ཆད་རྨ་ཆེ་ཆུང་དང་སྦྱར་ལ་ཤ་དྲ། རུས་པ་བརྡར། སུམ་གཉིས་ཡར་བླང༌། ལྷ་བ་འཐེམས་པ་ཡུན་རིང་ནས་ས་བཅད་པའི་ཤུལ་འདྲ་ན་མགོ་ལ་གཏུགས། མགོ་ཆག་ན་བྱི་ཚེ་མིག་མང་དུ་དབུག མཐོངས་བརྟོལ་ལ་བཅོས། དེ་ཡང་སྟེང་བླངས་ནས་འོག་སྲབ་མོར་བརྡར་ཙམ་ན་རྒྱ་བར་སྨུག་ལམ་མེ་འདུག་ན་བྱི་ཚེ་མིག་དབུག་མི་དགོས། ཁ་དོག་ནག་པོའམ། སེར་པོར་འདུག་ན་དབུག དེ་ནས་རྣག་ཆུ་གདོན་ཏེ། ཆུ་སེར་ནག་ལ་མང་བའམ། གཅོད་སྡོམ་བྱེད་པ་རྣམས་ནི་ཐོན་ཚད་ཀྱིས་འདོན་ཏོ། །ལྷ་བའི་གསོན་ཁྲག་ནི་ཐམས་ཅད་ལ་སྙོམས་པར་འདུག་པ་དང༌། དམར་ལ་དངས་པ་དང༌། ཞག་སྲོ་མ་ཙམ་ཙིག་ཙིག་འདུག་ན་ཡིན། གཟེར་རྩའི་ཁྲག་ནི་དམར་ལ་མིག་རྡོལ་བ་ལྟར་འོང༌། དམར་ལ་འཁྱིལ་བ་དང༌། ནག་ལ་རླངས་པ་ཅན་དུ་འོང༌། ཙིད་ཙིད་པ་ནི་གཅོད་སྡོམ་ཅན་ཡིན། དེ་ཡང་སྐམ་པའི་ཕྱོགས་སུ་བརྡར། རྨའི་ཁ་ཤ་ཞ་བའི་ངོས་སུ་ཁྲག་གསོན་པོ་དང་སྤྲད། གཞན་གོང་དང་འདྲ། ལྷ་བ་སྐམ་ན་ཁོང་དུ་ཆང་བཏང༌། རྨ་ཁ་རློན་ན་ལུམས་སུ་གཞུག ཚིལ་ལམ་པགས་པས་གཏུམས། ཞག་དགུ་ལོན་ནས་ལྷ་བ་ཁྱེར་ཞེས་བྱ་སྟེ། བཙན་ཁྲག་གིས་ལྷ་བ་ཕྱིར་འཕུལ་ནས་མི་སོས་སོ། །བརྡར་ཙམ་ན་ལྷ་མིག་ནས་རྣག་སིབ་སིབ་འདུག་ན་མི་སོས་སོ། །ལྷ་མིག་གི་ཆུ་སེར་རྣག་ཏུ་སོང་ན་མི་སོས་སོ། །ལྷ་མིག་ནས་རྣག་ཏིལ་འབྲུ་ཙམ་འབྱུང་བ་མི་སོས་སོ། །ལྷ་མིག་སྔོ་ལ་བརྡར་ཙམ་ན་སྐམ་ཕྲུལ་ཕྲུལ་འདུག་ན་སྐམ་བྱེར་ཡིན་པས་འཆི། རྨ་ཁ་སྐམ་ན་འཆི། རྩ་ཤེད་ཆུང་ལ་མྱུར་ན་འཆི། དབང་པོ་ཡུལ་ལོག་པར་འཛིན་ཅིང་བླ་འཆོལ་སྨྲ་ན་འཆི། སྐྱུགས་པ་དང༌། སྨྱོ་བ་དང༌། བླ་བ་དང༌། འབོགས་ན་འཆི། དེས་ན་ལྷ་བ་འཐེམས་པ་མྱུར་དུ་བཅོས་དགོས་སོ། །འོན་ཀྱང་སྐམ་བྱེར་ལ་ཚིགས་པ་གསུམ་པ་བསྲེག སྙིང་ཞོ་ཤའི་ཐང་བཏང་ངོ༌། །གཤེར་བྱེར་ལ་ཕུར་མོའི་ལོ་མའི་ཐལ་བ། བ་བླ། ལྡོང་རོས། མྱང་རྩི་སྤྲས་ཀྱིས་ལྷ་བ་སྐེམས། ཤ་གསར་ཚོ་ཁུ་གཏང་ངོ༌། །ཀླད་པ་གསོ་བའི་ཐབས་ལ། རུས་པའི་གམ་གཏིབ་པས་རུས་འཛེར་གྱིས་སྤྲི་བཙན་ནས་བར་དུ་རྣག་ཞུགས་པ་ཡོད། རུས་འཛེར་ཕྱུང་བའི་རྗེས་ལ་སྤྲི་སྔོན་པོ་འབྱུང་བ་ཡང་ཡོད་དེ། དེ་ལ་ག་པུར། གུར་གུམ། འདམ་བུ་སྦྱར་ལ་གདབ། སྤྲི་དང་ཀླད་པའི་བར་གྱི་རྣག་བརྟོལ། དེ་ནས་ནག་པོ། དམར་པོ། སྔོན་པོ། མང་པོས་འཁྲུགས་ན་ཤའུ་དམར་པོ་སྲེག་གེ་འདུག་ན་ཉེན་མེད། སྤྲི་རལ་ན་དར་ཡ་ཀན་དང་བཅས་འབྱོར། དོམ་མཁྲིས། འོམ་བུའི་བར་ཤུན་གྱི་འདམ་རྣམས་གཏང༌། ཀླད་པ་འཛག་ན་མུ་ཏིག་དང་དོམ་མཁྲིས། ཁྱེའུས་འཐུངས་པའི་ནུ་ཞོ་དང་སྦྱར་ལ། འཐེམས་སུ་སྟག་ཤ་བསྐུས་ལ་གཏང༌། དེས་ཆད་དོ། །ཀླད་པ་ཚོ་སྦོས་ནི། རྩེ་ཆུང་དང་ཕྱི་ཡུལ་ཚ། ཟུག་གཟེར་ཆེ་ལ་དང་ག་མི་བདེ། རྨ་ཆེ་ལ་རྣག་མང༌། དེ་ལ་ཉ་ར་འབད། རུས་པ་ཉམས་བསྐྱུང་ངོ༌། །གྲང་སྦོས་ནི་ཕྱི་ཡུལ་ལ་སོགས་པ་གྲང་བའོ། །དེ་ནི་གྲང་རླུང་སྐྱེས་པ་ལས་འབྱུང་ངོ༌། །ཤའུ་རྨེན་པའི་ཐབས་སུ་པྲོག་པྲོག་པོས་སྐྱེས་ན་མནན་པས་ཀྱང་མ་ནོན་ན་འཁར་བའི་ཐུར་མས་བསྲེག རྩེ་མོ་སྐྱ་ཁྱི་ལེ་བྱས་ནས། ཆུ་འཇིགས་པ་འོང་སྟེ། མནན་པས་མ་ནོན་ན་ར་གན་ནམ། ལྕང་མས་བསྲེག བསྲེགས་པས་དེ་རྣམས་ཉོལ་ཉོལ་པོར་འགྲོ་སྟེ། འོག་ནས་ཤའུ་གཤའ་མ་སྐྱེའོ། །དཔྱད་བཅོས་བྱ་རུ་མི་རུང༌། ཀླད་པ་གཏིབ་ན་གླུམ་གྱི་ཉེའུ་གཏང༌། ཤ་གསར་ཆང་གསར་གཏང༌། རྩ་ཆོད་པ་ལ་གང་དུ་མེ་བཙའ་གདབ། ཁྲག་མ་ཆོད་ན་སྤྲ་བས་བསྲེགས་པས་ཆོད། སྤྱི་གཙུག་ནས་མཚོག་མའི་ངོས་སུ་མཚོན་གང་བཅལ་བ་ན་རྩ་གཅིག་ཡོད་དེ། དེ་ཆོད་ན་སྤྱི་གཙུག་ནས་མཚོག་མའི་བར་ཐམས་ཅད་ཚ་ལམ་ལམ་འོང་བས། དེ་ལ་སྤྱི་གཙུག་ཏུ་སྤྲ་བ་གསུམ་བཞག སྤྲུ་བའི་རྩ་བའམ། གྲོ་གའི་རྩ་བའམ། ཟ་འོག་གི་གཞོབ་ཀྱི་ཐལ་བས་བཅད། ཕྱི་འཐེམས་ཀྱིས་མནན། རྩའི་གོང་འོག་ཏུ་མེ་བཙའ་གདབ། རྣ་བའི་མདུན་རྒྱབ་ཀྱི་རྩ་སྒོར་སྣད་ན་རྩེ་ཆུང་གདབ། ཞུ་མཁན་དང་འོམ་བུའི་དུགས་ཀྱིས་རྩའི་ཚ་བ་འདོན། རྨའི་ཐོ་ཕྱི་གཟེར་ཞིང་རྩ་འཕར་ན་གཏར་ག་བྱས་པས་ཕན་ནོ། །ཡང་ན་བསྲེགས་ན་ཕན་ནོ། །ལྷ་བའི་རྩའི་འོད་དང༌། སེར་ཁའི་འོད་ནོར་ཉེན་ཡོད་དེ། ལྷ་རྩའི་འོད་ནི་སྨུག སེར་ཁའི་འོད་ནི་གནག་པར་འོང༌། རྩ་ཆོད་ན་གསེར་གྱིས་བསྲོས་ལ་དོམ་མཁྲིས་རྩ་ཁར་གདབ། གཟེར་རྩ་ཆོད་ནས་ཁྲག་ཆུ་མིག་ལྟ་བུར་བྱུང་ན་ཞག་གཉིས་སམ་གསུམ་ན་ལྷ་བ་སྔོ་སོབ་སོབ་ཏུ་སོང་ནས་འཆིའོ། །རྒྱ་རྩ་ཞེས་བྱ་བ་མཚོག་མ་ནས་ལྟག་ཁུང་ཐུག་པ་རྩ་སྦོམ་པོ་ཅིག་ཡོད། རྣ་བའི་མདུན་རྒྱབ་གཉིས་ན་དཔག་བསམ་གྱི་ལྗོན་ཤིང་བཞི་ཡོད། སྤྱི་བོ་ནས་ཡར་ལག་པའི་སོར་མོ་བཀྲམ་པ་བཞིན་ཡོད། དཔྲལ་བའི་ཟུར་གཉིས་ན་ཡར་རྩ་འགྲེང་བུ་གཉིས་ཡོད་དེ། དེ་ཆད་ན་བཅོས་ཐབས་མེད་དེ་འཆི། བཙན་པ་སྨན་གྱིས་གསོའོ། །རྨ་ཐོག་ཏུ་རྡོ་ཕོག་པ་དང༌། མཐོངས་ཀ་མཁྲང་པའམ། རེ་བཞིའམ། ཀ་གདུང་ལ་བརྡབས་ནས་ཀླད་པའི་མཚོ་འཁྲུགས་ཏེ་གདོང་བ་ལྕི་ལ་མིག་རི་བོང་རྫིས་ནོན་པ་འདྲ་ལ། སྐྱུགས་ཤིང་ཅོལ་འཁྲུལ་མང་ན་རྩེའུ་ཆུང་གཡས་གཡོན་གཏང༌། སྤྱི་བོའི་གཙུག་ཏུ་གསང་དབྱེ། སྐྲ་བྲེགས་ལ་སྤོད་སྣ་ཚོགས་དང༌། སྤང་སྤོས་དང་མར་དང་སྦྱར་ལ་མགོ་ཁྱབ་པར་བྱུགས། གྲ་ཕྱིང་ལ་འབོ་ལ་ལོག་བཞིན་བྱས་ལ། ཁྲམ་ཤར་བྱས་ཏེ་སྐྱུར་ལ་ཕབ་ལ་གླན། ཞག་བདུན་དར་དང་མེན་ཏྲིས་རྒྱ་ཆིངས་བྱ། དེའི་སྟེང་དུ་བླང་འབྲེང་དང་སོག་མིག་གིས་རྒྱ་ཆིངས་བྱ། སྒོ་བཞིར་ཕུར་བུས་བསྣོལ་ལ་བརྡེགས། ཞག་བདུན་མི་བཀྲོལ་པར་བཞག རྒྱ་སྲུབས་སུ་མར་དང་ཚིལ་བུ་བཞུ་བས་ཞུན་བྱ། གླ་སྒང་གི་ཕྱེ་མ་གདབ། སྤོས་ཀྱི་ཕྱེ་མ་དང་མར་དང་ཚིལ་བུ་སྦྱར་ལ་བྱུགས། རེ་བལ་གྱི་འདབ་མ་ཁྱེའུ་ནུ་ཞོ་འཐུངས་པའི་ཆུས་དྲོད་ཕབ་ལ། དེའི་སྟེང་དུ་ཕྱིང་བུ་དྲོད་ཕབ་ལ་དགབ། དེ་ནས་པགས་བུ་དྲོད་ཕབ་ལ་དགབ། དེ་ནས་འཇག་གིས་དཀྲི། ཤ་འཐེམས་དང་རུས་འཐེམས་དང་ལུང་འབུར་རྣམས་ཟླ་བ་གཅིག་གིས་སངས་བ་སྲིད། ན་ཚ་ཆུང་ན་ཐུབ་པ་ཡིན། ཟུག་གཟེར་ཆེ་ན་གས་སྣ་དང་རྩའི་ཡར་སྣ་མར་སྣར་མེ་བཙའ་བྱ། གཙག་ཁ་བསྟན་དུ་མི་རུང༌། པགས་པ་མ་རལ་བ་ལ་ཡོན་ཏན་གསུམ་ཡོད་དེ། ཤའི་དབུགས་མི་འཆོར་བའི་ཡོན་ཏན་དང༌། ཁྲག་མ་ཤོར་བས་རུས་པ་ལ་ཁྲག་མི་འཆོར་བའི་ཡོན་ཏན་དང༌། རུས་པ་དང་པགས་པའི་དབུགས་མ་ཤོར་བས་ཤ་དང་ཁྲག་འཚོ། ཁྲག་གིས་རུས་པ་འཚོ། དྲོད་ཀྱིས་བཅོས་པས་ཁྲག་དང་ཆུ་སེར་སྐམ་སྟེ་རང་སྐམ་དུ་གར་སོང་ཆ་མེད་པར་འགྲོའོ། །ཞག་གསུམ་བཞི་ན་ཁ་ཟས་ཡེན་ལ་གཏད། དེ་ནས་ཤ་ཆང་སྤྲུགས་མ་གཏང༌། ཚ་བ་ཆེ་ན་བསིལ་དྲོད་ཁྱེའུར་གཏང༌། ལྟོ་ཚས་ན་རྣག་ཏུ་འགྲོ་ཉེན་ཆེ། མེར་མེར་བོར་འོང་སྟེ་བརྟོལ་དུ་མི་རུང་ངོ༌། །བྱས་པའི་མགོ་ཆག་པ་བཅོས་པ་ནི། བྱིས་པ་ནུ་ཞོ་འཐུང་པ་མན་ཆད་བརྡར་དུ་མི་རུང༌། སྤྱིར་ཡང་བྱིས་པ་ལ་དྲ་བ་དང་བྲུད་པ་འཚམ་པར་བྱ། རུས་པ་སོ་རྩིགས་སུ་སོང་ན་འཇམ་བཅོས་བྱ། ཞོམ་པ་དང༌། གས་པ་དང༌། ལྷ་བ་འཐེམས་ན་ཤོ་རེ་བྱས་ལ་རུས་པ་བརྡར། ཀླད་འཐེམས་ཤེས་པར་བྱས་ལ། དེ་ནས་དྲོད་ཀྱིས་བཅོས། དར་དམར་པོ་དང་པགས་པུས་དཀྲི། དྲོད་ཀྱིས་བཅོས། ད་ནི་རྨ་ལྷོག་པའི་རྟགས་བསྟན་ཏེ། གཡལ་མང་བ་དང༌། ལྟག་མིག་བལྟ་བ་དང༌། སྐབས་སུ་སྐྱིགས་བུ་འབྱུང་ཞིང་ཡེད་ཡེད་པོ་བྱས་པ་དང༌། བྱ་རྨྱང་བྱེད་སྙིང་འདོད་པ་དང༌། བྱད་སེར་བ་དང༌། མིག་སྤྲིན་སེར་ན་ཀླད་པའི་སྟེང་ན་རྣག་ཡོད། ཙག་ཙག་བྱེད་ན་ལྷ་བ་འབྲོས། གྲང་སིབ་སིབ་དང་བྲིང་བྲིང་བྱེད་ན་ལྷ་བ་འབྲོས། འདར་བ་དང་ལུས་གྲང་སིབ་སིབ་འདུག་ན་ཡང་ལྷ་བ་འབྲོས། ཁ་ཁ་ལ་སྐོམ་དད་ཆེ་ན་ཡང་ལྡོག ཟུག་གཟེར་ཆེ་ལ་མཆུ་དམར་ན་ཡང་ལྡོག ཟས་ཡི་གར་མི་འོང་ན་ལྡོག འདོད་ཆགས་སྤྱད་ན་ལྡོག ཞག་བཅུ་གསུམ་ལོན་ནས་ལྡོག་པ་ཉུང་སྟེ། ཇི་སྲིད་ལོག་ཀྱང་གསོ་རུ་རུང་ངོ༌། །མཐེབ་སྐོར་བྱས་པས་མི་བཟོད་པའི་སན་སྐྱོན་ཡོད། རྣག་རྩ་དམར་བ་དང༌། སེར་བ་དང༌། སྔོ་བ་དང༌། སླ་བ་དང༌། དྲི་མི་ཞིམ་པ་དང༌། གཤིན་དྲི་ཆགས་ན་ངན། རྣག་དཀར་ལ་འཇམ་ན་བཟང༌། ནད་པ་ན་ཚ་ཆུང་ན་བཟང༌། རོ་རྒྱབ་གཟེར་བ་དང༌། བཤུལ་ཤ་ན་བ་དང༌། ཚིགས་གཞི་ན་བ་དང༌། ཕོ་ཁ་འཁོར་བ་དང༌། མཁྲིས་པ་སྐྱུགས་ན་འཆི། ལོག་ན་བཅོས་པའི་ཐབས་ལ། སྐྱོན་གང་བྱུང་བའི་ངོས་སུ་ཤ་དྲ། རུས་པ་ཡང་བརྡར། རྩ་མིག་གི་ཆུ་སེར་ཡང་གདོན། རྣག་ཆུ་གང་ནས་འོང་བའི་ངོས་ནས་རྣག་བཙགས། ལྷ་མིག་སྟོང་པ་སྦ་བཅད་པ་འདྲ་ན་དེའི་ལྷ་བ་དེད་ལ་ཁོང་ནས་ཆང་དང་ཤ་གསར་གྱིས་བུད། སློ་དང་སྦང་མ་བསྲེས་པའི་ལུམས་བྱ། དྲོད་ཚིལ་དང་པགས་པས་གཏུམས། རྣག་ཁུར་མ་ཆད་པ་འདྲ་ན་ནི་ས་ཅིག་ན་མེད་པར་ཅོལ་ལེ་བ་སྟེ་ཕལ་ཆེར་འཆི། ལྷ་མིག་སྔོ་སིབ་སིབ་སོང་ན་ཡང་འཆི། ལྷ་མིག་ནས་རྣག་ཏིལ་འབྲུ་ཙམ་སྔོ་ཙིག་ཙིག་བྱུང་ན་འཆི། ཤའུ་མགོ་ཆེ་ཞག་གཅིག་གཉིས་ན་སྐྱེ་ན་ཚ་བའི་བད་ཅེས་བྱ་སྟེ་བརྡར་དགོས་སོ། །ཀླད་པའི་རྒྱ་ཐོག་ཏུ་རྣག་ལྷུང་བ་ནི་ཆག་སྟེ་སྲུབས་ཞིག་པ་དང༌། རུས་པ་ཆགས་པ་མ་ཚོར་བ་ལས་འབྱུང་སྟེ། ནད་པ་ཁོང་ལྕི་ལ་དང་ག་མི་བདེ། གྲང་ཤུམ་དང་སྟོང་སྐྱུགས་བྱེད། རྐང་ལག་བཤལ་ནས་མིག་སེར་ན་ཀླད་པའི་རྒྱ་ཐོག་ཏུ་རྣག་ལྷུང་བ་ཡིན་པས་རྒྱ་བསྐྱེད་ལ་ཤ་དྲ། རུས་པ་བརྡར། འོག་གི་གདན་ལ་ཐུག་ཙམ་ན་གཟབས་ལ་སྲབ་མོར་བརྡར། དེ་ནས་རྣག་གི་འོད་བལྟ་བ་སྟེ། ལུ་གུ་ཉལ་བ་ལྟར་སྐྱ་ཁྱིལ་ལེ་འདུག་ན་རྣག་གི་འོད་ཡིན། དེའི་ཐོག་ཏུ་བརྟོལ་བས་ཆོག རྨ་རྩི་གོང་དང་འདྲ། ཡང་གཡས་ལྟ་བུ་ལ་ཕོག་པ་ན་གཡོན་ཆག་པ་ཡང་འོང་སྟེ། དེའི་ཐད་ཀར་རྟག་ཏུ་ན་རུ་འོང༌། འབུར་གྱིས་བྱུང་ན་ཆག་པ་ཡིན་པས་དྲས་ལ་བརྡར། ཐང་དང་བྱི་ཚེ་མིག་ཚོད་དང་སྦྱར་རོ། །ཀླད་པ་ཚ་སྦོས་ཆེན་པོ་ནི་ཉེན་ཆེ་སྟེ། རྩེའུ་ཆུང་ལ་ཁྲག་ལྕོགས་ཚད་དབྱུང་ངོ༌། །དེ་ལ་སྨན་དང་ཁ་ཟས་དྲོད་ཅན་སྦྱར་ན་འཆི། ལྷ་བ་སྐམ་བྲོས་ལ་སྨན་དང་ཁ་ཟས་བསིལ་དུ་བཏང་ན་འཆི། བཅོས་ཀྱང་སྐྱེད་མེད་པའི་ནད་པ་སྤང༌། ཁ་ཤ་ཞ་བའི་བཅོས་ཐབས་ལ་སྤོད་སྣ་ཚོགས་དང༌། གླ་སྒང་དང༌། སྤང་སྤོས་མར་དང་ཞོ་སྦྱར་ལ་ལུམས་དང་དུགས་བྱ། གཏིང་སྐྱོན་ཆེ་བས་འཕྲལ་དུ་འཆི་བར་བཤད་དོ། །རྨ་ཁ་སྐམ་ལ་ལྷ་བ་བྱེར་བ་རྣག་ཆུ་གཏིང་དུ་སོང་བའི་རྟགས་ཡིན། ཡང་ན་སྐམ་བྱེར་དུ་འགྲོ་བ་ཡིན་ཏེ་ཕལ་ཆེར་འཆིའོ། །རྩ་བྱེར་ལ་གང་དུ་བྱུང་བར་གཏར་སྲེག་དང་བསིལ་དྲོད་ཀྱི་དུགས་སྣ་ཚོགས་བྱའོ། །རྡུལ་འདོན་ནི། ད་ནི་རྩ་ཟིལ་གྱིས་མནན་པའི་ཐབས་ལ། སྤྱི་བོའི་གནམ་རྟེན་དང༌། དཔྲལ་བའི་འཛུམ་རྟེན་དང༌། རྣ་ལྟག་གཡས་གཡོན་ན་རེ་རེ། ལྟག་པའི་ཆུ་མགོ་གཉིས། དེ་རྣམས་བྱར་རམ་སོ་མིག་མ་ཚོར་བའམ། བཅོས་མ་ལེགས་ན་གནམ་རྟེན་ཤོར་ན་ཨ་ཝ་དྷཱུ་ཏཱི་ཞེས་བྱ་སྟེ། སྲོག་རྩ་དང་རྒྱུ་མ་ལ་འབབ་བོ། །རྣ་ལྟག་གི་རྩ་གཉིས་ཤོར་ནས་བཤུལ་ཤ་ལ་འབབ་བས་བཤུལ་ཤ་རེངས་པས་ལྟག་པ་དགྱེ་བོར་འགྲོ། འཛུམ་རྟེན་ཤོར་ན་གློ་བ་ལ་འབབ། རྣ་བའི་མདུན་ངོས་ཀྱི་རྩ་གཉིས་ཤོར་ན་ཕོ་མཆིན་ལ་འབབ། ལྟག་པའི་ཆུ་མགོའི་རྩ་གཉིས་ཤོར་ན་རྐང་པ་ལ་འབབ་པས་གཟབས་ལ་བཅོས། མ་གཟབས་པ་རྣམས་ལ་རྩ་གཉེན་པོ་རྣམས་ཀླུ་དྲག་པོ་དང་འདྲའོ། །ད་ནི་ཤའི་རྩ་ཟིལ་གྱིས་མནན་ཏེ། ཤ་རྩ་ཆེན་པོ་ལ་མཚོན་ཕོག་པའམ། ཤ་རུས་པས་ཆོད་ནས་ཁྲག་མ་ཆོད་ན་ཕྱིང་བསྲབ་མཁྲེགས་ཀྱིས་ཕྱིང་ཐེམ་བྱ། དེའི་སྟེང་དུ་དར་འཇག་གིས་རྒྱ་ཆིངས་བྱ། རྩ་འོལ་ཁ་བསྒྱུར། ཕྱིས་མེ་བཙས་བསྲུང་ངོ༌། །རུས་པའི་རྩ་ཟིལ་གྱིས་མནན་པ་ནི། ཁྲག་གསོན་གཤིན་སྤྲོད། ཀླད་པ་ཟིལ་གྱིས་མནན་པ་ནི། རྣ་བའི་ཕྱི་ནང་ན་དཔག་བསམ་གྱི་ཡལ་ག་བཞི་ཡོད་པས་དེ་ལ་རྩེའུ་ཆུང་གཡས་གཡོན་གཏར་པས་ཐུར་དུ་འབྲོས་མི་ནུས་སོ། །ཀླད་པ་དང་རུས་པའི་བར་གྱི་ཆུ་སེར་ཐོན་ནས་རྩ་ཡང་འབྲོས་མི་ནུས་སོ། །སྨན་དང་ཟས་ཀྱིས་ཁོང་ནས་བུས་པས་རྣག་དང་ཆུ་སེར་གྱེན་ལ་རྒྱུག་ཅིང་རྨ་གཤེར་བར་འགྱུར། ཟས་ཀྱི་བྱེ་བྲག་གིས་ཚ་གྲང་ཆ་མཉམ། གཟེར་རྩ་ཟིལ་གྱིས་མནན་པ་ནི་རྩའི་མཐའ་མ་བསྐོར་ཏེ་དབུས་ལྟེ་བར་བཞག བཙན་ན་གསེར་གྱི་ཏེལ་པས་བསྲེག ཁོང་ནས་ཟས་དང་སྨན་གྱིས་བུད་དོ། །མན་ངག་འདི་ནི་བྱམས་པ་དང་སྙིང་རྗེ་སྔོན་དུ་སོང་བས་བཅོས། དེ་ལྟ་མ་ཡིན་པའི་སྨན་པ་ནི་གཤིན་རྗེའི་ལག་པ་ན་མཚོན་ཐོགས་པ་དང་འདྲ་སྟེ། མི་ན་བ་ན་བར་བྱེད། ན་བ་འཆི་བར་བྱེད་པས་སྨན་མཁན་བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་ལྡན་པས་བྱའོ། །མན་ངག་འདི་ནི་མེ་ཏོག་གི་ནང་ནས་སྦྲང་རྩི་དང་འདྲའོ། །གསོ་དཔྱད་བདུད་རྩིའི་ཐིགས་པ་ལས་མགོ་དཔྱད་པདྨ་དྲི་མེད་ཅེས་བྱ་བའི་ལེའུ་རྫོགས་སོ།།  །།འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་མན་ངག་འདི་ལས་འཕྲོས་པའི་མགོ་དཔྱད་ལ་མིང་འདོགས་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང༌། ངོ་བོ་འདི་ལས་མེད་གསུངས་སོ། །མཁས་ཤིང་གྲུབ་པ་བརྙེས་པའི་བྱང་ཆུབ་སེམས་དཔའ་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་གསོ་བ་རིག་པའི་གཙུག་ལག་ནས་བྱུང་བའི་སྨན་སྦྱོར་དང༌། རྒྱུད་སྡེ་ཟབ་མོ་རྣམས་ནས་བཤད་པའི་སྔགས་དང༌། རྫས་ཀྱི་སྒོ་ནས་རང་དང་གཞན་རྗེས་སུ་གཟུང་བའི་ཐབས་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ལས་ཐོས་ཤིང་ཕྱག་ལེན་དུ་མཛད་པ་རྣམས་གདུལ་བྱ་མན་ངག་གིས་དབེན་པ་རྣམས་ཀྱི་དོན་དུ་ཕྱོགས་གཅིག་ཏུ་བསྡེབས་ནས། གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ཅེས་མཚན་དུ་གསོལ་བ་འདི་ཡོངས་སུ་རྫོགས་སོ།།  །།འདིས་སེམས་ཅན་རྣམས་ལ་ཕན་པ་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*